གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༄༅། །ཁྲོ་ཁོ་སྨད་མའི་གད་སྐྱའི་གསང་ཆེན་རི་ཁྲོད་པ་རྣམས་ཀྱི་མཛད་རྣམ་ཉུང་བསྡུས།

2010-01-22 21:28:00 རྫ་ཤུལ་བློ་བཟང་། ཀློག་གྲངས། མཆན ཡོད།
རྒྱལ་ཀུན་གསང་གསུམ་ཡེ་ཤེས་སྣང་བའི་སྐུ།།
མཛེས་སྡུག་འོད་ཆགས་གཞོན་ནུའི་ལང་ཚོ་ཅན།།
དྲན་པའི་མོད་ལ་མི་ཤེས་རྨོངས་པ་ཀུན།།
སེལ་མཛད་རྡོ་རྗེ་རྣོན་པོས་དགེ་ལེགས་སྩོལ།།
འཁོར་བ་སྲིན་མོའི་བཞིན་ལ་ཡིད་ལོག་ནས།།
རྩེ་གཅིག་ཉམས་ལེན་མཛད་པའི་སེམས་དཔའ་འགས།།
འཁོརལོསྡོམཔའིགནསདངོསགདསྐྱ་ནས།།
སྒྲུབ་པ་ཕྱག་མཐིལ་མཛད་པའི་བྱུང་བ་བརྗོད།།
ཅེས་ཤིས་པ་བརྗོད་པའི་མདུན་བསུས་ཏེ་གླེང་བར་བྱ་བ་ནི། རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་ཕྱག་ན་པདྨོའི་བྱིན་རླབས་དགེ་ལེགས་ཀྱི་གོས་དཀར་ལན་གཅིག་མིན་པར་སྩལ་བའི་བསིལ་ལྡན་ཁ་བའི་ལྗོངས་ལ། དབུས་གཙང་ཆོས་ཀྱི་ཆོལ་ཁ། མདོ་སྟོད་མིའི་ཆོལ་ཁ། མདོ་སྨད་རྟའི་ཆོལ་ཁ་གསུམ་དུ་ཕྱེ་ཞིང་། ཕྱི་མ་ལ་བོད་ཡུལ་གྱི་ཆུ་བོ་གངྒྰ་རྨ་ཀླུང་གསེར་ལྡན་སྒེག་མོས་ལྷོ་བྱང་གཉིས་སུ་བཅད་པའི་ལྷོ་རྒྱུད་ཁྲོ་ཁོ་སྨད་མའི་ནོར་འཛིན་གྱི་ཐིག་ལེར་ཆགས་པའི་གད་སྐྱའི་གསང་ཆེན་རི་ཁྲོད་དམ་དབེན་གནས་བྲག་དམར་རྫོང་༼ཀུན་སྤངས་རི་ཁྲོད་པ༧རྗེ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་ཚང་གི་རྣམ་ཐར་ས་བོན་མདོར་བསྡུས་སུ་བརྗོད་པ་དད་པའི་ཀུན་ད་འཛུམ་པའི་ཟླ་ཟེར་ཞེས་པ་ཁོང་གི་ཐུགས་བཀོད་ལྟར་འབྲི་བའི་དུས་གསང་ཆེན་རི་ཁྲོད་དང་དབེན་གནས་བྲག་དམར་རྫོང་ཞེས་པའི་མིང་འདི་གཉིས་གསར་དུ་བཏགས་པ་ཡིན།༽དུ་བཞུགས་པའི་རི་ཁྲོད་པ་རྣམས་ཀྱི་ལོ་རྒྱུས་མདོ་ཙམ་བརྗོད་པའོ།།

