འབྲོག་གླུ།
ཉི་མའི་ཆེད་དུ།
མཁའ་དབྱིངས་ཀྱི་ཆེད་དུ།
ངས་འབྲོག་གླུ་ཞིག་གཏོང་ན་འདོད།
མི་ཚོགས་ཀྱི་ཆེད་དུ།
ས་ཞིང་གི་ཆེད་དུ།
ངས་འབྲོག་གླུ་ཞིག་གཏོང་ན་འདོད།
ཉིན་གུང་གི་ཆེད་དུ།
མཚན་གུང་གི་ཆེད་དུ།
ངས་འབྲོག་གླུ་ཞིག་གཏོང་ན་འདོད།
མིང་མི་ཤེས་པའི་སྡོང་ཕྲུག་འོག་ཏུ་གོམ་པ་སྤོ་མཚམས་བཞག
སྦྲང་མའི་གཤོག་པ་རྡེབ་པའི་སྒྲ་ལ་ཉན།
ཉི་མའི་འོད་ཟེར་ཕོག་མི་ཐུབ་པའི་སྲང་ལམ་ཆུང་ཆུང་ཞིག་གི་ཟབ་ས་རུ།
ངས་ལངས་ཏེ་གཅིན་པ་གཏོང་བཞིན་པའི་བྱིས་པར་ཅེ་རེ་བལྟ་ན་འདོད།
གཞས་གཏོང་བའི་ཆེད་དུ། གཞས་གཏོང་བའི་ཆེད་དུ།
ངས་རྒྱུན་དུ་ཁུ་སིམ་མེར་སྐད་ཆ་ཅི་ཡང་བཤད་མི་འདོད།
ང་སླར་ཡང་སྙན་ངག་པ་ཞིག་ཏུ་འགྱུར་མི་འདོད།
རྒྱུ་མཚན། ང་འཇིག་རྟེན་ལ་རེ་བས་ཁེངས་ཡོད།
སྦྲང་ཐ་དང་ཕྱེ་མ་ལེབ་དང་འདྲ་བར།
ངས་རང་ཉིད་ཀྱི་གཤོག་པ་སྤྱད་དེ་གླུ་དབྱངས་གཏོང་ན་འདོད།
ལུས་ཡོངས་རྫོགས་དྲི་ངན་གྱིས་ཁེངས་པའི་བྱིས་པ་ཞིག་ལྟར།
ངས་རང་ཉིད་ཀྱི་གཅིན་པ་སྤྱད་དེ་གླུ་དབྱངས་གཏོང་ན་འདོད།
ག་དུས་ཡིན་མིན་མི་འཚལ་མོད།
ངས་འབྲོག་གླུ་ཡོངས་རྫོགས་བརྗེད་སླད་དུ།
ངས་རང་ཉིད་ཀྱི་འཆི་བ་སྤྱད་དེ་གླུ་དབྱངས་གཏོང་ན་འདོད།
ངས་ཡོད་ཚད་དྲན་པའི་ཆེད་དུ།
དེ་རིང་དང་འདྲ་བར།
ང་དངོས་གནས་ཁུ་སིམ་དུ་གྱུར་བ་འདྲ།
གླག་ཐ་བདེ་ཆེན་རང་གྲོལ་(སྡིག་སྲྀན)གྱིས་བསྒྱུར།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།

