ཆོས་དབྱིངས་རྒྱ་མཚོའི་སྒྲུང་ཐུང་བདམས་བཀོད།

ཆོས་དབྱིངས་རྒྱ་མཚོ།(ལི་ཐང) 琼迈文学网 2025-10-04

  ཆོས་དབྱིངས་རྒྱ་མཚོ། ༡༩༩༥ལོར་ཁམས་བྲག་འགོའི་རྩང་སྟོད་སྡེ་བར་སྐྱེས། ༢༠༡༤ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་སློབ་ཐོན་བྱུང་བ་དང་། ད་ལྟ་ལི་ཐང་རྫོང་ཐོག་ཏུ་དགེ་རྒན་གྱི་ལས་ཀ་གཉེར་ཞོར་ལི་ཐང་རྫོང་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་དང་དཀར་མཛེས་ཁུལ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། སི་ཁྲོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི། ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོའི་སློབ་ཚོགས་ཀྱི་ཚོགས་མི།《གངས་དཀར་རི་བོ》དུས་དེབ་ཀྱི་རྐང་འཛིན་རྩོམ་པ་པོ་སོགས་ཀྱི་འགན་ཁུར་བཞིན་ཡོད། ༢༠༡༨ལོ་ནས་བརྩམས་སྒྲུང་འབྲི་སྦྱོང་གི་ཕྱོགས་ལ་གོམ་ཁ་བསྒྱུར་ནས་ད་བར་དུ་བརྩམས་ཆོས་མི་ཉུང་བ་ཞིག《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དང《ཟླ་ཟེར》《མི་རིགས》《གངས་དཀར་རི་བོ》《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》《ཤྭ་སྐྱ》《རི་བོ་ཉི་ཟླ》《སྤང་ལྗོངས》《ཁམས་པའི་ཚགས་པར》《བོད་ལྗོངས་ཉིན་རེའི་ཚགས་པར》《མཚོ་སྔོན་བོད་ཡིག་གསར་འགྱུར》སོགས་སུ་བཀོད་མྱོང་བ་དང་། ༢༠༢༤ལོར་སྒྲུང་ཐུང་ཕྱོགས་བསྒྲིགས《སྒེའུ་ཁུང》ཁམས་ཀྱི་རྩོམ་པ་པོའི་དཔེ་ཚོགས་སུ་བདམས་ནས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས།

  མི་ཕྱེད་ཀ

  ང་རང་མིག་འཁྲུལ་དུ་སོང་བ་མིན། ངས་རང་ཉིད་ཀྱིས་ཅི་ཞིག་སྒྲུབ་བཞིན་ཡོད་པ་གསལ་པོར་མཐོང་ཐུབ། ཐ་ན་ཅི་ཞིག་བསྒྲུབ་འདོད་པ་སྒྲུབ་པར་རྩོམ་པའི་རྣམ་པའང་གོ་རིམ་དང་ལྡན་པའི་སྒོ་ནས་མཐོང་ལམ་དུ་གསལ་ཡོང་།

  ང་རང་ངེད་ཚང་གི་སྒྱེད་པུའི་འགྲམ་དུ་ཀམ་པ་ལི་ཞིག་གཡང་ཤམ་དུ་གྱོན་ནས་ཀོག་ཧྥེ་ཕོར་གང་བཏུང་ཞོར་རྩོམ་པ་པོ་གཡུ་ཆུང་གི་སྒྲུང་ཐུང་ཕྱོགས་བསྒྲིགས《སྦས་ཡུལ》གྱི་ཤོག་ངོས་ག་གེ་མོ་ཞིག་ཀློག་བཞིན་མཆིས། ཨ་མ་ཡང་སྒྱེད་པུའི་ཕར་འགྲམ་དུ་བསྡད་དེ་ལག་གཡས་སུ་ཕྲེང་བ་ཞིག་བསྣམས་འདུག་ཀྱང་དེ་བགྲང་གིན་མེད་པར་པང་ཐོག་ཏུ་བཞག་པའི《པད་མ་བཀའི་ཐང་ཡིག》གི་ལེའུ་ག་གེ་མོ་ཞིག་རུས་སྦལ་ནུར་འགྲོས་ཀྱི་ཚུལ་གྱིས་ཀློག་སྦྱོང་བྱེད་ཀྱིན་འདུག

  དེ་ནི་ནམ་ཟླ་དགུན་ཁའི་ཞོགས་པ་ཞིག་རེད། ཡང་ན་ངེད་མ་བུ་གཉིས་ལ་མཚོན་ན་ཧ་ཅང་ལྷིང་འཇགས་ཀྱི་ཞོགས་པ་ཞིག་རེད། དེ་འདྲའི་ཞོགས་པ་ཞིག་ལ། ཏག་ཏག་ངའི་ཡིད་སེམས་ཐེར་ཚལ་སྦལ་ཚལ་དུ་གཏོང་བའི་དོན་དག་ཅིག་བྱུང་སོང་།

  ངས་བློ་རྩེ་གཞན་ལ་མ་གཡེང་བར《སྦས་ཡུལ》ཁྲོད་ཀྱི་ཡིད་དབང་འཕྲོག་པའི་ཡུལ་ལྗོངས་གང་ཞིག་གི་མཛེས་སྡུག་ཉམས་སུ་མྱོང་བཞིན་འདུག ངོ་གདོང་གི་རྣམ་འགྱུར་དང་མིག་ཁའི་འཛུམ་མདངས་སོགས་ལས་ནང་སེམས་ཀྱི་འགྱུར་བ་གསལ་པོར་མཐོང་ཐུབ། ཐ་ན་སྒྱེད་པུའི་ཕར་འགྲམ་གྱི་ཨ་མས་ཡི་གེ་འབྲུ་མ་རེ་རེ་བྱས་ཏེ་གཅིག་རྗེས་གཅིག་ལ་མཐུད་ཐུབ་མིན་གྱིས་འདོན་བཞིན་པ་དེས་ཀྱང་ང་ལ་བར་ཆད་དང་མི་བདེ་བ་ཅི་ཡང་བཟོ་ཐུབ་ཀྱིན་མི་འདུག དངོས་འབྲེལ་ང་རང་སྐབས་མང་པོ་ཞིག་ལ་འདི་ཇི་བཞིན་དཔེ་ཀློག་གི་དབྱིངས་སུ་ཞུགས་ནས་ཟུར་འགྲམ་གྱི་མི་དང་དོན་དག་རྣམས་སྣང་ལ་མ་ངེས་པའི་ངང་ཡལ་འགྲོ་བར་འདུག

  འོན་ཀྱང་། ཤ་གསེང་རུས་གསེང་དུ་ཟུག་འགྲོ་བའི་གྲང་རླུང་འཁྱག་པ་དེས་ངའི་རྣམ་ཤེས་དཔེ་ཀློག་ལས་ཕྱིར་དྲངས་བྱུང་། ངས་མིག་ཟུང་དཔེ་ངོས་ནས་བྲལ་ཏེ་སྒོའི་ཕྱོགས་སུ་འཕངས་པ་ན། ཏག་ཏག་ངེད་ཚང་གི་ཁང་སྒོ་ཕྱེས་ཡོད་ཅིང་སྐྱེས་པ་གཟུགས་རིང་ཞིག་སྒོར་ལངས་ཏེ་ནང་ལ་བལྟས་འདུག ངའི་མིག་ཟུང་དཔེ་ངོས་སུ་ཅེར་ཡུན་རིང་སོང་བའི་དབང་གིས་ཡིན་མི་འགྲོ། སྒོ་ཁའི་སྐྱེས་པ་གཟིགས་རིང་དེ་རབ་རིབ་ཙམ་ལས་མ་མཐོང་། འོན་ཀྱང་། དེའི་གཡས་གཡོན་ནས་ནང་ལ་ཤོར་ཡོང་བའི་གྲང་ངར་དེས་ངའི་རིག་པ་ཤིན་ཏུ་གསལ་བར་བཏང་སོང་ལ། རིམ་བཞིན་མིག་ཟུང་དུ་མངོན་པ་དག་ཀྱང་རབ་རིབ་ལས་དྭངས་གསལ་དུ་གྱུར།

  དེ་མུར་ཨ་མས་ཀྱང་སྒོ་འགྲམ་དུ་འགྲུལ་པ་ཞིག་ཐོན་ཡོད་པ་ཚོར་ནས་ཅི་མགྱོགས་ངང་ཡར་ལངས་པ་དང་ཀོ་ཤུབས་ཅན་གྱི《བཀའ་ཐང》དཔེ་ཆ་སྤུས་ལེགས་མ་དེ་ཡ་གའི་ཆ་སྟེང་དུ་ཡར་བཞག་ཅིང་། “ཉལ་ས་ཨེ་བདེ། ཡ། ད་ཡར་ནང་ལ་ཤོག་དང་། ངས་ནངས་ཆུ་ཁོལ་ཡོད”ཅེས་ཟེར་ཞོར་ཆ་སྟེང་ནས་དཀར་ཡོལ་ཞིག་མར་བླངས་བྱུང་། “ངས་ཁྱོད་ཀྱི་ཁ་འདོན་ལ་བར་ཆད་བཟོས་མ་སོང་ངམ།” སྐྱེས་པ་དེས་ཧ་ཅང་བསམ་ཡོད་སྒོས་ཨ་མར་དེ་ལྟར་བཤད་བཞིན་ཁྱིམ་ལ་འཛུལ་ཡོང་སྟེ་ངའི་འགྲམ་དུ་བསྡད་བྱུང་། ཨ་མས“དེ་ཅི་སྐྱོན། དེ་རིང་སངས་དོན་ཚང་ལ་རོགས་པར་འགྲོ་ཨེ་དགོས”ཞེས་འདྲི་ཞོར་རྩམ་པ་དང་མར་གཉིས་ལ་མང་ཉུང་མེད་པའི་གཏུལ་མ་དཀར་ཡོལ་གང་སྐྱེས་པ་དེའི་ཕྱོགས་སུ་བསྲིངས།

  སྐྱེས་པ་དེ་ནི་ངེད་ཚང་གི་ཁྱིམ་མཚེས་ཤིག་ཡིན་ལ། ངེད་ཁ་གཉིས་ལོ་མང་རིང་ཁྱིམ་མཚེས་རུ་སྐོར་བྱས་ནས་བསྡད་པས་ནངས་ནུབ་གང་གི་སྐབས་སུའང་གཅིག་གཅིག་ཚང་ལ་སོང་ནས་དོན་ཡོད་མེད་གཉིས་ཀ་གླེང་སྟེ་འདུག་དཔེ། ཁྱད་པར་དུ་དེ་རིང་ཁ་སང་ཁྱིང་མཚེས་ཚང་གི་མི་གཞན་པ་ཐམས་ཅད་གནས་སྐོར་ལ་བུད་སོང་བས། ཁོ་རང་ཤུལ་དུ་ཁྱིམ་སྲུང་ལྟ་བུ་བྱས་ནས་བསྡད་ཡོད། སྤྱིར་ན་དེང་སང་ངེད་ཚང་གི་ཁྱིམ་མཚེས་གཡས་གཡོན་གྱི་མི་ཚང་མ་ཁྱིམ་སྲུང་ལྟ་བུ་ཡིན་ཏེ། ཁྱིམ་ཚང་མང་པོ་ཞིག་གིས་འབྲོག་མེད་པར་བཏང་བ་ནས་བཟུང་། དབྱར་དགུན་སྟོན་དཔྱིད་མེད་པར་ལས་ཀ་ཅི་ཡང་མེད་པར་ཁྱིམ་སྲུང་ལྟ་བུ་བྱས་ནས་བསྡད་ཡོད།

  སྐྱེས་པ་དེ་ཏན་ཏན་ངའི་འགྲམ་དུ་བསྡད་བྱུང་མོད། འོན་ཀྱང་། ང་རང་དེ་གར་སྒམ་སེ་བསྡད་ཡོད་པར་ཁོས་དོ་སྣང་རྩ་བ་ནས་མ་བྱུང་བ་འདྲ་སྟེ། ཐ་ན་ངའི་ཕྱོགས་སུ་ལྟ་ཙམ་ཡང་མི་བྱེད་པར་ཨ་མའི་ལག་ནས་དཀར་ཡོལ་འབྲུག་རིས་མ་དེ་ཚུར་བླངས་ནས་ལག་པ་ནག་ཅིང་རྩུབ་པ་དེས་གཏུལ་མ་སྣོ་བར་བྱེད། དེ་བས། ངས་ཀྱང་སྐད་ཆ་ཚིག་གཅིག་མ་བཤད་པར་ཡང་བསྐྱར་གཡུ་ཆུང་གི་སྒྲུང་ཐུང་གང་དེའི་འཕྲོར་མཐུད་ནས་བཀླགས་པ་ཡིན།

  དེ་ལྟར་ངས་དཔེ་ཆ་ཀློག་པ་དང་། ཨ་མ་དང་སྐྱེས་པ་དེ་གཉིས་ཀྱིས་ནངས་ཆུ་འཐུང་ཞོར་ཁ་བརྡ་གློད་དེ་ཡུད་ཙམ་འགོར་སོང་མོད། སྐྱེས་པ་དེས་སྔར་བཞིན་ང་རང་དེ་གར་བསྡད་ཡོད་པར་དོ་སྣང་མི་གནང་བར་མ་ཟད། ཐ་ན་ངའི་ཁ་གཏད་ཀྱི་སྒྱེད་པུའི་ཕར་འགྲམ་ན་ཡོད་པའི་ཨ་མས་ཀྱང་ང་རང་དེ་གར་ཡོད་པ་བརྗེད་སོང་བ་ལྟར་གྱི་ཉམས་སྣང་ཞིག་བྱུང་བས། ང་རང་གློ་བུར་དུ་ཅི་ཞིག་གིས་ཡོངས་སུ་བཀྱགས་པ་ལྟར་ཁ་མལ་དེ་ནས་འདུག་མ་ཐུབ་པར་ཡར་ལངས་དགོས་བྱུང་། ང་རང་ཡར་ལངས་ནས་ཁོ་གཉིས་ཀྱི་གདོང་ལ་ལྟ་ཡག་ཅིག་བྱས་ཀྱང་ཁོ་གཉིས་ཀྱིས་སྔར་བཞིན་ང་རང་མ་མཐོང་བ་ལྟར་བྱས་པས། ང་རང་དེ་བས་ཀྱང་མི་བདེ་བར་གྱུར་སོང་། དེ་བས། ངས་ཀྱང་ཅི་མཚར་གང་མཚར་གྱིས་མགོ་བོ་མཐོན་པོར་བཏེགས་ནས་སྐྱེས་པ་དེ་མ་མཐོང་ཁུལ་གྱིས་ཁོའི་མདུན་ནས་མར་ཕྱིན་པ་ཡིན། དེ་ལྟ་ནའང་། སྐྱེས་པ་དེས་ང་ལ་ཅི་ཡང་བཤད་མ་བྱུང་ལ་ཐ་ན་ང་རང་ཁོའི་མདུན་ནས་ཅི་མི་སྙམ་པའི་ངང་སོང་བ་ལ་ཨ་མས་ཀྱང་མ་གོ་ཁུལ་བྱས་ནས་ཅི་ཡང་མི་ཟེར། ངས་ཧ་ཅང་གསལ་པོ་དྲན་ཡོང་སྟེ། ང་རང་ལོ་ན་ཆུང་བའི་དུས་སུ་ཨ་མས་ནམ་རྒྱུན་ངེད་མིང་སྲིང་གཉིས་ལ་ཁྱིམ་དུ་འགྲུལ་པ་ཐོན་དུས་དེའི་སྔུན་ནས་འགྲོ་མི་ཆོག་པ་སོགས་འགྲོ་ལུགས་འདུག་སྟངས་མང་པོ་ཞིག་བསླབས་མྱོང་ལ། སྐབས་རེར་ཉམས་མ་བཞག་སྟེ་ནོར་འཁྲུལ་ཁུར་དུས་ཁ་མལ་དེ་ནས་གཤེ་གཤེ་གཏོང་སྲིད་མོད། འོན་ཀྱང་། དེ་རིང་ང་ལ་གཤེ་གཤེ་མི་གཏོང་བར་མ་ཟད། ཐ་ན་མིག་མདངས་ཙམ་ཡང་བསྟན་མ་སོང་།

  དེ་བས། ང་རང་སྔར་ལས་མགོ་འཐོམས་པར་གྱུར་བས། ངས་འདི་ནི་རྨི་ལམ་ཞིག་མིན་ནམ་སྙམ་བཞིན་ཐད་ཀར་སྒོ་ཕྱིར་བུད་ནས་ཡར་ལྟ་མར་ལྟ་ཞིག་བྱས་མོད། རྨི་ལམ་མིན་པ་ཐག་གིས་ཆོད་སོང་སྟེ། ཕྱི་རོལ་གྱི་གྲང་འཁྱག་གིས་ང་རང་སྡོད་བཟོད་མེད་པར་བཏང་བས་ཐད་ཀར་ཕྱིར་ཁྱིམ་ནང་དུ་འཛུལ་དགོས་བྱུང་། ཁྱིམ་དུ་འཛུལ་ནས་སྒོ་ཁྲོག་གེར་བརྒྱབ་ཀྱང་ཁོ་གཉིས་ཀྱིས་ཐ་ན་ངའི་ཕྱོགས་སུ་ལྟ་ཙམ་ཡང་མི་བྱེད་པས། ང་རང་དངོས་གནས་ཁོང་ཁྲོ་ལངས་བྱུང་། ངས་ཀྱང་ཨ་མས་གཤེ་གཤེ་གཏོང་ཡོང་བར་ཅི་མི་སྙམ་པའི་ངང་སླར་ཡང་སྐྱེས་པ་དེའི་མདུན་ནས་ཡར་སོང་སྟེ་ང་རང་གི་ཀམ་པ་ལ་དེའི་ཁུད་དུ་བསྡད་པ་ཡིན། སྐྱེས་པ་དེས་སྔར་བཞིན་ང་ལ་མིག་ཟུར་ཙམ་ཡང་མི་འཕེན་ལ། ཨ་མས་ཀྱང་མ་རིག་ཁུལ་བྱས་ནས་ཁོ་གཉིས་ཀྱི་ཁ་བརྡ་ལ་གཡེང་འདུག

  དྲང་མོར་བཤད་ན། ངའི་ཡ་ཁོག་ནས་མེ་ལྕེ་ཞིག་མཆེད་མགོ་བརྩམས་པས། བྲང་གཞུང་ཙམ་དུ་མ་ཟད་ཐ་ན་ངོ་གདོང་ཧྲིལ་བོ་ཡང་དམར་ཧྲེང་ཧྲེང་དུ་གྱུར་སོང་མོད། འོན་ཀྱང་། ངས་ལྷབ་ལྷུབ་ཏུ་འབར་བཞིན་པའི་ཁོང་ཁྲོའི་མེ་ལྕེ་གནོན་ཅི་ཐུབ་བྱས་ཏེ་ཁོ་གཉིས་ཀྱི་ཁ་བརྡ་ལ་བར་ཆད་ཅི་ཡང་མ་བཏང་། ཐ་ན་མི་འདོད་པའི་རྣམ་འགྱུར་ཙམ་ཡང་མ་བསྟན་པར་མུ་མཐུད་དུ་དཔེ་ཆ་ལག་ཏུ་བླངས་ནས་ད་ཅིའི་སྒྲུང་ཐུང་གི་ཀློག་འཕྲོ་བཙལ་བ་ཡིན།

  ངའི་མིག་ཟུང་དཔེ་ངོས་སུ་ཅེར་ཡོད་ནའང་། ངའི་གདོང་པ་གཡས་གཡོན་གྱི་རྣ་བའི་བུ་གར་ཨ་མ་དང་སྐྱེས་པ་དེ་གཉིས་ཀྱི་ཅི་འབྱུང་འདི་འབྱུང་མེད་པའི་ཅི་འཕྲོས་མོལ་འཕྲོས་དག་ཕྱི་རོལ་གྱི་གྲང་རླུང་འཁྱག་པ་ཇི་བཞིན་ཧ་ཅང་གཟན་པའི་ངང་འཛུལ་ཡོང་བས། ངས་སྔོན་བཞིན་བློ་རྩེ་གཅིག་སྒྲིམ་གྱིས་དཔེ་ཆ་ཀློག་མ་ཐུབ། འོན་ཀྱང་། ངས་ཐད་ཀར་ཁོ་གཉིས་ལ“ཁྱོད་གཉིས་ཀྱིས་ཁ་ཚུམས། ངས་དཔེ་ཆ་ཀློག་དགོས”ཞེས་མ་བཤད་ལ། ཐ་ན་ཁོ་གཉིས་ལ་ལྟ་ཙམ་ཡང་མ་བྱས། དེས་ཁོ་གཉིས་ལ་ཅི་ཡང་མི་གནོད་མོད། འོན་ཀྱང་ང་རང་གིས་དེ་ནི་རང་ཉིད་ཤིན་ཏུ་མི་མགུ་བའི་རྣམ་འགྱུར་ཞིག་ཏུ་སྙམ་ཡོད།

  ངོ་མ་དེང་སང་གི་མི་འདི་ཚོ་ལས་མེད་ཆོ་མེད་རེད། ཁྱད་པར་དུ་སྔོན་ཆད་འབྲོག་ལས་གཉེར་ནས་ཁྱིམ་ཚང་གི་ཁ་སྐྱིད་པོ་སོས་ནའང་། དེའི་རྗེས་འབྲོག་ལས་ལ་དཀའ་སྣང་འཆར་སྟེ་སྒོ་ཕྱུགས་ཚང་མ་བཙོང་སྟེ་འབྲོག་མེད་པར་བཏང་བ་དང་། ད་ལྟ་ཁ་ལ་ཟ་རྒྱུ་དང་རྒྱབ་ལ་གོན་རྒྱུའི་དཀའ་ངལ་ཇེ་ཆེ་ཡིན་ཡང་ད་རུང་ཕག་པ་བཞིན་གཡོ་མེད་འགུལ་མེད་དུ་ཉལ་ནས་འདུག་པའི་མི་འདི་ཚོ་དངོས་འབྲེལ་མི་ཞིག་དང་འདྲ་པོ་མི་འདུག འདི་ཚོ་མི་ཕྱེད་ཀ་རེད་ཡ། ངས་ཁོང་ཁྲོ་དང་བཅས་ཏེ་ཡིད་ངོར་དེ་ལྟར་དྲན་མོད། འོན་ཀྱང་། སྔར་བཞིན་ངག་བསྡམས་ནས་སྐད་ཆ་གཅིག་ཀྱང་མ་བཤད་པས། ཁོ་གཉིས་ཀྱང་དོན་ཡོད་མེད་ཀྱི་ཁ་བརྡར་གཡེང་ནས་ངའི་ཕྱོགས་སུ་ལྟ་ཙམ་ཡང་མི་བྱེད།

  ངས་ཁོ་གཉིས་ཀྱི་ཁ་བརྡ་ལ་ཉན་འདོད་ཆེ་བ་མ་རེད་མོད། འོན་ཀྱང་། ཁོ་གཉིས་ཀྱི་སྐད་ཆས་ངའི་རྣ་བ་འགེངས་པར་བྱེད་པས་ཅི་བཤད་ཐམས་ཅད་གསལ་ལྷིང་ངེར་གོ་ཐུབ།

  སྐྱེས་པ་དེས་སྐད་ཆ་འདི་འདྲ་ཞིག་བཤད་མེད་ན། ངས་ཀྱང་སེམས་སྡུག་གི་མཆི་མ་དྲུད་ནས་ཁོའི་ངོ་གདོང་ལ་ཅེར་དགོས་དོན་མེད་མོད། སྐད་ཆ་དེས་དངོས་འབྲེལ་ང་ལ་ཕོག་ཐུག་ཆེན་པོ་བཏང་སོང་། ཡང་ན་ངའི་སྙིང་གི་ཆ་ཤས་ཚལ་བར་གཤེགས་སོང་བས། ངའི་སེམས་མི་སྡུག་པ་ཅི་ལ་སྲིད། ང་ལ་རང་དབང་མེད་པར་མིག་ཆུ་ལྷུང་ཡོང་བར་ཁག་ཅི་ཡོད།

  “ཁྱོད་ཚང་གི་བུ་མོར་ཁག་མི་འདུག ལས་བྱེད་པ་ནི་མ་རེད། འོན་ཀྱང་། བུ་དེ་ངོ་མ་མྱི་ངན་ཁྱི་སྐྱག་འདྲ་ཞིག་རེད།” བར་སྐབས་ཤིག་ལ། སྐྱེས་པ་དེས་དེ་ལྟར་བཤད་བྱུང་བས། ང་དང་ཨ་མ་གཉིས་ལ་སྟབས་གཅིག་ཏུ་གློག་གིས་བརྒྱབ་པ་ལྟ་བུའི་ཚོར་སྣང་ཞིག་བྱུང་། ཁྱད་པར་དུ་ང་རང་ཉིད་ཀྱི་རྣ་བར་ཡིད་མི་ཆེས་པ་ཞིག་ཏུ་གྱུར་མོད། ཡིད་མ་ཆེས་རུང་ཅི་བྱར་ཡོད་དེ། སྐྱེས་པ་དེས་ཨ་མའི་སྐད་ལན་ལ་མ་ཉན་པར་མུ་མཐུད་དུ་རྣར་གཟན་པའི་སྐད་ཆ་ཞིག་ཚམ་ཚོམ་མེད་པར་བཤད་བྱུང་།

  “ལྟོས་དང་། དེང་སང་ངེད་རའི་ལས་བྱེད་པ་ཡིན་པའི་བུ་ཕྲུག་ཚོར་ལྟོས་དང་། ཚང་མས་ཕ་མ་རྣམས་ཁྲིད་ནས་ཡང་ན་ཆོས་སྐོར་ལ་འགྲོ་བཞིན་འདུག ཡང་མིན་ན་སྨན་ཁང་དུ་སྨན་བརྟེན་པར་འགྲོ་བཞིན་འདུག ཁྱོད་ཚང་གི་བུ་དེ་ལས་བྱེད་པར་གྱུར་ནས་ལོ་ངོ་འདི་འདྲ་མང་པོ་ཞིག་འགོར་ཡང་ཉིན་གཅིག་ལ་ཁྱོད་ཁྲིད་ནས་འགྲོ་ས་ཞིག་མ་རིག ངོ་མ་མྱི་ངན་ཐབས་སྡུག་ཅིག་རེད་ཡ།” སྐྱེས་པ་དེས་ཡང་བསྐྱར་རྟིང་གནོན་གྱི་ཚུལ་དུ་སྐད་ཆ་དེ་ལྟར་བཤད་པས། ང་ནི་དངོས་འབྲེལ་ངོ་ཚ་ནས་མགོ་ལུས་རྟིང་གསུམ་དམར་པོ་དམར་རྐྱང་དུ་གྱུར་སོང་། ག་ཤེད་ཁུང་བུ་ཞིག་འཛུལ་ས་ཡོད་ན་ནང་དུ་ཅི་ཡོད་ལ་མི་ལྟོས་པར་འཛུལ་འགྲོ་བ་ཁོ་ཐག་རེད་ཀྱང་། དེ་ནི་གཅིག་ཀྱང་མི་འདུག་ལ། ཐ་ན་ཡར་ལངས་ཏེ་སྒོ་ཁར་འགྲོ་བའི་སྤོབས་པའང་མེད་པར་གྱུར། དྲང་མོར་བཤད་ན། སྐབས་དེར་ང་རང་སྡོད་བཟོད་མེད་པ་ལྟ་བུའི་ཁོང་ཁྲོ་ཆེན་པོ་ལངས་སོང་མོད། འོན་ཀྱང་། བསམ་བློ་ཞིབ་ཏུ་བཏང་ན། སྐྱེས་པ་དེས་བཤད་པར་ཡང་གནས་ལུགས་མེད་པ་མིན་ཏེ། ཨ་མས་ང་རང་ཆུང་ཆུང་ཤིག་ལྟ་བུ་ཞིག་ནས་ཆེན་པོ་གཡག་ལྟ་བུ་ཞིག་ཏུ་གསོས་པར་མ་ཟད། སློབ་གྲྭར་མངགས་ནས་རིག་གནས་ཤེས་བྱ་སྦྱོང་དུ་བཅུག་སྟེ་མཐར་མི་ཚེ་གཅིག་ལ་འཁྱག་ལྟོགས་མི་དགོས་པའི་ལྕགས་ཕོར་ཞིག་ཀྱང་རྙེད་སོང་མོད། འོན་ཀྱང་། ངས་ནི་ད་བར་དུ་མ་རྒན་དྲིན་ཆེན་མ་གནས་མཇལ་ཐུང་ཐུང་ཞིག་ལའང་ཁྲིད་ཐུབ་མེད་པ་འདྲ་བས། ཤིན་ཏུ་ངོ་གནོང་དགོས་པ་ཞིག་བྱུང་།

  ང་རང་སྔར་བཞིན་སྐྱེས་པ་དེའི་འགྲམ་དུ་ཅི་བྱེད་གཏོལ་བྲལ་དུ་གྱུར་ནས་ཡོད་མོད། སྐྱེས་པ་དེས་ངའི་ཕྱོགས་ལ་ལྟ་ཙམ་ཡང་མི་བྱེད་པས། ངས་སྐྱེས་པ་འདིས་ང་རང་དངོས་འབྲེལ་མི་ཞིག་ལ་རྩི་ཡི་མི་འདུག ཅི་འདྲའི་སྙིང་ན་བྱེད་ཅིག་མ་རེད་དམ་སྙམ་བྱུང་།

  སྐད་ཆ་དེས་ཨ་མར་ཡང་ཕོག་ཐུག་ཆེན་པོ་བཏང་སོང་བ་འདྲ་སྟེ། ཤིན་ཏུ་མ་རངས་པའི་ཚུལ་གྱིས“ཧུན། འུར་མ་རྒྱག སྐྱག་ཁ་བཙུམ་ཨེ་ཐུབ་ལྟོས། ཁྱོད་ལ་ངའི་བུའི་སྟེང་ལ་ཇུས་གཏོགས་བྱེད་པའི་དབང་ཆ་ཅི་ཡོད། བདེན། ཁྱོད་ཚང་གི་བུ་རྒྱུད་ཚོས་གོ་ཆེན་པོ་ཆོད་ཀི་འདུག མ་གའི་རྒྱ་གྲོང་ནང་ན་སྤྲང་པོ་ལྟ་བུ་བྱས་ནས་འགྲོ་བཞིན་ཡོད་ཀི་ཟེར་བ་མིན་ནམ། མ་མཐའ་ཡང་ངའི་བུ་ཕྲུག་ཚོས་རང་ཁ་རང་གསོ་ཐུབ་ཀི་ཡོད། ང་མ་རྒན་ཞིག་ཡིན་པའི་ངོས་ནས་སེམས་བསམ་པ་གཉིས་ཀ་མགུ་ནས་ཡོད། དེ་ལས་ཀྱང་ང་ལ་ན་ཚ་གཅིག་ཀྱང་མ་བྱུང་བས་ང་ཅིའི་ཕྱིར་སྨན་ཁང་དུ་འཁྲིད་དགོས་པ་རེད། སེམས་ཀྱིས་ཁྱོགས་ན་ཆོས་གང་ནས་བསྒྲུབས་ཀྱང་འདྲ་འདྲ་ཡིན་ནི་རེད”ཅེས་དབུགས་ཐེངས་གཅིག་གིས་བཤད་བྱུང་།

  ཨ་མའི་སྐད་ཆ་དེས་ང་རང་སེམས་སྡུག་སྟེང་ལ་སེམས་འགུལ་ཐེབས་སུ་བཅུག དངོས་འབྲེལ་མ་སེམས་བུ་དང་བུ་སེམས་རྡོ་ཞེས་པ་ནི་འདི་འདྲ་ཞིག་ལོས་ཡིན་སྙམ་པ་བྱུང་། ཡིན་ཡང་། སྐབས་འདི་འདྲ་ཞིག་ལའང་ཨ་མས་སྔར་བཞིན་ངའི་ཕྱོགས་སུ་ལྟ་ཙམ་ཡང་མི་བྱེད་པས། ང་རང་དེ་ལས་ཀྱང་ཅི་བྱེད་འདི་བྱེད་མེད་པ་ཞིག་ཏུ་གྱུར་སོང་།

  ཨ་མས་དབུགས་ཐེངས་གཅིག་གིས་དེ་ལྟར་བཤད་པ་ན། སྐྱེས་པ་དེ་ཡང་རེ་ཞིག་ལ་ཅི་བཤད་འདི་བཤད་མེད་པར་གྱུར་བས། མདུན་གྱི་སྒྱེད་འགྲམ་དུ་བཞག་ཡོད་པའི་དཀར་ཡོལ་དེ་ཡར་བླངས་ནས་མུ་མཐུད་དུ་གཏུལ་མ་ལྡག་ཞོར“ངས་ཁྱོད་ལ་འདང་བརྒྱབ་པ་ཡིན། དེ་མིན་ཅང་མེད”ཅེས་ཟེར།

  “ང་ལ་འདང་ཅི་རྒྱག དགོས་རྒྱུ་ཁྱོད་རང་གི་སྔུན་གྱི་འཁོར་བ་གོ་རེ་འདྲ་བོ་ཨེ་ཚོས་ལྟོས།” ཨ་མས་མུ་མཐུད་དུ་མདའ་གྲི་མདུང་གསུམ་ཁུར་བའི་ཚིག་གི་མཚོན་ཆ་དག་སྐྱེས་པ་དེའི་ཕྱོགས་སུ་འཕངས་པས། སྐྱེས་པ་དེ་ཅི་ཡང་བཤད་རྒྱུ་མེད་པར་བཏང་།

  “ཁ་དྲོ། ད་བརྒྱགས་ཐལ།” ཅུང་ཞིག་ནས་སྐྱེས་པ་དེ་ཡར་ལངས་ནས་དེ་ལྟར་བཤད་ཞོར་སྒོར་བུད་སོང་། ཨ་མས་ཀྱང་མོ་རང་གི་མདུན་གྱི་དཀར་ཡོལ་ནང་གི་ཇ་ལྷག་དེ་བཏུང་རྗེས་མུ་མཐུད་དུ《བཀའ་ཐང》ཀློག་མགོ་བརྩམས།

  དེ་ལྟ་ནའང་། ང་རང་ཁོང་མོའི་ཁ་གཏད་དུ་ཁ་རོག་གེར་མོ་ལ་ཅེར་ནས་ཡུན་རིང་བསྡད་ཀྱང་མོས་སྔར་བཞིན་དོ་སྣང་མ་བྱུང་བས། ངས་ཀྱང་ཨ་མ་ཞེས་ཐེངས་གཅིག་ཙམ་ལའང་འབོད་མ་ཐུབ་པར་ག་ལེར་སྒོ་ཕྱིར་བུད་པ་ཡིན།

  སྐབས་དེར་ང་རང་སྒོར་འབུད་དུས་ནི་སྔོན་དང་མི་འདྲ་བར། ཕྱི་རོལ་ན་ཙག་རླུང་མེད་ཅིང་ནམ་ཟླ་ཡང་དགུན་ཁ་རེད་འདོད་སྤྱད་ཀྱི་རྟགས་མཚན་གང་ཡང་མི་འདུག་ལ། ངའང་སྤྲིན་སྟེང་དུ་འགྲོ་བ་ལྟར་ལུས་ལ་ཚུགས་མི་ཐུབ་པར་ཕར་ཚུར་འཕྱོ་བཞིན་འདུག དེ་དུས། ངས་གཞི་ནས་ང་རང་མི་ཞིག་མིན་པ་ཤེས། ཐ་ན་མི་ཕྱེད་ཀ་ཞིག་ཀྱང་མིན་པ་ཤེས་སོང་།

              ༢༠༢༤ལོའི་ཟླ༢ཚེས༧ཉིན་དཀར་མཛེས་རྫོང་ནས་རྫོགས་པར་བྲིས།
                   ༢༠༢༤ལོའི《རྫོང་རུ》ལོ་དེབ་ཏུ་བཀོད།
                   ༢༠༢༥ལོའི་ཟླ༤ཚེས༡༩ཉིན་བསྐྱར་བཅོས་བྱས།

  ཡན་ཨན་གྱི་ཆར་བ།

  གཅིག

  ཕྱི་རོལ་གྱི་དྲག་ཆར་དེ་ངའི་བྱང་ཁོག་སྟོད་དུ་བབས་པ་ལྟར། ང་རང་རང་དབང་མེད་པར་ཁོག་འདར་ཐེངས་འགའ་བརྒྱབ་བྱུང་། དགུན་གཞུང་རིང་མོ་ཞིག་གི་ནམ་མཁའ་ལྟར། ཡང་ན་དགུན་གཞུང་རིང་མོ་ཞིག་གི་ས་གཞི་ལྟར། འཁྱག་སིབ་སིབ།

  འཁྱག་སིབ་སིབ་ཀྱི་ཁོག་འདར་དེས་ངའི་གཉིད་ཀྱི་བདེ་བའམ་ཡང་ན་གཉིད་ཀྱི་སྡུག་བསྔལ་ཡོངས་སུ་འཕྲོག་པས། ངས་སྔངས་མ་འདར་གྱིས་མགོ་བོ་མལ་ལས་བཀྱགས་ཏེ་ཡིག་འབྲུ་འདི་དག་ཁ་པར་གྱི་འཆར་ངོས་སུ་གཏག་མགོ་བརྩམས་པ་ཡིན། སྐབས་དེར། ཕྱི་རོལ་གྱི་ཆར་བ་འབབ་མཚམས་བཞག་སྟེ་ཁང་སྟེང་གི་ཆར་ཆུ་དག་ཝ་ཁ་བརྒྱུད་ནས་ཤག་ཤག་ཏུ་ས་ལ་ཟགས་བཞིན་འདུག དེ་དུས་གཞི་ནས་ང་རང་གི་རིག་པ་གསལ་པོ་ཡིན་པ་ཚོར། རྒྱང་རིང་གི་ནམ་མཁའ་ནས་ད་དུང་ཡང་བར་མཚམས་མེད་པར་འབྲུག་སྒྲ་ལྡི་རི་རི་གྲག་ཡོང་།

  གཉིས།

  ནམ་ཟླ་དབྱར་ཁ་ཞིག་ལ་ཁེལ་འདུག ཕྱི་རོལ་ན་ཆར་བ་ཟམ་ཟིམ་ཞིག་འབབ། ངས་ཆར་བ་ཟམ་ཟིམ་འདི་ཙམ་གྱིས་འབྲོག་ཐང་གི་བྱིས་པ་རྣམས་ལ་གང་ཡང་མི་གནོད་སྙམ་སྟེ་བུ་ཆུང་བ་དང་བུ་མོ་གཉིས་ཀ་ཕྱི་རོལ་དུ་རྩེད་མོ་རྩེ་བར་མངགས། སློབ་ཆུང་འདོན་བཞིན་པའི་བུ་ཆེ་བ་ཁྱིམ་དུ་བཀག་ནས་དབྱར་གནང་གི་ལས་བྱ་འབྲི་རུ་བཅུག ང་རང་ཅི་ཞིག་ལ་བྲེལ་འཚུབ་ལངས་བཞིན་ཡོད་པའམ་ཡང་ན་དལ་བྲེལ་གང་ཡང་མེད་པར་ལྷོད་གཡེང་དུ་བསྡད་ཡོད་པ་གསལ་ཐག་མ་ཆོད་མོད། བུ་ཆེ་བ་ངེད་གཉིས་ཁྱིམ་དུ་ཡོད་པ་ནི་གསལ་ཐག་ཆོད་རེད།

  སྐབས་རེར་བུ་ཆུང་བའི་དགོད་སྒྲ་ཐོས་ཡོང་། ལན་རེར་གཅེས་ལང་དུ་ཤོར་བའི་བུ་མོས་རྩེད་མོ་དེ་མོ་རང་གི་འདོད་པ་ལྟར་མ་བྱུང་བར་སྡུག་ཡུས་འདོན་པའི་ངུ་སྐད་རྫུན་པ་ཚོར་ཡོང་། ངས་ཕྱི་རོལ་གྱི་གྲག་འགུལ་ལ་རྣ་ཉན་བྱེད་ཀྱིན་བསྡད། ང་རང་བྱིས་པ་ཚོའི་ཨ་ཕར་གྱུར་བའི་ལོ་ངོ་འདི་དག་གི་རིང་། ང་ལ་ཉམས་མྱོང་ཞིག་ཐོབ་ཡོད་པ་ནི། བྱིས་པ་རྣམས་ང་ཚོའི་མཐོང་ལམ་དང་བྲལ་ནས་ཕྱི་རོལ་ན་རྩེད་མོ་རྩེ་བཞིན་ཡོད་དུས། སྐབས་ལན་རེར་ཁོ་ཚོའི་དགོད་སྒྲ་དང་ངུ་སྐད་གང་རུང་ཐོས་ཡོང་། དེ་དུས་ཁོ་རང་ཚོ་བདེ་འཇགས་ངང་རྩེད་བཞིན་ཡོད་ངེས། ཡང་སྐབས་ལན་རེར་གྲག་འགུལ་ཅི་ཡང་མེད་པར་འཇམ་ཐང་ངེར་གྱུར་འགྲོ། དེ་དུས་ཕ་མ་ཞིག་ཡིན་པའི་ངོས་ཐད་ནས་ལམ་སང་མ་བལྟས་ན། ཁོ་རང་ཚོས་དོན་ཆེན་ཞིག་སྒྲུབ་བཞིན་ཡོད་པ་ངེས་གཏན་ཡིན་ཏེ། ས་ཐོག་གི་འབའ་འབུ་སྣ་ཚོགས་གསོད་བཞིན་པའམ་ཡང་ན་ཉེན་ཁ་ཆེ་བའི་ཆུ་ཁར་ཕྱིན་ཏེ་བྱ་བ་གང་ཞིག་རྩོམ་གྲབས་ཡོད་སྲིད།

  གསུམ།

  གཉིད་ཟ་ཟི་དེའི་ཁྲོད་ནས། ངས་ཕྱི་རོལ་དུ་ཆར་བ་ཤག་ཤག་འབབ་བཞིན་པ་གསལ་པོར་ཚོར། ལོ་འདི་འགར། ཆར་ཆུའི་འཇིགས་པ་རབ་ཏུ་རྒོད་པས། ང་ལ་ཡང་བསྐྱར་ག་ཤེད་ནས་ཤ་འོད་བརྡོལ་བའམ་རི་ཉུལ་འབྱུང་མི་ཡོང་ངམ་སྙམ་པའི་སེམས་ཁྲལ་ལངས། དེ་ལས་ཀྱང་ད་ལྟ་ང་རང་ནང་ལོགས་ཀྱི་གྲོང་ཁྱེར་ཡན་ཨན་ཞེས་པ་ན་ཡོད་པས། སང་ཉིན་ཕྱིར་ཕ་ཡུལ་དུ་ལོག་པར་གེགས་དང་བར་ཆད་རེ་སླེབས་མི་ཡོང་ངམ་སྙམ་པའི་སེམས་གནོད་ཆེན་པོ་སྐྱེས། དེ་ལྟ་ནའང་། ནམ་ཕྱེད་རྒྱལ་བའི་དཀྱིལ་འཁོར་འདི་ཙམ་ལ་ང་རང་མལ་ལས་ལངས་ཏེ་གྲོགས་མེད་ཁེར་རྐྱང་ངང་ལམ་ལ་ཆས་ཐབས་མེད་དེ། གཅིག་ན་ཕྱི་རོལ་གྱི་ཆར་བ་རྒོད་པ་དང་གཉིས་སུ་ཐེངས་འདིར་ནང་ལོགས་སུ་སློབ་སྦྱོང་དུ་ཡོང་མཁན་ལ་ང་ཚོ་མི་བརྒྱ་ལྷག་ཡོད་པས། ང་རང་ཅི་ཡིན་འདི་ཡིན་མེད་པར་ཁེར་རྐྱང་དུ་ཕྱིར་ལོག་རྒྱུ་ནི་དགོད་གཏམ་ཞིག་ཏུའང་མི་འགྱུར་བའི་ངེས་པ་མེད།

  ཆར་བ་ཤག་ཤག་ཏུ་འབབ་བཞིན་འདུག འབྲུག་སྒྲ་ལྡིར་ལྡིར་དུ་གྲག་ཡོང་། ཆར་བ་འབབ་སྟངས་དེ་དང་འབྲུག་སྒྲ་གྲག་སྟངས་དེ་གཉིས། དངོས་འབྲེལ་བྲེད་དངངས་སློང་བྱེད་ཅིག་རེད། གཉིད་ཟ་ཟི་དེའི་ཁྲོད་ནས། ངས་ཕྱི་རོལ་དུ་རི་ཉུལ་བྱུང་ནས་གྲོང་ཁྱེར་འདི་ཐལ་བ་རྡུལ་དུ་བརླགས་སྲིད་དམ་སྙམ་བྱུང་། ལུང་ཁོག་འདིའི་མཐོ་ས་ནས་ས་དང་ཆུ་འདྲེས་པའི་གསེར་མདོག་གི་ཤ་འོད་བརྡོལ་ནས་ཡོད་ཚད་ཁྱུར་མིད་དུ་གཏོང་ངམ་སྙམ་བྱུང་། ད་ལྟ་ཉིད་དུ་ང་རང་ཉལ་སའི་ཁང་མིག་གི་པང་གཅལ་དུ་ཆུ་བརྡོལ་ནས་ཆུ་བོའི་དཔངས་ཇེ་མཐོ་དང་ཇེ་མཐོར་ཕྱིན་ནས་ང་དང་མལ་གོས་བཅས་པ་ཆུ་འོག་ཏུ་བསྣུབ་སྲིད་དམ་སྙམ་བྱུང་། གཉིད་ཟ་ཟི་དེའི་ཁྲོད་ནས། ངས་གཅིག་བྱས་ན་ཅི་ཡང་སྐྱོན་མི་སྲིད་ཀྱང་སྙམ་བྱུང་།

  བཞི།

  བར་སྐབས་ཤིག་ལ། བུ་ཆེ་བས་ལས་བྱ་འབྲི་མཚམས་བཞག་སྟེ་ང་དང་མཉམ་དུ་ཁ་བརྡ་བྱེད་མགོ་བརྩམས།

  “ཨ་ཕ། ཨ་ནེ་ཕུར་ཁོ་ད་རུང་སྨན་ཁང་ན་ཡོད་ནི་ཨེ་རེད།”

  “ཁ་སང་སྨན་ཁང་ནས་བུད་དེ་ཡར་ཁྱིམ་ལ་སོང་ཚར་ནི་རེད།” བུ་ཆུང་གི་སྐད་ཆ་དེས་ང་ལ་ཐོག་མར་སེམས་འགུལ་ཐེབས་པས་ངས་ངག་འཇམ་པོས་དེ་ལྟར་ལན་བཏབ་པ་དང་། ཡང་ལས་བྱ་འབྲི་སྐབས་རྣམ་གཡེང་ལ་ཤོར་འདུག་སྙམ་སྟེ“ཡ། ད་འུར་མ་ཡོང་། ལས་བྱ་བྲིས་ཚར་རམ”ཞེས་བཤད་པ་ན། བུ་ཆུང་གིས་མགོ་བསྒུར་ནས་ཡང་བསྐྱར་ལས་བྱ་བྲིས་བྱུང་།

  འོན་ཀྱང་། སྐར་ཆ་གསུམ་མ་འགོར་བར་ཡང་བསྐྱར་སྐད་ཆ་བཤད་བྱུང་། “ཀ་གོ་དང་ཞི་མོ་གཉིས་ཀ་གང་ལ་སོང་ནི་རེད།” (ཀ་གོ་ནི་ཁོ་རང་གིས་ནུ་བོ་ལ་བཏགས་པའི་གཅེས་མིང་དང་ཞི་མོ་ནི་ང་ཚོའི་ཕ་ཡུལ་གྱི་ཡུལ་སྐད་དེ་བུ་མོ་ལ་གོ་བ་ཡིན།) སྐད་ཆ་དེས་ང་ལ་ཅི་ཡིན་འདི་ཡིན་མེད་པར་བྲེད་དངངས་ཤིག་བསླངས་བྱུང་། ངས་ཕྱི་རོལ་གྱི་བྱིས་པ་གཉིས་ཀའི་གྲག་འགུལ་ལ་སྣང་འཇོག་བྱས་མི་འདུག་པས་ལམ་སང་སེམས་ཁྲལ་ཞིག་བྱུང་མོད། ངས་བུ་ཆེ་བས་ལས་བྱ་བྲིས་མ་ཚར་བར་ཕྱི་རུ་རྩེད་མོར་མངགས་མི་ཉན་བསམ་སྟེ“ཕྱི་ན་རྩེད་བཞིན་ཡོད་པ་རེད། རང་གིས་ལས་བྱ་འབྲི་ཚར་བ་བྱོས་དང་རྩེ་རུ་འགྲོ་ཆོག་པ་རེད”ཅེས་བཤད་པ་ན། ཁོས་ཤིན་ཏུ་མི་འདོད་པའི་རྣམ་འགྱུར་དང་ངུ་ལ་ཁད་ཀྱི་སྐད་ངག་ཅིག་གིས“ད་ལྟ་རྩེ་བཞིན་མེད་པ་འདྲ། མ་བདེན་ན་ལྟོས་དང”ཟེར།

  སྐད་ཆ་དེ་དང་རྣམ་འགྱུར་དེས་ང་ལ་དོན་རྐྱེན་མི་ལེགས་པ་ཞིག་འབྱུང་མི་ཡོང་ངམ་སྙམ་པའི་སེམས་ཁྲལ་ཞིག་བྱུང་བས། སྐད་ཅིག་དེ་མ་ཐག་ཏུ་སྒོ་ཕྱིར་ཐོན་ཏེ་བྱིས་པ་གཉིས་གང་དུ་ཡོད་མེད་ལ་མིག་ཉུལ་བྱས་པ་ན། བྱིས་པ་གཉིས་ཁྱིམ་དང་ཅུང་ཙམ་རྒྱང་བའི་ཕ་རོལ་གྱི་གཞུང་ལམ་འགྲམ་དུ་རྩེད་བཞིན་འདུག སྐབས་དེར་ས་སྲོད་ལ་སླེབས་ཏེ་མུན་རུབ་ལ་ཉེ།

  ངས་བྱིས་པ་གཉིས་ཕྱིར་ཁྱིམ་དུ་ལོག་པར་འབོད་གྲབས་བྱེད་སྐབས། གློ་བུར་དུ་གང་ནས་ཡོང་མི་ཤེས་པའི་སྦག་སྦག་ཞོན་མཁན་ཞིག་ཁོ་གཉིས་ཀྱི་འགྲམ་དུ་བསྡད་བྱུང་། ངས་སུ་ཡིན་ནམ་སྙམ་བཞིན་བལྟས་པ་ན། ཁ་དང་མིག་ཙམ་མ་གཏོགས་ཚང་མ་སྐེ་དཀྲིས་ཀྱིས་བཏུམས་འདུག་པས་སུ་ཡིན་ཤེས་ཐབས་བྲལ། འོན་ཀྱང་། གོན་པ་གྱོན་སྟངས་ལ་བལྟས་ན་བུད་མེད་ཅིག་ཡིན་པར་འདུག་པས། ངས་ངོ་ཤེས་ཤིག་ཡིན་ན་ཐང་སྙམ་སྟེ་ཅུང་སྒུག་བྱས་མོད། བུད་མེད་དེ་སྦག་སྦག་ལས་བབས་ཏེ་ཁོ་གཉིས་ཀྱི་ཕྱོགས་སུ་ཐོན་བྱུང་ལ། དེ་དང་མཉམ་དུ་བྱིས་པ་གཉིས་ཀའང་ཡར་ལངས་ཏེ་བྲོས་བྱུང་། བྱིས་པ་གཉིས་བྲོས་པ་དང་བསྟུན་ནས་བུད་མེད་དེས་ཀྱང་རྗེས་ནས་དེད་བྱུང་།

  སྐབས་དེར། ངས་དཔེ་བསགས་སོང་སྙམ་སྟེ་ཀི་འབོད་བྱེད་བཞིན་མདུན་དུ་བརྒྱུགས་མོད། ངའི་ཀི་འབོད་ལ་སྒྲ་མི་འདུག ང་མདུན་དུ་རྒྱུགས་བྱེད་ཀྱི་རྐང་པ་འཁུམས་འདུག འོན་ཀྱང་། བྱིས་པ་གཉིས་ཀ་འཇིགས་སྐྲག་དང་བཅས་ཏེ་འབྲོ་བཞིན་པ་དང་། བུད་མེད་དེས་གོམ་སྟབས་ཆེན་པོས་འདེད་བཞིན་པ་གསལ་པོར་མཐོང་ཐུབ།

  ངས་ལུས་ཤུགས་ཡོད་ཚད་རྩལ་དུ་བཏོན་ནས་མདུན་དུ་བརྒྱུགས་ཤིང་། སྐད་གསེང་མཐོན་པོས་ཀི་འབོད་བྱས་པ་ཡིན། བུད་མེད་དེས་ཏག་ཏག་ངའི་བྱིས་པ་གཉིས་ཀ་འཛིན་གྲབས་བྱེད་དུས། ང་རང་རྒྱུགས་མ་འཁུམ་གྱིས་ཁོ་ཚོའི་ཉེ་གམ་དུ་སླེབས་བྱུང་བས། སྐབས་དེར་བུད་མེད་དེ་ཡང་གོམ་སྟབས་མྱུར་མོས་ག་ཤེད་ལ་བྲོས་སོང་།

  ལྔ།

  གཉིད་ཟ་ཟི་དེའི་ཁྲོད་ཀྱི་འཇིགས་དངངས་དེས། ཡང་ན་དེ་དང་བསྣོམ་མར་རྨིས་པའི་རྨི་ལམ་འཇིགས་སུ་རུང་བ་དེས། ང་རང་ཁོག་འདར་རྒྱག་བཞིན་གཉིད་ལས་སད། གཉིད་ལས་སད་དུས། ངའི་བྱང་ཁོག་སྟོད་དུ་ཆུ་འཁྱག་ཟོ་བ་གང་བྱོས་པ་ལྟར་གྲང་སིག་སིག་བྱེད།

            ༢༠༢༤ལོའི་ཟླ༨ཚེས༧ཉིན་གྱི་ཞོགས་པའི་ཆར་ཤར་མར་བྲིས།
                     ༢༠༢༥ལོའི《ཤྭ་སྐྱ》དེབ་གཉིས་པར་བཀོད།

  བར་ཆད། (ཁག་གཉིས་པ།)

  དེ་ནི་ཉིན་རྒྱབ་ཀྱི་ཆུ་ཚོད་གཉིས་པ་ཡས་མས་ཤིག་ཡིན་དགོས་ཏེ། ངས་ཨ་མས་གཡོས་པའི་གུང་ཟས་ཟོས་རྗེས་རང་ཉིད་ལ་ཀོག་ཧྥེ་ཕོར་གང་བསྐོལ་ཅིང་། དེ་ནས་ཉེ་ལམ་ཀློག་མགོ་བརྩམས་པའི《འཛམ་གླིང་ལོ་རྒྱུས་སྤྱི་བཤད》ཅེས་པའི་དཔེ་དེབ་དང་། ཟིན་བྲིས་འབྲི་དེབ། རྟགས་སྨྱུག་སོགས་མདུན་ཅོག་སྟེང་དུ་བླངས་ཏེ་ཕྱི་དྲོའི་དཔེ་ཀློག་གི་གྲ་སྒྲིག་ཚགས་སུ་ཆུད་པ་བྱས།

  ད་ལོའི་དགུན་གནང་ལ་ང་རང་ཨ་མའི་གམ་དུ་བག་ལྷོད་པོར་བསྡད་ནས་དཔེ་ཀློག་དང་སློབ་སྦྱོང་སོགས་ཀྱིས་དུས་འདའ་བར་བྱས། དོན་དེས་ཨ་མའི་ཐུགས་ཡིད་རབ་ཏུ་ཚིམས་པ་འདྲ་སྟེ་མཚམས་མཚམས་སུ་སྣ་གླུ་ཐན་ཐུན་རེའང་ཁྱིམ་སྒོའི་ཕྱི་ནང་ནས་འཐེན་ཡོང་། དངོས་འབྲེལ་མ་སེམས་བུ་ཞེས་པ་ནི་འདི་འདྲའི་རླབས་ཆེན་ཞིག་སྟེ། ངས་ཁྱིམ་ལས་སྣ་གཅིག་མ་བསྒྲུབས་པར་ཁོང་མོའི་གམ་ནས་སྡོད་པ་ཙམ་གྱིས་ཀྱང་བདེ་སྐྱིད་ཀྱི་སྣང་བ་ཞིག་སྦྱིན་ཐུབ་ཀྱིན་འདུག དེ་བས། རང་ངོས་ནས་ཀྱང་ད་ལོའི་དགུན་གནང་ནི་དེ་འདྲའི་དོན་སྙིང་ལྡན་པ་ཞིག་འཁྱོལ་སོང་ཨང་སྙམ་པ་བྱུང་།

  ངས་དབྱིན་ཇིའི་ལོ་རྒྱུས་རིག་པ་དང་སྤྱི་ཚོགས་རིག་པའི་མཁས་པ་ཆེན་པོ་ཧ་བྷ་ཐ•རྗོ་རྗི•ཝེ་ཝོལ་སིས་བརྩམས་ཤིང་དགེ་རྒན་འཇམ་དབྱངས་བཀྲ་ཤིས་ཀྱིས་རང་རེའི་སྐད་དུ་བསྒྱུར་བའི་དེབ་མཆོག《འཛམ་གླིང་ལོ་རྒྱུས་སྤྱི་བཤད》ཅེས་པར་སློབ་སྦྱོང་བྱས་ཏེ་ཉིན་འགའ་འགོར་ཡོད། ངས་ལེའུ་ཉེར་བརྒྱད་པ་སྟེ《སྟོན་པ་ཤཱཀྱ་ཐུབ་པ》ཞེས་པའི་ལེའུ་དེར་བསྒྱུར་ཅིང་། སྣང་ངོར་རང་ཅག་གིས་སྤྱི་བོའི་གཙུག་ཏུ་བཀུར་བའི་སྟོན་པར་མི་རིགས་དང་རྒྱལ་ཁབ་གཞན་གྱི་མཁས་པས་ལྟ་ཚུལ་གང་འདྲ་ཞིག་བཟུང་ཡོད་དམ་སྙམ་པའི་མཚར་སྣང་དང་བཅས་ལམ་སང་ཀློག་འདོད་སྐྱེས་བྱུང་།

  ཡར་སྔོན《སྤྲིན་དཀར་ལམ་རྙིང》ཞེས་པའི་རྒྱ་གར་གྱི་གནས་བརྟན་ཐིག་ནཏ་ཧཱན་གྱིས་བརྩམས་པའི་སྟོན་པའི་རྣམ་ཐར་རྒྱས་པ་ཞིག་བཀླགས་པས་སྔར་མེད་ཀྱི་བློ་སྐྱེད་མང་པོ་ཐོབ་ཅིང་གནད་དོན་གང་མང་ཞིག་ལ་ངེས་ཤེས་གསར་པ་འདྲོངས་པས་གོ་སྐབས་ལྡན་ན་ཡང་བསྐྱར་ཐེངས་གཅིག་ཀློག་དགོས་སྙམ་ཡོད། སྔོན་གྱི་དགེ་རྒན་བཀའ་དྲིན་ཅན་རྣམས་ཀྱི་ངག་ནས་ཐོས་པའམ་ཡང་ན་དེབ་དེ་བཀླགས་པའི་བག་ཆགས་ཀྱིས་སྟོན་པའི་སྐུ་ཚེའི་ལོ་རྒྱུས་ཅུང་ཟད་རང་རྒྱུད་དུ་ཡོད་པས། གཞན་གྱི་མཁས་པས་བརྩམས་པའི་སྟོན་པའི་ལོ་རྒྱུས་གང་དེ་ཅིས་ཀྱང་ཞིབ་ཏུ་བཀླགས་ཏེ་དཔྱད་བསྡུར་ཞིག་བྱེད་དགོས་སྙམ།

  ངས་ཤོག་གྲངས་བརྒྱ་དང་ཞེ་བརྒྱད་པར་བསྒྱུར་ནས་ཐིག་ཕྲེང་དང་པོ་ཀློག་པར་རྩོམ་དུས། ཏག་ཏག་སྒོ་རྡུང་བའི་སྒྲ་ཞིག་ཐག་ཐག་ཏུ་གྲག་བྱུང་། སྐབས་དེར་ཨ་མས་ཀྱང《པདྨ་བཀའ་ཐང》གི་ཁ་ཕྱེས་ཏེ་ཚིག་རྐང་རེ་རེ་བཞིན་སྦྱོར་ཀློག་བྱེད་ཀྱིན་འདུག་པས། ང་རང་ལམ་སང་ཡར་ལངས་ཏེ་སྒོ་ཕྱེ་བར་ཕྱིན་པ་ཡིན།

  ཕྱི་དྲོ་དེར་ངེད་ཚང་ལ་མགྲོན་པོ་ཞིག་སླེབས། མགྲོན་པོ་དེ་ནི་གཞན་སུ་ཡང་མིན་ཏེ་ཁྱིམ་མཚེས་རྒད་པོ་ཞིག་རེད། ཁོ་ནི་ང་ཚོའི་ཕ་ཡུལ་ན་སྐད་གྲགས་ཆོད་པའི་བཤད་དགའ་ཅན་ཞིག་ཡིན་པར་མ་ཟད། སྡེ་ཡར་ནང་མར་ནང་གི་དོན་དག་ཆེ་ཕྲ་ཆུང་གསུམ་གང་ཡིན་ཁོས་གོ་མེད་པ་ཞིག་མེད་ལ་དེ་བཞིན་དུ་ཁོས་མི་བཤད་རྒྱུ་ཞིག་ཀྱང་མེད་པས། གཏམ་རྩིས་ཅན་མང་པོ་ཞིག་ཁོ་དང་མཉམ་དུ་ཁ་བརྡ་བྱེད་པར་སྤྲོ་བ་དང་། ཡང་འགའ་རེས་བསམ་གཟས་ཏེ་ཁོའི་ཟུར་ནས་གསང་བ་ཅི་ཞིག་ཨེ་ཐོས་ཀྱི་རེ་བའང་བྱེད་ཀྱིན་ཡོད། འོན་ཀྱང་སྐབས་མང་པོ་ཞིག་ལ་ཁོ་ནི་འདྲི་མི་དགོས་པར་བཤད་ཡོང་བ་དེའི་རིགས་ཡིན་པས། ཚང་མས་ཁོ་ལ་ལྐོག་ལྐོག་སུད་སུད་དུ་ཨ་ཁུ་བཤད་དགའ་ཞེས་འབོད་ཀྱིན་ཡོད།

  ཨ་མས་ལག་གི་དཔེ་ཆ་ཡར་ཆ་སྟེགས་སུ་བཞག་སྟེ་ཨ་ཁུ་བཤད་དགའ་ལ་ཇ་དཀར་ཡོལ་གང་དྲངས་ཤིང་། གུང་ཟས་ཟོས་ཚར་ཡོད་མེད་དྲིས་པར་ཨ་ཁུ་བཤད་དགས་ད་སོ་མར་ཉིག་ཉིག་ཚང་ནས་བརྒྱགས་ཐག་ཆོད་པ་ཞིག་ཟོས་པ་ཡིན་ཞེས་བཤད་པ་དང་། ལག་ཏུ་ཐོགས་པའི་ཕྲེང་བ་དེའི་བགྲང་མཚམས་རྩ་བ་ནས་མ་བཞག ཐ་ན་སྐད་ཆ་བཤད་དུས་ཀྱང་བགྲང་བཞིན་འདུག

  ངས་སྔོན་ཆད་རྒན་པ་ཚོའི་ངག་ནས་སྐད་ཆ་འདི་འདྲ་ཞིག་ཐོས་མྱོང་ཡོད། “མ་ཎི་དང་གུ་རུ་སིདྡྷི་སོགས་ཁ་ཏོན་གང་ཞིག་བཟླས་རུང་། གལ་སྲིད་མི་དེས་ས་ཡ་གཅིག་གམ་བྱེ་བ་ཞིག ཡང་ན་དུང་ཕྱུར་གཅིག་ཡིན་ནམ། གང་ལྟར་གྲངས་ཀ་མང་པོ་ཞིག་ལོངས་རྗེས་སྐད་ཆ་བཤད་པའི་སྐབས་དང་ཡང་ན་ཁ་ཏོན་གང་ཉིད་ངག་ནས་མ་བཟླས་པར་ཕྲེང་བ་མུ་མཐུད་དུ་བགྲངས་ཀྱང་། ཕན་ཡོན་འདྲ་མཚུངས་སུ་ཡོད་པ་ཡིན།” ངས་སྐད་ཆ་འདི་ཡིད་ལ་དྲན་བཞིན་ཆོས་པ་རྣལ་མ་ཞིག་ལ་མཚོན་ན་དེ་དེ་བཞིན་དུ་ཡིན་སྲིད་ནའང་ཐང་མོད། འོན་ཀྱང་། ཨ་ཁུ་བཤད་དགའ་ནི་བཤད་ལ་དགའ་ནས་སྐད་གྲགས་ཆོད་པ་ལས་ཁ་ཏོན་བཏོན་ནས་ཚང་མས་བརྩི་ཞིང་བཀུར་བ་ཞིག་ཡིན་པ་གོ་མ་མྱོང་བས། ང་ལ་རང་དབང་མེད་པར་ཁོང་དགོད་ཅིག་བྱུང་མོད། ཡང་སངས་རྒྱས་དང་རྐུན་མ་གཉིས་གང་ན་ཡོད་མི་ཤེས་ཞེས་པའི་སྐད་ཆ་དེ་ཡིད་ལ་དྲན་མུར་བཟོད་བསྲན་ཅི་ཐུབ་བྱས་པ་ཡིན།

  ང་རང་ཕྱིར་བསྡད་ནས་དཔེ་ཆ་ཀློག་དགོས་སྙམ་མོད། འོན་ཀྱང་། ཁྱིམ་ལ་མགྲོན་པོ་སླེབས་ན་སྐད་ཆ་ཚིག་གཅིག་ཀྱང་མི་བཤད་པར་དཔེ་ཆར་བལྟས་ན་འོས་འཚམ་མིན་པའམ་མ་གུས་པ་ཞིག་ཡིན་པས་ཨ་ཁུ་བཤད་དགའ་ལ་ཇ་འཐུང་དང་ཞེས་བཤད་པ་ཡིན། ཡང་ཁོ་ལ་གསར་འགྱུར་རམ་སྐད་ཆ་གསར་བ་ཅི་ཞིག་བཤད་རྒྱུ་ཡོད་དམ་སྙམ་པའི་མཚར་སྣང་ཞིག་ཀྱང་བྱུང་མོད། སྐབས་དེར་ཁ་ཕྱེས་ནས་བཞག་ཡོད་པའི་དཔེ་ཆ་དེའི་འདྲེན་ཤུགས་ནི་དེ་ལས་ཀྱང་ཆེ་བ་འདྲ་སྟེ། ངས་མཚམས་མེད་པར་ཐིག་ཕྲེང་དང་པོ་ཀློག་པར་ཚོད་ལྟ་བྱེད་དགོས་བྱུང་།

  གང་ལྟར་ཡང་ང་ལ་སྒུག་བཟོད་ཅི་ཡང་མི་འདུག་སྟེ། ངས་ཐིག་ཕྲེང་དང་པོ་ནས་ཀློག་མགོ་བརྩམས། “སྤྱི་ལོའི་སྔོན་གྱི་དུས་རབས་དྲུག་པར། སྐྱེས་བུ་ཆེན་པོ་འཇིག་རྟེན་དུ་བྱོན་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། ཨེ་ཞ་ཡ་པའི་ཆོས་ཀྱི་ལྟ་གྲུབ་དང་དད་མོས་ལ་འགྱུར་བ་ཆེན་པོ་བྱུང་། འདིའི་མཚན་ལ་ཤཱཀྱ་ཐུབ་པ་ཟེར།” ངས་ཚིག་འདི་དབུགས་ཐེངས་གཅིག་གིས་བཀླགས་པ་ན་དེ་ནི་གནད་ཚིག་ཅིག་ཡོད་པར་འདོད་པས་རྟགས་སྨྱུག་བླངས་ཏེ་ཡིག་འབྲུ་རེ་རེ་ནོན་པར་བྱས་ནས་རྟགས་སྔོན་པོ་ཞིག་བརྒྱབ་པ་ཡིན།

  “ཉིག་ཉིག་ཚང་གི་བུ་མོ་བག་མར་འགྲོ་ས་ནས་སྒྱུག་མོ་དང་མ་འཐད་པར་ཕྱིར་སླེབས་འདུག་ཟེར།” ཨ་ཁུ་བཤད་དགས་དངོས་སུ་གསར་འགྱུར་བཤད་མགོ་བརྩམས་བྱུང་།

  “འོ། ཨེ་བདེན་ནམ། ད་ལོའི་དབྱར་ཁར་གཟོད་སྟོན་མོ་བརྒྱབ་པ་མིན་ནམ།” ཨ་མས་སྣང་ལ་མ་ངེས་པའི་ངང་ནས་དེ་ལྟར་ལན་ལྡོན་པར་གཞིགས་ན་སྣང་ཚུལ་འདི་ནི་ད་ལྟ་རྒྱུན་ལྡན་ལྟ་བུ་ཞིག་ཏུ་འགྱུར་བཞིན་ཡོད་པ་དང་འདྲ།

  “རེད་རེད། དེང་སང་ནི་གནའ་སྔོན་མ་དང་མི་འདྲ་བར་དེ་རིང་ཡར་འགྲིག་ན་སང་ཉིན་མར་འཐོར་གྱིན་འདུག ངོ་མ་དུས་ངན་སྙིགས་མའི་མཐའ་ཟེར་བར་སླེབས་ཀྱིན་ཡོད་པ་འདྲ།”

  “ཅི་བཤད།” ཨ་མས་ཡང་བསྐྱར་ཨ་ཁུ་བཤད་དགར་ཇ་ལྡུག་ཞོར“ཉིག་ཉིག་མ་ནམ་ཞིག་ལ་ཕྱིར་ཡོང་བ་ཡིན་ནམ”ཞེས་དྲིས་བྱུང་།

  “མདང་ནུབ་མཚན་ཕྱེད་ལ་ཕྱིར་བྲོས་ནས་ཐོན་འདུག་ཟེར།” ལྟོས་དང་། ངས་ཨ་ཁུ་བཤད་དགའི་གསར་འགྱུར་ཤེས་རྟོགས་ཀྱི་ནུས་པ་ཤིན་ཏུ་སྐྱེན་ཞེས་པ་བདེན་པ་མ་རེད་དམ།

  “……”

  ངས་ཀྱང་གསར་འགྱུར་འདི་ཐོས་དུས་ཅུང་ཙམ་ཡ་མཚན་སྐྱེས་ཏེ་དཔེ་ཆ་ཀློག་མཚམས་བཞག་ནས་ཉན་དགོས་བྱུང་། ད་རུང་ད་ལོའི་དབྱར་ཁར་རང་ཉིད་ཀྱང་གཉེན་སྟོན་གྱི་མཛད་སྒོ་དེར་ཞུགས་པ་དང་། ཁོ་མོ་གཟའ་ཟླ་གཉིས་ལ་སྐུ་མགྲོན་མང་པོས་མཉམ་གཅིག་ཏུ《བསོད་ནམས་ཡར་འགྲོ》ཞེས་པའི་ཕ་ཡུལ་གྱི་ཁྱད་ཆོས་ལྡན་པའི་རྟེན་འབྲེལ་མཚོན་བྱེད་ཀྱི་ཞབས་བྲོ་དེ་འཁྲབ་བཞིན་པའི་རྣམ་པའང་མིག་ལམ་དུ་ཤར་བྱུང་། དེ་དང་ཆབས་ཅིག་ཏུ་དངོས་འབྲེལ་དེང་སང་གི་གཟའ་ཚང་ནི་འཐོར་ཟེར་ན་འཐོར་འགྲོ་བ་ཞིག་དང་། འགྲིག་ཟེར་ན་འགྲིག་འགྲོ་བའི་ཁེ་མཚར་ཞིག་མ་རེད་དམ་སྙམ།

  ཨ་ཁུ་བཤད་དགའ་དང་ཨ་མ་གཉིས་ཀྱིས་མུ་མཐུད་དུ་དེའི་སྐོར་ནས་ཁ་བརྡ་བྱེད་ཀྱིན་འདུག ངས་དེབ་ངོས་ནས་ཐིག་ཕྲེང་རྗེས་མ་བཙལ་ཏེ་མུ་མཐུད་དུ་བཀླགས་མོད། འོན་ཀྱང་། སེམས་ཀྱི་ཡོལ་ངོས་སུ་གོང་གི་ཁ་བརྡ་དེས་རེས་གསལ་རེས་མོག་གིས་བཙན་འཛུལ་བྱས་པས། ཚིག་ངོས་ཀྱི་ནང་དོན་ལ་བསམ་གཞིག་རྣལ་མ་ཞིག་ཐུབ་ཀྱིན་མེད་པ་འདྲ་བས། རང་གྲུབ་ཚན་པ་དང་པོ་བཀླགས་རྗེས་ཡང་བསྐྱར་མགོ་ནས་ཀློག་དགོས་བྱུང་།

  ངས་རིག་པ་རྩེ་གཅིག་ཏུ་བསྒྲིམས་ནས་རང་གྲུབ་ཚན་པ་དང་པོ་ཡང་བསྐྱར་ཐེངས་གཅིག་བཀླགས་རྗེས། ད་ཅི་རང་ཉིད་ལ་བསྐོལ་བའི་ཨར་ལུགས་ཀོག་ཧྥེ་ཕོར་གང་དེ་ཁམ་གང་ཡང་མ་བཏུང་བར་ཟུར་དུ་བཞག་ཡོད་པ་ཉམས་སུ་ཆུད་པས་མཚམས་དེར་མདོག་ནག་ལ་རོ་ཁ་བའི་ཀོག་ཧྥེ་ཧུབ་གང་འཐུང་། ཀོག་ཧྥེ་ཧུབ་གང་དེས་ངའི་རིག་པ་རབ་ཅིག་ཇེ་གསལ་དུ་བཏང་བས་ང་ལ་མུ་མཐུད་དུ་ཚན་པ་གཉིས་པ་དང་གསུམ་པ་སོགས་ཀློག་པའི་འདོད་རྔམ་ལངས།

  ངས་རང་གྲུབ་ཚན་པ་གཉིས་པ་ཀློག་པར་བརྩམས་པ་ན། ཨ་ཁུ་བཤད་དགས་ཀྱང་གསར་འགྱུར་ཁག་གཉིས་པ་བཤད་མགོ་བརྩམས་བྱུང་།

  “ད་ལོ་སྡེ་བའི་ནང་དུ་རྟ་རྒྱུགས་ར་བ་གསར་དུ་བཙུགས་པ་ནས་ཚང་མས་རྒྱུགས་རྟ་མང་པོ་ཉོ་བཞིན་འདུག་ཟེར། ངོ་མ་མི་ཞེས་པ་འདི་ཅི་འདྲའི་ཨ་གསར་ཆེ་བ་ཞིག་མ་རེད་དམ།” ཨ་ཁུ་བཤད་དགས་མགྲིན་པ་བསངས་ཙམ་བྱས་ཏེ་མུ་མཐུད་དུ་བཤད་དོན། “ཉིག་ཉིག་ཚང་གིས་ཀྱང་རྒྱུགས་རྟ་གོང་ཆེན་ཞིག་ཉོས་འདུག་ཟེར། མིག་སྔའི་བར་དུ་ང་ཚོའི་སྡེ་བའི་ནང་དུ་དེ་འདྲའི་རྒྱུགས་རྟ་གོང་ཆེན་ཞིག་ཐོན་མེད་ཚོད་རེད། ཚང་མས་ད་ལོའི་དབྱར་སྐྱིད་སྐབས་ཁོང་ཚང་གི་རྒྱུགས་རྟས་ཨང་དང་པོ་ལེན་ཤག་རེད་ཅེས་བཤད་ཀྱིན་འདུག”

  “ཨ་ལེ། མ་གོ་ཡ། དེ་བ་ཚང་ལ་སྒོར་མོ་ནི་མང་པོ་ཞིག་མེད་ཚོད་ཡིན། ཅི་ཞིག་སྦྱིན་ནས་ཉོས་པ་ཡིན་ནམ།” ཨ་མས་ཀྱང་ལག་ཏུ་ཕྲེང་བ་དམར་པོ་ཞིག་བསྣམས་ནས་ཕྲེང་རྡོག་རེ་རེ་བཞིན་བགྲང་གིན་འདུག

  “འབྲོག་གི་ཕྱེད་ཀ་བསྟུངས་འདུག་ཟེར།”

  “ཨ……ཨ…… དཔེ་སྲིད་དམ། གེ་སར་གྱི་ལྷ་རྟ་རྐྱང་ལི་ནི་མ་རེད། དེ་འདྲའི་གོང་མཐོན་པོ་ཞིག་ཅི་ཡིན་ནམ། ངོ་མ་དེང་སང་གི་མི་ཚང་མ་སྨྱོས་འདུག”

  “ང་ཚོར་ལྟ་རྒྱ་ཐོས་རྒྱ་མེད་པ་རེད་མ་གཏོགས། ས་ཆ་གཞན་པའི་རྒྱུགས་རྟ་ཉོ་ཚོང་གི་གོང་ཚད་དང་བསྡུར་ན་ཉིག་ཉིག་ཚང་གི་རྒྱུགས་རྟ་ཡང་གོང་ཆུང་ཆུང་ཡིན་འདུག” ཨ་ཁུ་བཤད་དགས“ང་ཚོ”ཞེས་རང་ཉིད་ཀྱང་ལྟ་རྒྱ་ཐོས་རྒྱ་ཆུང་བའི་གྲས་སུ་བཞག་སྟེ་ཁེངས་སྐྱུང་གིས་བཤད་བྱུང་མོད། འོན་ཀྱང་དོན་དམ་དུ་ཁོ་ནི“ང་ཚོ”དང་ག་ལ་འདྲ་སྟེ་རྩ་བ་ནས་ཁ་ཁ་སོ་སོ་ཡིན། མ་མཐའ་ཡང་ཁོས་མུ་མཐུད་དུ་ས་ཆ་གཞན་གྱི་རྟ་བདག་དང་རྒྱུགས་རྟ་རྣམས་ཀྱི་གནས་ཚུལ་མང་པོ་ཞིག་ཨ་མ་ངེད་གཉིས་ཀྱི་རྣ་ལམ་དུ་བྱོས་པ་ལས་གསལ་པོར་ཤེས་ཐུབ།

  ངས་བློ་རྩེ་ཇི་ལྟར་བསྒྲིམས་ཀྱང་ཨ་ཁུ་བཤད་དགའ་དང་ཨ་མ་གཉིས་ཀྱི་ཁ་བརྡ་དེས་ངའི་ནང་སེམས་སུ་བག་ལྷོད་ཀྱི་གོ་སྐབས་ཅི་ཡང་མ་སྤྲད་པས། ངས་ཡིག་ངོས་ཀྱི་ཐིག་ཕྲེང་རེ་རེ་བཞིན་བཀླགས་ནས་ཚན་པ་བཞི་པར་སླེབས་ཀྱང་དོན་གྱི་སྙིང་བོ་ཅི་ཡང་ལོན་མི་འདུག་སྟེ། འདི་ཡན་ཆད་ཀྱི་ནང་དོན་གཙོ་བོ་འདིའོ་སྙམ་པ་ཞིག་བློ་ཡུལ་དུ་ཤར་རྒྱུ་མ་བྱུང་། དེ་བས། ང་རང་གློ་རྡེག་ཏུ་མི་བདེ་བ་ཞིག་གིས་དམ་དུ་བཟུང་སྟེ་ཅི་ཡིན་འདི་ཡིན་མེད་པར་ཨ་ཁུ་བཤད་དགའི་སྟེང་དུ་ཁོང་ཁྲོ་ལངས་བྱུང་། འོན་ཀྱང་། ཨ་ཁུ་བཤད་དགས་ད་རུང་བཤད་མཚམས་འཇོག་པའི་གྲ་སྒྲིག་ཅི་ཡང་མི་འདུག་སྟེ། ཨ་མས་ཡང་ཡང་བླུགས་པའི་འོ་ཇ་དཀར་པོ་འཐུང་ཞོར་ཡང་དང་བསྐྱར་དུ་ཁ་བརྡ་གསར་པའི་མགོ་རྩོམ་པར་བྱེད།

  ཨ་ཁུ་བཤད་དགའི་ཁ་བརྡ་ལ་རྫོགས་རྒྱུ་མི་འདུག ཨ་མའི་འོ་ཇ་དཀར་པོ་ལའང་འཛད་མཐའ་མི་འདུག འོན་ཀྱང་ངའི་དཔེ་ཀློག་གི་འགྲོས་ནི་ཕག་པའི་གོམ་སྟབས་བཞིན་མདུན་དུ་འགྲོ་ཐབས་མི་འདུག ངའི་བློ་དང་རིག་པ་ནི་སྣོད་ཁ་སྦུབས་བཞིན་ཤེས་རབ་ཀྱི་ཉིང་ཁུ་ཐིགས་པ་ཙམ་ཡང་གསོག་འཇོག་བྱེད་པའི་གོ་སྐབས་མ་རྙེད།

  “ངག་རྒྱུན་ལ། ཤཱཀྱ་ཐུབ་པས་ཐོག་མར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་ངོ་སྙམ་པའི་དུས་དེའི་སྐབས་ལ། བཙུན་མོར་སྲས་ཤིག་འཁྲུངས་པ་གསན་པས། ཐུབ་པས་འདིའང་འཆིང་བར་བྱེད་པའི་རྒྱུ་ཞིག་གོ་ཞེས་གསུངས་སྐད།” ཤོག་ངོས་བརྒྱ་དང་ལྔ་བཅུའི་སྟེང་གི་ཚིག་དུམ་ཐུང་ཐུང་འདིས་ང་རང་གློ་བུར་དུ་རང་ཉིད་ལ་ཡིད་ཆད་དུ་བཅུག་བྱུང་། སྔོན་བྱོན་གྱི་སྐྱེས་བུ་དམ་པ་རྣམས་ནི་ཐོབ་དང་གོ་ས། རྒྱུ་དང་ལོངས་སྤྱོད་ཙམ་མ་ཟད། ཐ་ན་གཅེས་པའི་ཆུང་མ་དང་བུ་ཕྲུག་སོགས་ཀྱིས་ཀྱང་འཆིང་སྡོམ་མ་ཐུབ་པར་བློ་ཕུགས་ཆོས་ལ་གཏད། ཆོས་ཕུགས་སྤྲང་ལ་གཏད། སྤྲང་ཕུགས་ཤི་ལ་གཏད། ཤི་ཕུགས་བྲག་ལ་གཏད་དེ་དཀའ་སྤྱད་སྡུག་རུས་ཀྱིས་སྐུ་ཚེ་བསྐྱལ་བའི་རྣམ་ཐར་དང་ལོ་རྒྱུས་ནི་བགྲང་གིས་མི་ལང་མོད། འོན་ཀྱང་། རང་ཉིད་ལྟར་ན་ནང་སེམས་ལ་བདག་དམ་མི་ཐུབ་པ་ནི་ཐ་ན་རང་ཉིད་ལ་འབྲེལ་བ་ཅི་ཡང་མེད་པའི་ཁ་བརྡ་ཙམ་གྱི་འཆིང་བ་ལས་ཀྱང་ཐར་མི་ཐུབ་པར་འདུག་པས། རྣམ་གཡེང་གི་དབང་དུ་ཤོར་བའི་སེམས་པ་འདི་ནི་ཅི་འདྲའི་གཅུན་དཀའ་བ་ལ་ཨང་སྙམ་པ་ཞིག་བྱུང་།

  གང་ལྟར་ཡང་། ངས་བློ་ཆད་དང་ཡིད་ཕམ། ཁོང་ཁྲོ་སོགས་རྐྱ་འཐབ་པའི་སེམས་བྱུང་སྣ་ཚོགས་པས་མནར་བའི་སེམས་རྒྱུད་འདི་ལ་ཇི་ལྟར་བདག་དམ་དང་ཡོ་བསྲང་བྱེད་པའི་ཐབས་དམ་པ་ཞིག་མ་རྙེད་ནའང་། དཔེ་དེབ་ངོས་ཀྱི་ཐིག་ཕྲེང་རེ་རེ་བཞིན་ཚིག་དུམ་རེ་རེ་བཞིན་མུ་མཐུད་དུ་བཀླགས་པ་ཡིན། སྐབས་ཤིག་ལ་ཡོད་ཚད་སྣང་ལ་མ་ངེས་པའི་ངང་དུ་ཀློག་བཞིན་ཡོད་པ་རང་གིས་ཀྱང་ཚོར་མོད། ལེའུ་དེ་ངེས་པར་དུ་བཀླགས་ཚར་དགོས་སྙམ་པའི་ཆོད་སེམས་ཤིག་གིས་ཡང་ཡང་འདེད་བཞིན་འདུག་པས་གཞན་གང་ལའང་བསམ་བློ་མ་བཏང་།

  ཨ་ཁུ་བཤད་དགའ་དང་ཨ་མ་གཉིས་ཀྱིས་སྡེ་ཡར་ནང་མར་ནང་གི་གནས་ཚུལ་གསར་པ་ཐམས་ཅད་གཅིག་མ་ལུས་གཉིས་མ་ཆད་པར་བཤད་ཚར་རྗེས། ཨ་ཁུ་བཤད་དགས་ཀྱང་གཟོད་རང་ཉིད་ལ་ཁྱིམ་ཚང་ཞིག་ཡོད་པ་ཡིད་ལ་དྲན་པ་ལྟར་ཡར་ལངས་ནས་འགྲོ་གྲབས་བྱས། ཨ་མས་ད་རུང་ཇ་གང་འཐུང་ཞེས་བསྐུལ་མོད། ཨ་ཁུ་བཤད་དགས“ཁ་དྲོ། ད་ནི་ཁྱིམ་ལ་མ་སོང་ན་གན་ཚོས་སྒུག་བསྡད་ཡོད”ཅེས་ཟེར་བཞིན་སྒོར་བུད་སོང་ལ། ཨ་མས་ཀྱང“འོ་ཡ། དེས་ན་ཉལ་ས་བདེ”ཞེས་གོ་ཁ་ནས་ཁྱིམ་སྒོའི་བར་དུ་སྐྱེལ་མ་བྱས།

  ངས་ཀྱང་ཨ་ཁུ་བཤད་དགའི་རྗེས་ལ“ད་ཉལ་ས་བདེ”ཞེས་བོས་པ་ཡིན་ལ། ཏག་ཏག་སྐབས་དེར་ཤོག་ངོས་དྲུག་ལྷག་གི་བདག་ཉིད་དུ་གྱུར་བའི་ལེའུ་ཉེར་བརྒྱད་པའང་ཡོངས་སུ་བཀླགས་ཚར་འདུག འོན་ཀྱང་། ངའི་སེམས་པ་སྔར་བཞིན་བློང་བློང་བོར་གནས། ངས་སྔར་བཞིན་རང་ཉིད་ལྷོད་ལ་བབ་ཅིང་རྣལ་དུ་གནས་པའི་གླགས་རྙེད་མི་འདུག

  ངས་ཕྱི་དྲོ་གཅིག་གི་དུས་ཚོད་སྤྱད་ནས་བཀླགས་པའི་ཤོག་ངོས་དྲུག་བདུན་པོ་ཡར་བསྒྱུར་མར་བསྒྱུར་ཞིག་བྱས་མོད། དེ་རིང་གི་དཔེ་ཀློག་ལས་དོན་དག་འདི་ཤེས་རྟོགས་བྱུང་སོང་སྙམ་པ་ཞིག་དང་ལེའུ་འདིའི་བརྗོད་སྙིང་གཙོ་བོ་འདིའོ་སྙམ་པ་ཞིག བློ་སྐྱེད་འདི་འདྲ་ཞིག་ཐོབ་བྱུང་སྙམ་པ་ཞིག་གཅིག་ཀྱང་མེད་པ་འདྲ་བས། ང་རང་ཉིད་ལ་སེམས་གཏིང་ནས་ཁོ་ཆད་བྱུང་། ང་ཨ་ཁུ་བཤད་དགའི་སྟེང་ལའང་སེམས་གཏིང་ནས་ཁོང་ཁྲོ་ལངས་བྱུང་།

  སྐབས་དེར། ཕྱི་དྲོའི་ཆུ་ཚོད་ལྔ་པར་སླེབས་འདུག

  སྐབས་དེར། ང་ལའང་མུ་མཐུད་དུ་དཔེ་ཀློག་བྱེད་པའི་སྤྲོ་བ་མི་འདུག

  ངས་དཔེ་ཆ་དང་ཟིན་དེབ་སོགས་ཁ་མལ་དེ་ནས་བཞག་སྟེ་བདག་ཙམ་ཡང་མ་བརྒྱབ་པར་སྒོ་ཕྱིར་ཐོན། ངས་ཡིད་ཆད་དང་ཁོང་ཁྲོའི་དབང་དུ་གྱུར་བའི་སེམས་པ་འདི་ལ་བྱིལ་བྱིལ་ཙམ་ཡང་མ་བྱས་པར་ལྒང་ཐང་དུ་ཕྱིན་པ་ཡིན།

            ༢༠༢༣ལོའི་ཟླ༤ཚེས༡༣ཉིན་བྲིས་ཚར།
                     ༢༠༢༥ལོའི《གངས་དཀར་རི་བོ》དེབ་གསུམ་པར་བཀོད།

  སྒེའུ་ཁུང་།

  ཁྱོད་རངMགྲོང་ཁྱེར་དུ་སླེབས་ཏེ་ལས་ཁུངས་ག་གེ་མོར་འབྱོར་ཐོ་བཀོད་རྗེས། ཐད་ཀར་ལས་ཁུངས་དང་རྒྱང་ཐག་མི་རིང་བའི་ཁང་རྩེག་མཐོན་པོ་དེའི་ཕྱོགས་སུ་ཕྱིན། ལས་ཁུངས་ཀྱིས་ཁང་རྩེག་མཐོན་པོ་དེའི་ཐོག་ཁང་ཉེར་བདུན་པར་ཁྱོད་ལ་དབང་བའི་ཁང་མིག་ཆུང་ཆུང་ཞིག་བཀོད་སྒྲིག་བྱས་ཡོད། དྲང་མོར་བཤད་ན། ཁང་རྩེག་མཐོན་པོ་འདི་ནིMགྲོང་ཁྱེར་གྱི་ལས་བྱེད་པ་དཀྱུས་མ་དག་གི་གཞིས་སྡོད་ཁུལ་ཡིན་ལ། སྡོད་ཁང་ལ་ལར་ལས་བྱེད་པ་གཉིས་རེ་ལྷན་དུ་བསྡད་པའང་ཡོད། ལས་བྱེད་པ་ལ་ལའི་ལས་གནས་བརྗེས་ཏེ་གཞན་དུ་སོང་རྗེས་ཀྱི་ཁང་མིག་ཏུ་ལས་བྱེད་པ་གསར་པ་རེ་བཀོད་སྒྲིག་བྱེད་སྲོལ་ཡོད་པ་བཞིན། ཁྱོད་ཀྱི་སྡོད་ཁང་དེའང་ལས་གནས་སྤར་ཟིན་པའི་ལས་བྱེད་པ་ཞིག་གི་སྡོད་ཁང་ཡིན་པ་ཐག་གིས་ཆོད། འོན་ཀྱང་། ཁྱོད་ཀྱི་སྔོན་ལ་འདུག་མཁན་དེ་དཔོན་པོ་ཞིག་གི་རྒྱུད་པ་ཡིན་ནམ། ཡང་ན་མཛེས་མ་ཞིག་ཡིན། ཡང་མིན་ན་ཁྱོད་ལྟ་བུའི་ཕོ་ཧྲེང་ཞིག་ཡིན། དེ་ནི་ཁྱོད་ལ་མཚོན་ན་ཤིན་ཏུ་ལྐོག་གྱུར་རམ་གསང་བ་ཞིག་ཡིན།

  གང་ལྟར། ཁྱོད་ཀྱིས་རང་གི་མཁོ་དངོས་དག་རྒྱབ་ལ་ཁུར་ཅིང་ལག་ལ་བཟུང་སྟེ་གློག་སྐས་ལས་ཐོག་སོ་ཉེར་བདུན་པར་སླེབས་དུས། ཁུར་བོའི་ལྗིད་ཀྱིས་ནོན་ཏེ་ཅུང་ཙམ་དཀའ་སྣང་སྐྱེས་ཀྱང་། ཁྱོད་ཀྱིས་ངལ་གསོ་ཙམ་ཡང་མ་བྱས་པར་རང་ཉིད་ཀྱི་ཁང་པའི་སྒོ་བྱང་ཨང་རྟགས་བློ་ངོར་སྐྱོར་བཞིན་དང་ཁང་མིག་རེ་རེའི་སྒོ་རྟགས་ལ་མིག་བཤེར་བྱེད་ཀྱིན་མདུན་ལ་ཆས་ཤིང་། མཐར་ཆེས་གུད་ན་ཡོད་པའི་ཁང་མིག་ཆུང་ཆུང་དེའི་ནང་དུ་འཛུལ།

  ཁང་མིག་དེ་ནི་དེ་འདྲའི་རྒྱ་ཆེན་པོ་ཞིག་མིན་ནའང་། ཁྱོད་ཀྱིས་ད་ནས་བཟུང་རང་ཉིད་ནི་གྲོང་ཁྱེར་དུ་ལས་དོན་སྒྲུབ་མཁན་ཞིག་ཏུ་གྱུར་པ་དང་། ཁང་རིན་སྐར་གང་ཡང་སྤྲོད་མ་དགོས་པར་འདི་འདྲའི་སྡོད་ཁང་ཞིག་ཐོབ་པར་བློ་ཡིད་ཚིམ་ཞིང་ང་རྒྱལ་སྐྱེས་ནས་ཡོད་པས། ཁང་མིག་གི་རྒྱ་ཁྱོན་ཆུང་བར་འཁང་ར་དང་ལེ་བདའ་ཅི་ཡང་མ་བྱས་ཀྱང་། ཁང་མིག་དེའི་ནང་དུ་བརྗོད་མི་ཤེས་པའི་སྐྱུར་དྲི་ཁ་མོ་ཞིག་གིས་ཡོངས་སུ་ཁྱབ་འདུག་པས། ཁྱོད་ཀྱིས་སྣ་སྒོ་ལག་པས་འགེབས་ཞོར་སྒོའི་ཁ་གཏད་དུ་ཡོད་པའི་སྒེའུ་ཁུང་ཆུང་ཆུང་དེ་ཕྱེས་ནས་བསིལ་རླུང་ནང་དུ་རྒྱུ་རུ་བཅུག

  ཁྱོད་ཀྱིས་ཐོག་སོ་ཉེར་བདུན་པའི་ཁང་མིག་ཆུང་ཆུང་དེའི་སྒེའུ་ཁུང་ཕྱེས་ནས་མདུན་ཐད་ལ་ལྟ་སྐབས། ཏག་ཏག་ཁྱོད་ཀྱི་ཁ་གཏད་དུ་ཡོད་པའི་ཁང་མིག་ཅིག་གི་སྒེའུ་ཁུང་ཡང་ཕྱེས་བྱུང་ལ། སྒེའུ་ཁུང་དེ་ལས་གཞོན་ཤ་དོད་ཅིང་ལང་ཚོ་རྒྱས་པའི་གཞོན་ནུ་མ་ཞིག་གིས་ཀྱང་ཚུར་ལ་བལྟས་པས། ཁྱོད་གཉིས་ཀྱིས་སྐད་ཅིག་ཙམ་ལ་མིག་ཟུང་རྡེབ་ཙམ་ཡང་མ་བྱས་པར་ཕན་ཚུན་ལ་དྲང་ཐད་དུ་བལྟས་མོད། ཡུད་ཙམ་ན་ཁ་གཏད་ཀྱི་གཞོན་ནུ་མ་དེས་ཅི་ཞིག་དྲན་པ་ལྟར་སྒེའུ་ཁུང་ཕྱིར་གཏན་ནས་ནང་དུ་ཕྱིན་སོང་།

  ནམ་མཁའི་སྐར་རྗེན་ལྟ་བུའི་ཁྲ་ཆུང་གི་མིག་ཟུང་། དཀར་ལ་དམར་མདངས་ཆགས་པའི་མཛེས་སྡུག་གི་མཁུར་ཚོས། རྒྱ་ལྕང་ལོ་མ་ལྟ་བུའི་གནག་སྣུམ་གྱི་སྐྲ་ལོ། ཡོད་ཚད་ཀྱི་ཡོད་ཚད་ནི་ཅི་འདྲའི་ཡིད་དུ་འོང་བ་ཞིག་རེད་ཨང་། དུས་ཡུན་སྐད་ཅིག་མ་དེའི་རིང་ལ་མཐོང་བའི་སྒེའུ་ཁུང་ཕ་རོལ་གྱི་གཞོན་ནུ་མ་དེ་ཁྱོད་ཀྱི་སེམས་པའི་གཏིང་དུ་ལྷུང་བྱུང་།

  ཁྱོད་རང་སྒེའུ་ཁུང་འགྲམ་དུ་ལངས་ཏེ་ཁ་གཏད་ཀྱི་སྒེའུ་ཁུང་ལ་ཡུན་རིང་ཅེར་ཡང་། གཞོན་ནུ་མ་དེ་སླར་ཡང་སྒེའུ་ཁུང་ལས་མ་མངོན་པས། ཁྱོད་ཀྱང་རེ་ཞིག་བློ་ཐབས་ཟད་དེ་ཕྱིར་འཁོར་ཅིང་ཁང་མིག་ཆུང་ཆུང་དེའི་ནང་གི་བཀོད་པ་ལ་མིག་ཉུལ་ཐེངས་ཤིག་བྱས་པ་དང་། རང་ཉིད་ཀྱིས་ཁང་མིག་འདིར་བཀོད་སྒྲིག་ཇི་ལྟར་བྱས་ན་བཟང་བར་བསམ་བློ་བཏང་། སྐབས་དེར། གཞི་ནས་རང་ཉིད་ཀྱིས་ད་རུང་རྒྱབ་ཀྱི་ཁྲེས་པོ་ས་ལ་ཕོག་མེད་པ་དྲན།

  ཁྱོད་ཀྱིས་ཐོག་མར་ཁང་མིག་ཆུང་ཆུང་དེའི་ནང་ལ་གཙང་སྦྲ་ཐེངས་ཤིག་བྱས་པ་དང་། དེ་ནས་ལས་བྱེད་པ་སྔོན་མ་དེས་བསྐྱུར་བའི་ཉལ་ཁྲི་དེའི་སྟེང་ལ་གདན་དང་ཉལ་ཁེབས་སོགས་བལྟབས་ཏེ་ཉལ་ཆོག་ཆོག་བྱས་ལ། སྔས་འགྲམ་གྱི་སྒྲོག་ཙེ་རྙིང་བ་དེའང་ཁྱོད་ལ་མཁོ་ཆེ་བ་ཞིག་ཏུ་སྣང་སྟེ། ཁྱོད་ཀྱིས་དེའི་སྟེང་དུ་རས་ཁྲ་གསར་པ་ཞིག་བཏིང་བ་དང་རྩིས་འཕྲུལ་དང་དཔེ་ཆ་འགའ་བསྒྲིགས། དེ་ལྟར་ཁྱོད་ཀྱིས་ཁང་མིག་ཆུང་ཆུང་དེའི་ནང་དུ་འཚོ་བ་གསར་པ་ཞིག་མགོ་རྩོམ་པར་རྟེན་འབྲེལ་བསྒྲིགས།

  སྐབས་དེར། ཁྱོད་ཀྱིས་དེ་རིང་ཉིན་གང་བོར་ཟ་མ་ཐུན་གཅིག་ཀྱང་མ་ཟོས་པ་ཡིད་ལ་དྲན་ཅིང་གློ་བུར་དུ་ལྟོགས་སྣང་ཞིག་སྐྱེས་པས། དེ་མ་ཐག་ཕྱི་རོལ་དུ་ཟ་མ་ཟ་བར་ཕྱིན།

  ཁྱོད་རང་ཟ་མ་ཟོས་རྗེས་ཐད་ཀར་ཕྱིར་ལོག་ཅིང་། ཉིན་གང་བོར་ཡར་ལས་མར་ལས་དང་ཕར་རྒྱུགས་ཚུར་རྒྱུགས་བྱས་པའི་དབང་གིས་ལུས་ཡོངས་སུ་ངལ་དུབ་དང་དཀའ་སྣང་གིས་ཁྱབ་འདུག་པས། མགྱོགས་མྱུར་མལ་ཁྲིའི་སྒང་ལ་བུད་དེ་ངལ་གསོ་ཡིད་ཚིམ་པ་ཞིག་བྱ་དགོས་བསམས། འོན་ཀྱང་། ཏག་ཏག་སྐབས་དེར་ཁྱོད་ཀྱི་ཀླད་པའི་ནང་དུ་ཡང་བསྐྱར་སྒེའུ་ཁུང་ཕ་རོལ་གྱི་གཞོན་ནུ་མ་དེ་འཁོར་བྱུང་། ཁྱོད་ཀྱི་ལུས་ཧྲིལ་བོ་ངལ་དུབ་ཀྱིས་མནར་ཏེ་འགུལ་འདོད་མེད་པ་ཞིག་ཡིན་ཡང་། སྲེད་པ་ཞེས་པའི་དབང་ཆེན་དེས་ཁྱོད་རང་ཡར་བསླངས་ཤིང་སྒེའུ་ཁུང་འགྲམ་དུ་ཁྲིད།

  ད་ལྟ་རྒྱང་རིང་གི་གནམ་ས་གཉིས་ཀར་མུན་པ་འཁྲིགས་ཏེ་ཡོད་ཚད་རབ་རིབ་ཏུ་གྱུར་འདུག་མོད། འོན་ཀྱང་། Mགྲོང་ཁྱེར་གྱི་ལམ་སྒྲོན་དང་ཁང་མིག་སོ་སོ་ལས་མཆེད་པའི་གློག་འོད་སྣ་ཚོགས་ཀྱིས་ཡོད་ཚད་གསལ་ལམ་མེར་མངོན་པས། ཟ་འཐུང་དང་འགྲོ་འདུག་སོགས་ལ་བར་ཆད་ཅི་ཡང་མི་གཏོང་བར་མ་ཟད་། ཁྱོད་ལྟ་བུའི་ལྟད་མོ་བ་དག་ལའང་གླགས་དང་གོ་སྐབས་ཡག་པོ་ཞིག་སྟེར་གྱིན་པ་སྟེ། ཁྱོད་རང་རང་ཉིད་ཀྱི་ཁང་མིག་ཆུང་ཆུང་དེའི་སྒེའུ་ཁུང་ཁར་ལངས་ཏེ་ཁ་གཏད་ཀྱི་སྒེའུ་ཁུང་ལ་བལྟས་པ་ན། སྒེའུ་ཁུང་དེ་ལས་ཀྱང་གློག་འོད་ཅིག་ཕྱི་རོལ་ལ་འཕྲོ་འདུག་ཅིང་། གློག་འོད་དེའི་དྲིན་གྱིས་ཁ་གཏད་ཀྱི་ཁང་མིག་ནང་གི་སྒྲིག་ཆས་དང་བཀོད་པ་སོགས་ཀྱང་རབ་རིབ་ཅིག་མཐོང་ཐུབ།