       དང་བོ། བྱ་བཏང་རི་ཁྲོད་པ་དབང་བོ་ཁྲི་དཔོན་རྒྱ་མཚོ།

རྗེ་འདི་ནི་རི་ཁྲོད་འདིར་བཞུགས་ཀྱི་དམ་པ་རྣམས་ཀྱི་ཐོག་མ་ཡིན་ཞིང་། སྨད་མའི་སྡེ་དཔོན་གྱི་བློན་པོ་ཞིག་གི་ཁྱིམ་དུ་འཁྲུངས། ཤུལ་ནི་ད་ལྟའི་ཕོ་རོག་ཚང་ཟེར་བ་འདི་ཡིན་ཟེར། འཁྲུངས་འདས་ཀྱི་ལོ་ཚིགས་གསལ་བོར་མ་ངེས་མོད། བླ་བྲང་བཀྲ་ཤིས་འཁྱིལ་གྱི་མཁས་པའི་ཡང་རྩེ་སོན་པ་ཨ་ཁུ་རིན་པོ༧རྗེ་པྲཛྙྰའི་མཚན་ཅན༼རབ་འདོད་ཆུ་ཕག༡༨༠༣ལོར་འཁྲུངས་ནས་རབ་ཚེས་ཤིང་ཕག༡༨༧༥ལོར་འདས།༽དང་། ཆོས་རྗེ་གསེར་ཁང་བ༼རབ་འདོད་ལྕགས་བྱི༡༧༨༠ལོར་འཁྲུངས་ཤིང་རབ་ཚེས་ས་སྤྲེལ༡༨༤༨ལོར་འདས།༽སོགས་བླ་མར་བསྟེན་ཚུལ་ལ་དཔག་ན་རབ་བྱུང་བཅུ་བཞི་བའི་འགོར་ཙམ་ལ་འཁྲུངས་པར་སྙམ། རུས་སྨད་མའི་ཁྲི་དཔོན་ཡིན་སྟབས་ཁྲི་དཔོན་རྒྱ་མཚོར་གྲགས། བླ་བྲང་ཨ་ཁུ༧རྗེ་པྲཛྙྰའི་མཚན་ཅན་ལས་ལམ་རིམ་གྱི་ཆོས་སྐོར་མང་དུ་གསན་ཅིང་ཐོས་པ་ཙམ་དུ་མ་ལུས་པར་རྒྱུད་ཐོག་ཏུ་སྐོར་བས་རྟོགས་པ་ཁྱད་དུ་འཕགས། ཆོས་བཀར་ཕེབས་གྲོགས༼དགེ་བཤེས༽ཚོས་ཁྱེད་ཚང་གྲྭ་སར་བཞུགས་ཨེ་མྱོང་དྲིས་པར་མ་མྱོང་གསུང་། འོ་ན་སྐུ་ཡོན་དེ་འདྲ་ཇི་ལྟར་བཞེས་དྲིས་ཚེ། གྲྭ་སར་འགྲོ་མ་མྱོང་ཟེར་མི་ཉན་ཆོས་རྗེ་གསེར་ཁང་རིན་པོ་ཆེའི་བཀའ་ཆོས་ལ་འགྲོ་ལམ་ཚ་གན་བྰེ་ཤིང་དུ་ཞག་གཅིག་བསྡད་གསུང་། རྗེ་པྲཛྙྰའི་མཚན་ཅན་ལས་ལམ་རིམ་ཁྲིད་སྐོར་ཆ་ཚང་བར་གསན་ཅིང་ཐུགས་རྩིས་ཆེ་བའི་སློབ་མར་གྱུར། ཆོས་རྗེ་གསེར་ཁང་རིན་པོ་ཆེའི་དྲུང་ཆོས་བཀའི་ཆེད་གྱ་ཙི༼ཁུར་བོ༽ཁུར་ཏེ་ཞབས་ཐང་ལ་བྱང་ཁར་ལན་མང་ཕེབས་ཤིང་ཟབ་ཆོས་མང་དུ་གསན། ཆོས་བཀའི་སྐབས་ཤིག་ཉེ་འཁོར་གྱི་གྲོང་ཁྱིམ་གཉིས་མ་མཐུན་པར་མི་གཅིག་བསད། ཕྱི་ཉིན་ཆོས་རྗེ་གསེར་ཁང་བ་ནམ་རྒྱུན་དང་མི་མཚུངས་པར་དགྱེས་ཉམས་མེད་ཅིང་། གླེགས་བམ་གྱི་ཞལ་མ་ཕྱེ་ཞིང་དབུ་ཞྭའང་མ་མནབས་པར་ཞལ་ནས། མདང་དགོང་མ་གིའི་མི་ཞིག་བསད་ཡོད་པས་ཅི་བྱས་ན་འགྲིག་ཅེས་རི་ཁྲོད་པ་རྣམས་ལ་བཀའ་འདྲི་གནང་བར་རི་ཁྲོད་པ་ཞིག་ནས་ད་ཅི་ཡིན་ཀྱང་རང་ཅག་ལ་ལམ་ཁྲིད་གལ་ཆེ་ཚེ་གང་ལ་ཆོས་ཤིག་སྒྲུབ་པ་བརླག་དོན་མེད་ཞུས་པར་ཁོང་ཐུགས་མ་དགྱེས། ཅུང་ཙམ་ནས་ཁྲི་དཔོན་རྒྱ་མཚོ་བས། འོ་ཡ། ལམ་ཁྲིད་གནང་ཁོམ་ཡོད་ཆོས་རྗེ་གསེར་ཁང་ཚང་གཤིན་སྔས་ལ་ཕེབས་ཀིན་མེད་ཀྱང་ད་རེ་ཕེབས་རྒྱུ་དང་། འདིར་བཞུགས་རི་ཁྲོད་པ་བརྒྱ་ལྷག་ནས་ལམ་རིམ་ཚར་རེ་གསུང་རྒྱུ་བྱོས། རང་ཅག་གིས་ཚེ་གང་བོར་ཉམས་ལེན་རེ་བྱེད་པ་སེམས་ཅན་གྱི་དོན་རེད་དགེ་རྩ་བརླག་དོན་ཡང་མེད་ང་སྔོན་དུ་སོང་ཆོག་ཞུས་ཚེ་རྗེ་གསེར་ཁང་བ་ཁོང་ཐུགས་དགྱེས་ཚོར་ཆེན་པོས་ཁྲོ་ཁོ་བླ་རྒན་སྣ་ཆེས་བཤད་པ་བདེན་གསུངས། དེ་ནས་གྲོང་ཁྱིམ་ཕན་ཚུན་གྱི་མེ་མདའི་ཁུང་བུ་བསུབ་ཅིང་གྱོད་གཞི་ལེགས་པོ་བྱུང་བས་ཁྲི་དཔོན་རྒྱ་མཚོ་ལ་ཐུགས་རྩིས་སྔར་ལས་ཆེ་བར་གྱུར།

ཁོང་གད་སