༢༠༢༤ལོའི་ནོ་བྷེལ་རྩོམ་རིག་བྱ་དགའ་ཐོབ་མཁན་ཧཱན་ཁཱང་གི་སྙན་ངག་བོད་འགྱུར་ཁག་དྲུག
ཧཱན་ཁཱང་། 한강(དབྱིན་ཡིག་གི་མིང་།:Han Kang རྒྱ་ཡིག་མིང་།:韩江) 1970ལོར་སྐྱེས། ལྷོ་ཁོ་རེ་ཡའི་མིང་དུ་གྲགས་པའི་བུད་མེད་རྩོམ་པ་པོ་དང་སྙན་ངག་པ། 2024ལོའི་ནོ་བྷེལ་རྩོམ་རིག་བྱ་དགའ་ཐོབ། བརྩམས་ཆོས་ལ་བརྩམས་སྒྲུང་རིང་མོ་《དཀར་ཟས་རིང་ལུགས་པ།》དང་སྙན་དེབ་《མཚན་མོ་འཐེན་སྒམ་དུ་བཅུག་ཡོད》སོགས་མང་པོ་ཡོད།

སྙན་ངག་པའི་སྐད་ཆ།
མཚན་མོ་རེ་འགའ་དྭངས་གསལ་དུ་ཆགས
(ཞོགས་པ་ཁ་ཤས་དང་མཚུངས་པར)
མེ་དཔུང་གི་འཇིངས་སུ
སྒོར་སྒོར་དུ་ཕྱིན་པའི་ལྷིང་འཇགས་ཤིག་འདུག
གཤོག་པ།
ངས་མྱུར་འགྲོས་གཞུང་ལམ་དེའི་ཨང་རྟགས་མ་ངེས
ལོ་ཝ་(Iowa)ཁུལ་ནས་ཆེ་ཁཱ་རྒོ་(Chicago)གྲོང་ཁྱེར་བར་གྱི
ལམ་ཆེན་ཞིག་གི་མུ་འགྲམ་དུ
བྱ་ཞིག་ཚེ་འཕོས་སོང
རླུང་བུ་གཡུག་གིན
རླངས་འཁོར་ཆེན་པོས་འབྲུག་ལྡིར་བ་བཞིན་གྱི་སྒྲ་དུང་བཏང་ནས་སྐྱོད་ཚེ
འདབ་ལོ་ལྟ་བུའི་གཤོག་པ་ལྷིང་འཇགས་ཀྱིས་འགུལ་འགུལ་བྱེད་ཀྱིན
ད་དུང་དབྱིན་ལེ་བཅུ་ཙམ་སོང་རྗེས
ང་རང་སྡོད་སའི་སྤྱི་སྤྱོད་རླངས་འཁོར་འདི་གཞི་ནས་ཆར་པས་བངས
གཤོག་པ་དེའང་རློན་པ་ཆགས་ཚར
ཉི་ནུབ་ཀྱི་རང་བཞིན་བརྗོད་པ།
ཁོང་མོས་མིག་གིས་ཅེ་རེར་ལྟ་བཞིན
ཤི་ཟིན་པའི་ལྗོན་ནག་དེར་ཡང་ལོ་འདབ་རྒྱས་པར་བློ་དོགས་སྐྱེས
མིག་གིས་ཅེ་རེར་ལྟ་དུས མཚན་མོ་སླེབས་བྱུང
ལྗང་སྐྱའི་མདངས་ཀྱི་མིག་ཟུང་དུ་ཁྲག་འབབ་ཅིང
ལྕེའི་དབང་པོ་སྨག་མུན་གྱིས་བསྣུབས
ཕྱིས་ཟིན་པའི་འོད་སྣང
དྭངས་གསལ་དུ་གཤགས་པའི་གྲི་རྗེས
(གསོན་པའི་ཕྱིར་ན)
ལག་པ་འདི་གང་དེའི་རྩ་བའི་ཕྱོགས་སུ་བསྲིངས
མཱར་ཁོ་•ལོའུ་སི་ཁེའེ་དང་ང་། ——— ཟླ་གཉིས་པའི་འཆི་བ།
སྔོན་ཚུད་ནས་གསལ་བཤད་དགོས་དོན་མེད་དེ