  ཁྱོད་ཀྱིས་རང་གི་སྒེའུ་ཁུང་ལས་ཁ་གཏད་ཀྱི་སྒེའུ་ཁུང་བརྒྱུད་དེ་ཁང་མིག་དེའི་ནང་དུ་ལྟད་མོ་ཅི་ཞིག་འབྱུང་བར་རེ་སྒུག་བྱས། མི་ཞེས་པ་ནི་སྐབས་འགར་དངོས་གནས་ངོ་ཚ་དང་བྲལ་བ་ཞིག་ཡིན་ཏེ། གཞན་གྱིས་མི་ཤེས་པའི་གནས་ཚུལ་འོག་ཏུ་གཞན་གྱི་གསང་བ་ཅི་ཞིག་གམ་ཡང་ན་ལྟད་མོ་ཅི་ཞིག་མཐོང་བར་རབ་ཏུ་མོས། ཁྱོད་ཀྱང་དེ་ལས་མ་འདས་ཏེ། རང་གི་སྒེའུ་ཁུང་བརྒྱུད་ནས་ཁ་གཏད་དུ་ལྟ་བཞིན་རྟོག་བཟོ་སྣ་ཚོགས་བྱས་ཤིང་། ཡང་རང་ཉིད་ཀྱི་རྟོག་བཟོ་དེ་དག་དོན་དངོས་དང་མཐུན་མིན་གྱི་གསང་ལན་ཞིག་རྙེད་པར་རེ་བས་བརྟས་ཀྱང་། ཁ་གཏད་ཀྱི་ཁང་མིག་ནང་དུ་གྲག་འགུལ་ཅི་ཡང་མ་བྱུང་སྟེ། ཐ་ན་གཞོན་ནུ་མ་དེའི་གྲིབ་མ་ཙམ་ཡང་མཐོང་མ་ཐུབ།

  ཁྱོད་རང་བསམ་དོན་ཇི་བཞིན་མ་འགྲུབ་པ་ལྟར་ལེ་ལོ་དང་སྒྱིད་ལུག་གིས་ཕྱིར་ཉལ་སའི་སྟེང་དུ་ལོག་ཅིང་། གཞོན་ནུ་མ་དེའི་ཕྱོགས་ལ་བསམ་བློ་ཡང་ཡང་བཏང་། བསམ་བློ་ཡང་ཡང་བཏང་བས། བར་སྐབས་ཤིག་ལ་གཞོན་ནུ་མ་དེ་ནི་ངོ་ཤེས་རྙིང་བ་ཞིག་ཡིན་པའི་སྣང་བ་སྐྱེས། འོན་ཀྱང་། ཁོ་མོ་ས་ཆ་གང་ཞིག་གི་ཡིན་པ་དང་ནམ་ཞིག་ལ་ངོ་ཤེས་པ། མིང་ལ་ཅི་ཟེར་བ་སོགས་རྩ་བ་ནས་དྲན་མ་ཐུབ་པས། དེ་དག་ཡོད་ཚོད་ནི་རང་ཉིད་ཀྱི་འཁྲུལ་སྣང་ཁོ་ན་ཞིག་ལས་ཅི་ཡང་མིན་པར་འདོད། དེ་ལྟ་ནའང་། གཞོན་ནུ་མ་དེའི་མཛེས་སྡུག་གི་བཞིན་རས་དང་གནག་སྣུམ་གྱི་སྐྲ་ལོ་སོགས་ཁྱོད་ཀྱི་སེམས་ལ་ཡང་ཡང་འཁོར་བས། དགོང་མོ་དེར་ཁྱོད་ཀྱི་རྨི་ལམ་ཁྲོད་དུའང་གཞོན་ནུ་མ་དེའི་མཛེས་སྡུག་གི་གཟུགས་བྱད་དང་གཞོན་ཤ་དོད་པའི་ལང་ཚོ་སོགས་ཡང་ཡང་རྨིས།

  ཕྱིར་ཉིན་ཞོགས་པར། ཁྱོད་རང་སྔ་མོ་ནས་མལ་ལས་ལངས་ཏེ་ཁ་ལག་སོགས་གཙང་མར་བཀྲུས་རྗེས། ཐོག་སོ་ཉེར་བདུན་ཅན་གྱི་ཁང་རྩེག་མཐོན་པོ་ལས་མར་བབས་ཏེ་ལས་ཁུངས་ཀྱི་ཕྱོགས་སུ་སོང་། དེ་རིང་ནི་ཁྱོད་ཀྱི་མི་ཚེ་འདིའི་ལས་ཞུགས་ཀྱི་ཉི་མ་དང་པོ་ཡིན་པས། ཁྱོད་ལ་དགའ་སྣང་དང་མཚར་སྣང་མཉམ་གཅིག་ཏུ་སྐྱེས་ཤིང་། གོམ་པའི་འདེགས་འཇོག་དེའང་སྤྲིན་སྟེང་དུ་འགྲོ་བཞིན་པ་ལྟར་ཤིན་ཏུ་ཡང་མོ་ཞིག་ཡིན་པས། ཇི་ལྟར་ལས་ཁུངས་ཀྱི་སྒོ་ཁར་སླེབས་པའང་མ་ཤེས། འོན་ཀྱང་། ཁྱོད་རང་ཏག་ཏག་ལས་ཁུངས་ཀྱི་སྒོ་ཁར་སླེབས་དུས། བློ་ཡུལ་དུའང་ཤར་མ་ཐུབ་པའི་དོན་དག་ཅིག་ལ་འཕྲད་བྱུང་།

  ཁྱོད་རང་ལས་ཁུངས་ཀྱི་སྒོ་ཁར་སླེབས་ཏེ་ནང་ལ་འཛུལ་གྲབས་བྱེད་སྐབས། གཞུང་ལས་ཁང་ནས་ཕྱིར་འབུད་པའི་མི་ཞིག་གིས་ཁྱོད་ཀྱི་སྔོན་ལ་སྒོ་ཕྱེས་བྱུང་བས། ཅུང་མིན་ན་ཁྱོད་གཉིས་ཁ་མལ་དེ་ནས་གདོང་ཐུག་བརྒྱབ། ཁྱོད་ཀྱི་དྲན་པའི་དགུ་ལའང་ཤར་མ་ཐུབ་པ་ནི། ཁྱོད་ཀྱི་མདུན་ན་ངོ་ཚ་དང་བཅས་ཏེ་ཀྲོང་ངེར་ལངས་འདུག་པ་ནི། ཁ་སང་ཕྱི་དྲོར་སྒེའུ་ཁུང་ལས་མཐོང་བའི་གཞོན་ནུ་མ་དེ་རེད། ཁྱོད་ཀྱིས་ཁོ་མོ་མཐོང་བ་ན། གློ་བུར་ཏུ་རྟབ་རྟབ་པོར་གྱུར་ཏེ་ཅི་བྱེད་འདི་བྱེད་མི་ཤེས་པར་གྱུར་ཅིང་། ཁོ་མོའང་ཁྱོད་ཀྱི་ཁ་གཏད་དུ་ལངས་ཏེ་དོགས་མི་བདེ་བའི་ངང་དུ་གནས། ཁྱོད་གཉིས་སླར་ཡང་སྐད་ཅིག་ཙམ་ལ་ཕན་ཚུན་གྱི་གདོང་ལ་ཅེར་ནས་བསྡད་མོད། ཡུན་རིང་མ་འགོར་བར་གཞོན་ནུ་མ་དེ་ཁྱོད་ཀྱི་གཡས་ཕྱོགས་ནས་ཕྱི་ལ་བརྒྱུགས་སོང་། སྐད་ཅིག་མ་དེར། ཤིན་ཏུ་ཆ་རྒྱུས་ཆེ་བའི་དྲི་མ་ཞིག་ཁྱོད་ཀྱི་སྣ་ལམ་དུ་འཐིལ་ཡང་། ཁྱོད་ཀྱིས་བསམ་བློ་ཇི་ལྟར་བཏང་ཡང་དྲི་མ་དེ་གང་ཞིག་ནས་ཚོར་མྱོང་བ་དྲན་མ་ཐུབ།

  ཁྱོད་རང་གཞུང་ལས་ཁང་དུ་འཛུལ་ནས་རང་གི་ལས་གནས་གསར་པར་བསྡད་དེ་འགོ་ཁྲིད་ཀྱིས་ལས་ཀ་ཅི་ཞིག་བཀོད་སྒྲིག་བྱ་ཡོང་བར་རེ་སྒུག་བྱས་ཀྱང་། ཉིན་དེར་འགོ་ཁྲིད་ནི་ལས་ཁུངས་སུ་མ་ཡོང་བས། ཁྱོད་ཀྱང་ཉིན་གང་བོར་ལས་མེད་གཏོལ་མེད་དུ་མི་འདུག་ཀ་མེད་བྱུང་། ཉིན་དེར། ཁྱོད་ཀྱི་ལུས་པོ་ནི་ལས་ཀ་ཅི་ཡང་མེད་པར་ཤིན་ཏུ་ཁོམ་འདུག་མོད། འོན་ཀྱང་། ཁྱོད་ཀྱི་ནང་སེམས་སུ་ཁ་སང་སྒེའུ་ཁུང་ལས་མཐོང་བའི་གཞོན་ནུ་མ་སྟེ། ད་ནངས་ལས་ཁུངས་སྒོ་ཁ་ནས་འཕྲད་པའི་གཞོན་ནུ་མ་དེ་ཡང་ཡང་འཁོར་བས་བྲེལ་འཚུབ་ཆེན་པོ་ལངས།

  གཞོན་ནུ་མ་དེས་ང་རང་མཐོང་མ་ཐག་ཤིན་ཏུ་དོགས་མི་བདེ་བར་གྱུར་འགྲོ་དོན་ཅི་ཡིན་ནམ། ངེད་གཉིས་དངོས་འབྲེལ་སྔོན་མ་ཞིག་ནས་ངོ་ཤེས་སམ། འོན་ཀྱང་། ངས་ཅི་ཡང་དྲན་མི་ཐུབ་པ་འདི་ག་རེ་ཡིན་ནམ། ཁྱོད་ཀྱིས་དྲི་བ་དེ་དག་ལ་མནོ་བསམ་ཡང་ཡང་བཏང་མོད། དྲན་པའི་སྣང་ངོར་ལན་ཡང་དག་པ་ཞིག་ཤར་མ་ཐུབ། འོན་ཀྱང་། ཉིན་དེར་ཁྱོད་ཀྱིས་རང་སེམས་སུ་དམ་བཅའ་ཞིག་བཞག་པ་ནི། ཐེངས་རྗེས་མར་ཁོ་མོ་དང་འཕྲད་སྐབས་ཅིས་ཀྱང་སྐྱེ་ཕོ་རབ་ཅིག་གི་རང་ཚིགས་བཟུང་སྟེ་ཁོ་མོ་དང་སྐད་ཆ་བཤད་དགོས་སྙམ་པ་དེ་ཡིན།

  ཕྱི་དྲོའི་ལས་མཚམས་བཞག་རྗེས། ཁྱོད་རང་གཞན་གང་དུའང་འགྲོ་འདོད་མེད་པར་མགྱོགས་མྱུར་ངང་རང་གི་སྡོད་ཁང་དུ་ལོག ཁྱོད་རང་དེ་འདྲའི་བྲེལ་འཚུབ་ངང་སྡོད་ཁང་དུ་ལོག་པར་དམིགས་ཡུལ་གཅིག་ཡོད་དེ། དེ་ནི་སྒེའུ་ཁུང་ཕ་རོལ་གྱི་གཞོན་ནུ་མ་མཐོང་བའི་ཆེད་དུ་ཅི་ལ་མིན།

  ཁྱོད་རང་སྡོད་ཁང་དུ་སླེབས་ནས་ཡུན་རིང་མ་འགོར་བར། གཞོན་ནུ་མ་དེའང་རང་གི་སྡོད་ཁང་དུ་ཐོན་བྱུང་སྟེ། ཁྱོད་ཀྱིས་སྒེའུ་ཁུང་བརྒྱུད་ནས་ཁ་གཏད་ཀྱི་ཁང་མིག་ཏུ་གྲག་འགུལ་ཅི་ཞིག་འབྱུང་བར་རེ་ཞིང་སྒུག་པའི་སྐབས་སུ། གཞོན་ནུ་མ་དེའང་སྒེའུ་ཁུང་འགྲམ་དུ་ལངས་ཏེ་ཁྱོད་ཀྱི་ཕྱོགས་སུ་བལྟས་བྱུང་། འོན་ཀྱང་། ཁྱོད་རང་མཐོང་བ་ན་ཤིན་ཏུ་ངོ་ཚ་བའི་བཟོ་ལྟ་ཞིག་གིས་ཕྱི་ལ་བཀྱེད་པས། ཁྱོད་ལའང་དོགས་མི་བདེ་བའི་སྣང་བ་ཞིག་ཤར་ཏེ་སྒེའུ་ཁུང་ལས་གཡོལ་ཙམ་བྱེད་དགོས་བྱུང་།

  དགོང་མོ་དེར། ཁྱོད་ཀྱིས་སླར་ཡང་གཞོན་ནུ་མ་དེའི་ཕྱོགས་ལ་བསམ་བློ་ཡང་ཡང་བཏང་། གཞོན་ནུ་མ་དེ་ཏན་ཏན་ངོ་ཤེས་རྙིང་བ་ཞིག་ཡིན་པ་འདྲ། རེད། ཁོ་མོ་ནི་ནམ་རྒྱུན་ཁྱོད་ཀྱི་རྨི་ལམ་དུ་འཁོར་བའི་བུ་མོ་དེ་མ་ཡིན་ནམ། དགོང་མོ་དེར། ཁྱོད་ཀྱིས་གསལ་པོར་དྲན་བྱུང་སྟེ། གཞོན་ནུ་མ་དེ་ནི་ཏག་ཏག་ལོ་མང་རིང་ཁྱོད་ཀྱི་རྨི་ལམ་དུ་འཁོར་བའི་བུ་མོ་དེ་རེད། ཁྱོད་ཀྱིས་ཁོ་མོའི་ཕ་ཡུལ་གང་ཡིན་མི་ཤེས་ལ། ཐ་ན་ཁོ་མོའི་མིང་ལ་ཅི་ཟེར་ཡང་མི་ཤེས་ཀྱང་། ཁོ་མོ་ཁྱོད་ཀྱི་རྨི་ལམ་ཁྲོད་དུ་འཁོར་ནས་མི་ལོ་མང་པོ་འགོར་སོང་།

  འོན་ཀྱང་། དགོང་མོ་དེ་ནས་བཟུང་། ཁྱོད་ཀྱིས་གཞོན་ནུ་མ་དེ་ཁ་གཏད་ཀྱི་སྒེའུ་ཁུང་ལས་མཐོང་མ་བྱུང་ལ། ལས་ཁུངས་ཀྱི་སྒོ་འགྲམ་ནས་ཀྱང་རིག་མ་བྱུང་། ཐ་ན་ཁྱོད་ཀྱི་རྨི་ལམ་དུའང་མ་འཁོར་བས། ཁྱོད་རང་ཉིན་ཞག་མང་པོརMགྲོང་ཁྱེར་གྱི་སྲང་ལམ་སོ་སོར་ཉུལ་ཏེ་མི་ཚོགས་ཀྱི་ཁྲོད་དུ་གཞོན་ནུ་མའི་གཟུགས་བརྙན་བཙལ་ཡང་། ཁྱོད་ཀྱིས་རྙེད་པ་ནི་འདས་ཟིན་པའི་རྨི་ལམ་དང་སྒེའུ་ཁུང་གི་ཕྱིར་དྲན་དེ་ཁོ་ན་ཙམ་རེད།

                 ༢༠༢༤ལོའི《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》དེབ་གཉིས་པར་བཀོད།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཆོས་དབྱིངས་རྒྱ་མཚོའི་སྒྲུང་ཐུང་བདམས་བཀོད།

2025-10-04 ཆོས་དབྱིངས་རྒྱ་མཚོ།(ལི་ཐང) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།