ཏཱ་ནའི་སྟོད་དང་ཧོར་གཙང་ཁོག(4)
བཞི་པ།
སྡེ་ཏཱ་ནའི་སྟོད་ཀི་ཉི་མས།།
ཚེས་བཅོ་ལྔའི་ནམ་ལངས་ཁད་ལ།།།
ངས་རྨི་ལམ་ཐེངས་གསུམ་རྨིས་ཐལ།།
ངས་རྨི་ལམ་མགོ་མ་རྨིས་ནོ།།
ངའི་མེ་ཏོག་ལྡུམ་རའི་ནང་གི།
ནང་མེ་ཏོག་པད་མ་དཀར་པོ།།
འོད་ལམ་མེ་གད་ནས་ཡོང་དུས།།
དགུང་ཨ་སྔོན་བར་སྣང་ཁམས་ལ།།
འདི་དཀར་པོ་སྤྲིན་ཞིག་འཁྱིལ་གི།
ཡང་སྨད་ཕྱོགས་རྨ་ཆུའི་ཁ་ནས།།
འདི་ནག་པོ་སྤྲིན་ཞིག་ལངས་ནས།།
དགུང་སྔོན་པོའི་དཀྱིལ་ལ་བུད་ཐལ།།
སྤྲིན་དཀར་ནག་གཉིས་ཀའི་མཚམས་ནས།།
སྐད་ངར་མོའི་འབྲུག་ཅིག་གྲག་ནས།།
ཡང་དམར་པོ་གློག་ཅིག་འཁྱུག་གི།
ཆར་སེར་བ་འདྲེས་ནས་འབབ་ཀི༎
འདི་མེ་ཏོག་པད་མ་དཀར་པོ།།
ཆར་སེར་བས་བརྡུངས་ནས་བུད་ཐལ།།
ངས་རྨི་ལམ་བར་མ་རྨིས་ནོ།།
རང་སྒོ་ཁའི་ཤིང་སྡོང་མགོ་ནས།།
སིལ་རྒུན་འབྲུམ་ཞིམ་མངར་ཅན་པོ།
སེར་ལམ་མེར་སྨིན་ནས་ཡོང་དུས།།
ཟླ་དགུ་བའི་བད་ནག་རྒྱག་གི།
སིལ་རྒུན་འབྲུམ་ས་ལ་ཐོར་ཐལ།།
ངས་རྨི་ལམ་གཞུག་མ་རྨིས་ནོ།།
སྟོད་བྲག་དམར་བྱ་ཚང་ནང་ནས།།
ཁྲ་ཞིག་གིས་བྱེའུ་ཞིག་དེད་ནས།།
དགུང་སྔོན་པོའི་དཀྱིལ་ལ་བུད་ཐལ །
བྱ་བྱེའུ་ཆུང་རིག་རྒྱུ་མེད་ཐལ།།
གཤོག་སྒྲོ་ལེབ་ས་ལ་ལྷུང་ཐལ།།
དེའི་མི་ཚད་རླུང་གིས་འཁུར་ཐལ།།
ཚེས་བཅོ་ལྔའི་དུང་ཟླ་དཀར་པོ།།
ཁྱོད་བལྟས་ན་ཤར་སྲོལ་ཡག་གི།
ཚེས་བཅོ་ལྔའི་ནམ་ལངས་ཁད་ལ།།
ངས་རྨི་ལམ་རྨིས་ཚུལ་བཙོག་གི།
སེམས་སྐྱ་མོ་བཞི་གླིང་ཐང་ལ།།
རྩྭ་འཇག་མའི་སྨུག་རླངས་འཐིབས་ཐལ།།
ངའི་སེམས་ལ་དོགས་པ་སྐྱེས་ནས།།
ང་རེམ་མ་ཡར་ལ་ལངས་ནས།།
ཆུ་རྫ་ཆུ་བསིལ་མ་བླུགས་ནས།།
ལག་དག་གཙང་ཅན་ཞིག་བཀྲུས་ནས།།
ངས་བ་ལུ་དུང་མགོས་བསང་ཕུལ།།
ཕ་བླ་མར་གསོལ་བ་བཏབ་ནས།།
ཆོས་སྐྱོང་ལ་སྐྱབས་འཇུག་ངས་ཞུས།།
ང་མཛོད་ཁང་གོང་མར་སོང་ནས།།
གོས་སྨུག་ནག་ཚ་རུ་གོན་ནས།།
གོས་སྔོན་པོའི་སྐེ་རགས་བཅིངས་ནས།།
སྐག་སྐེ་རགས་ཡག་གི་ཁུག་ལ།།
ངས་གྲི་ཆུང་ཕྲ་མོ་བཏགས་ནས།།
མགོར་རིན་ཐང་ཅན་གི་ཞྭ་གོན།།
རྐང་ཀོ་ནག་འཇུར་རྟ་གོན་ནས།།
ཁ་མ་ཎི་ཚིག་གསུམ་བཏོན་ནས།།
ང་རྟ་ར་གོང་མར་སོང་ནས།།
རྟ་སྔོ་སྔོ་གཡུ་ལོ་བཟུང་ནས།།
སྒ་ཉི་མ་འདྲ་ཞིག་བསྟད་ནས།།
གློ་ཉི་ཐིག་འདྲ་ཞིག་འཐེན་ནས།།
སྲབ་སྐར་ཆེན་འདྲ་ཞིག་བསྐོན་ནས།།
རྨེད་ཟླ་བ་འདྲ་ཞིག་བརྒྱབ་ནས།།
གཡང་ཀ་བ་གསེར་འཛིན་མགོ་ནས།།
འདི་རྟ་ལྕག་དོན་གྲུབ་བཟུང་ནས།
སྒོ་གྲུ་བཞིའི་ཕྱི་ཚོར་བུད་ནས།།
རྟ་འདོ་བའི་གོང་ལ་ཞོན་ནས།།
ལྕག་ཕྲ་མོ་དགུང་ལ་ཕྱར་ནས།།
ཚ་མི་ཚ་ཐེངས་གསུམ་བྲབ་ནས །
རྟ་འདོ་བའི་གོམ་ཁ་ཕྱེ་སྟེ།།
ངས་ཐང་ཆེན་ཐང་ཆུང་བརྒྱུད་དུས།།
ཐང་ཆེན་པོ་ཤོག་གུ་ལྟེབ་ལྟེབ།།
ངས་ལ་རིང་ལ་ཐུང་བརྒྱུད་དུས།།
ལ་རིང་བོ་སྒྲོག་གུ་བགོ་བགོ།
ངས་ཆུ་ཆེན་ཆུ་ཆུང་བརྒྱུད་དུས།
ཆུ་ཆེ་ཆུང་རྟ་རྔ་གཅོད་གཅོད།
ས་ཁ་ཐག་རིང་མོ་བརྒྱུད་ནས།།
སྡེ་ཧོར་གཙང་ཁོག་ལ་ཐོན་ཐལ།།
ང་རོགས་ཀི་སྒོ་ཁར་ཐོན་དུས།།
མི་ཡར་འགྲོ་མར་འགྲོ་མང་གི།
རོགས་དགའ་ལོ་ཚང་གི་ངུ་འབོད།།
ཞིང་རྐ་ཚིགས་བར་ནས་གོ་ཐལ།
ངས་ཡར་འགྲོ་མི་ཞིག་བོས་ནས།།
སྨན་ཟླ་བཟང་འདྲི་རྒྱུ་བསམ་རུང་།།
ཡང་ཧོར་གཙང་ཁོག་གི་མི་དེ།།
འདི་སྡེ་བ་ཚོ་བ་མི་གཅིག།
ཡང་སྡེ་འགོ་དཔོན་འགོ་མི་གཅིག།
ནང་ཁ་ཡ་ན་ཟླ་མི་གཅིག།
རྟ་འདོ་བའི་རྒྱུགས་ལམ་མི་གཅིག།
ལུག་གཡང་དཀར་འཚོ་ས་མི་གཅིག།
འབྲི་ཐུལ་མ་ངུར་ས་མི་གཅིག།
རོགས་ཟེར་ནས་འདྲི་ཁ་དཀའ་གི།
རོགས་ཟེར་ནས་འགྲོ་དབང་ངར་མེད།།
རོགས་ཚང་གི་སྒོ་ཞིང་གྲུ་བཞི།།
རོགས་ཆུང་ལོས་ཡུར་མ་ཡུར་ས།།
ཚིག་སྙན་མོ་མགོ་རྐང་སྒྲིག་ས།།
རོགས་ངེད་གཉིས་སྣང་བ་མཐུན་ས།།
ཕོ་ང་ཚོ་དེ་ནས་བསྡད་དེ།
རྟ་འདོ་བ་ལག་འདོགས་བྱས་ནས།།
ངས་རྒོ་རྭའི་རྭ་ཙེའི་ནང་ལ།།
འདི་དུ་བའི་ལོ་མ་བརྫངས་ནས།།
ཡང་སྟོང་སྐོར་མེ་ཆ་བརྒྱབ་ནས།།
ངས་ཁ་དུའོ་ཚེག་གསུམ་འཐེན་ནས།།
དུ་མགོ་མ་དགུང་ལ་ཁྱབ་ཐལ།།
ལྷ་ལྷ་མོ་གན་ལ་གནོད་ཐལ།།
དུ་བར་མ་རླུང་གིས་འཁུར་ཐལ།།
ལྷ་གཞི་བདག་སྲུང་མར་གནོད་ཐལ།
དུ་གཞུག་མ་ས་ལ་འཐིབས་ཐལ།།
སྐལ་བཟང་ཚེ་བརྟན་དང་ཚེ་རིང་བཀྲ་ཤིས་ཀྱིས་བསྡུས།
རྩོམ་སྒྲིག་པ། གངས་དགའ།
རྩོམ་ཁུངས། ངེད་དྲ་བ།