མཱར་ཁོ་•ལོའུ་སི་ཁེའེ་དང་ང་གཉིས་བར་འབྲེལ་བ་སྤུ་ཙམ་མེད
ཁོ་རང་ནི་༡༩༠༣ལོའི་ཟླ་བ་༩པའི་ཚེས་༢༥ཉིན་སྐྱེས་ཤིང
༡༩༧༠ལོའི་ཟླ་བ་༢པའི་ཚེས་༢༧ཉིན་འཆི་བ་རེད
ང་ནི་ད་དུང་འཚོ་སྡོད་བྱེད་ཡོད
དེ་ལྟར་ནའང
སྐབས་འགར་ཁོ་རང་ཤི་བ་དང་ང་སྐྱེས་པའི་བར་བརྒྱུད་པའི
ཟླ་བ་དགུ་ཙམ་གྱི་དུས་ཚོད་དེ་དྲན་ཡོང
ཁོ་རང་ལས་སྒྲུབ་ཁང་ཟུར་གྱི་ཐབ་ཚང་དུ
གྲི་ཡིས་ལག་པ་གཉིས་ཀྱི་མཁྲིག་མ་གཅོད་པའི་ཞོགས་པ་དེའི
སྔོན་རྗེས་ཀྱི་ཉིན་མོ་འགའ་ཞིག་ལ
ངའི་ཕ་མའི་དབར་བརྩེ་དགའ་འཕེལ་སྟེ
ཡུན་རིང་མ་འགོར་བར
ཏིལ་འབྲུ་ཙམ་གྱི་ཚེ་སྲོག་ཆུང་ཆུང་ཞིག
དྲོད་ཁོལ་ལྡན་པའི་མངལ་སྣོད་དུ་གོང་བུར་འཁེངས
དགུན་གཞུང་དུས་ཚིགས་ཀྱི་ནིའུ་ཡོའི་དུར་ས་རུ
ཁོ་རང་གི་བེམ་ལུས་ད་དུང་རུལ་མྱགས་སུ་མ་གྱུར་པའི་དུས་དེར
དོན་འདི་ཡ་མཚན་རྒྱུ་མི་འདུག་སྟེ
འུ་ཐུག་པ་དང་སེམས་སྐྱོ་དགོས་པ་ཞིག་རེད
སྐབས་དེར་ངའི་སྙིང་ནི་ད་དུང་འཕར་གྱི་མེད
ཏིལ་འབྲུ་ཙམ་ལས་མེད་དེ
སྐད་ཡིག་ཤེས་ཀྱི་མེད
འོད་སྣང་ཤེས་ཀྱི་མེད
ངུ་ཡང་ཤེས་ཀྱི་མེད
དམར་སྐྱའི་མདངས་ཀྱི་མངལ་སྣོད་དུ
འཆི་བ་དང་ཚེ་སྲོག་གི་བར་ན
གས་སྲུབས་ལྟ་བུའི་ཟླ་གཉིས་པ
རྒྱུན་སྐྱོངས་ཤིག ད་དུང་རྒྱུན་སྐྱོངས་ཤིག
མཐའ་མར་རྨ་ཁ་ཟུམ་ལ་ཉེ་བའི་དུས་དེར
གངས་འཁྱགས་ཕྱེད་ཙམ་ཞུ་ཟིན
དེ་བས་ཀྱང་འཁྱགས་པ་ནི་ས་འདམ་དུ་ལུས
ཁོ་རང་གི་ལག་པ་ད་དུང་རུལ་མྱགས་སུ་མ་གྱུར་པའི་དུས་དེར
ནམ་ལངས་ཁར་མཉན་པའི་གླུ།
དཔྱིད་དཔལ་དང
ཁྱབ་བདལ་གྱི་སྨག་རུམ
བར་གསེང་དེ་ནས
ཕྱེད་ཙམ་འཕོ་ཟིན་པའི་རྣམ་ཤེས་ཉིད
ཕྱིར་འཕྲོས་བྱུང
ངས་མཆུ་གཉིས་དམ་པོར་གཟུམ
སོས་ཀ་ནི་སོས་ཀ་རང་ཡིན་ལ
དབུགས་རྒྱུན་ནི་དབུགས་རྒྱུན་རང་ཡིན
རྣམ་ཤེས་ཉིད་ཀྱང་རྣམ་ཤེས་རང་ཡིན
ངས་མཆུ་གཉིས་དམ་པོར་གཟུམ
ཁྱབ་བདལ་གྱི་ཚད་དེ་གང་ཙམ་སླེབས་དགོས
ཐིམ་རིམ་གྱི་ཚད་དེའང་གང་ཙམ་སླེབས་དགོས
གལ་ཏེ་བར་གསེང་ཁ་འགྲིག་སྟེ
མཆུ་གཉིས་འབྱེད་དགོས་ཙ་ན
གལ་ཏེ་ལྕེ་རྩེ་ཞུ་བར་གྱུར་ཏེ
མཆུ་སྒྲོས་འབྱེད་དགོས་ཙ་ན
སླར་ཡང
དུས་འདིར་སླར་ཡང
རྡོ་བ་སྔོན་པོ།
མི་ལོ་བཅུའི་སྔོན་ལ་རྨི་ལམ་དུ་མཐོང་བའི
རྡོ་བ་སྔོན་པོ
ད་དུང་ཆུ་ཕྲན་དེའི་གཏིང་དུ་ཨེ་ཡོད
ང་རང་ནི་ཤི་འཕོས་ཏེ
འཕོས་རྗེས་དཔྱིད་དཔལ་གྱི་ཆུ་ངོགས་སུ་རྒྱུ
ཨ ཤི་ན་ཅི་འདྲའི་བཟང
གསལ་ལམ་མེར སྲིང་བལ་ནང་བཞིན
ཡང་ཞིང་འཕྱོ
དྭངས་གསལ་གྱི་ཆུ་རིས་འོག་ཏུ
དཀར་ཞིང་རྒྱགས་པའི
ཆུ་རྡོ་མཐོང་བྱུང
ཅི་འདྲའི་འོད་མདངས་བཀྲ་བ་ལ
རྡོག་གཅིག རྡོག་གཉིས རྡོག་གསུམ
དེ་ག་ན་ཡོད་པ་གཞི་ནས་ཤེས
སྔོ་དྲགས་པས་ལྷག་ཏུ་ཞི་ཞིང་འཇགས་པའི
རྡོ་བ་སྔོན་པོ་དེ
ཤེས་མེད་ཚོར་མེད་ངང་ལག་པ་བསྲིང་ནས་ལེན་འདོད་ཅིག་སྐྱེས
འཕྲལ་མར་ཤེས་རྟོགས་བྱུང་སྟེ
དེ་ལྟར་ན་འདས་ལོག་ཡོང་དགོས
འཕྲལ་མར་སྙིང་གཟེར་ལྡང་སྟེ
དེ་ལྟར་ན་འདས་ལོག་ཡོང་དགོས
ངས་མིག་ཟུང་ཕྱེས་ཚེ
ནམ་གུང་ལ་སླེབས་འདུག
རྨི་ལམ་ཁྲོད་ཀྱི་མིག་ཆུ་སྔར་བཞིན་དྲོད་ཁོལ་ལྡན་པ་ལ
མི་ལོ་བཅུའི་སྔོན་ལ་རྨི་ལམ་དུ་མཐོང་བའི་རྡོ་བ་སྔོན་པོ
ལག་པས་ཡར་བླངས་ཤིང
ཡང་བོར་བརླག་ཤོར་བ་ཨེ་ཡོད
གཏན་དུ་བརྗེད་པ་བྱུང་མཁན་ཨེ་ཡོད
ད་དུང་ཐོ་རངས་དུས་ཀྱི་གཉིད་ཐུན་ཡང་མོ་རུ
འཛུལ་བའི་སྔོ་མདོག་གི་གྲིབ་གཟུགས་དེ་ལགས་སམ
མི་ལོ་བཅུའི་སྔོན་ལ་རྨི་ལམ་དུ་མཐོང་བའི
རྡོ་བ་སྔོན་པོ་དེ
འོད་ཆེམ་ཆེམ་དུ་འཕྲོ་བའི་ཆུ་ཕྲན་དེར་ལོག་ཅིང
ཆུ་ངོས་བརྒྱུད་ནས་བལྟས་ཚེ
ད་དུང་གནས་དེ་ག་ན
སྤྱན་ཟུང་དྭངས་མོ་བཞིན་ཞི་འཇགས་སུ་གནས་སམ
ཁྱུང་སྤྲུལ་དགེ་བཤེས་ནམ་མཁའ་གཡུང་དྲུང་ནས་བསྒྱུར།
རྩོམ་སྒྲིག་པ། ལྷ་སྐྱིད།
རྩོམ་ཁུངས། ངེད་དྲ་བ།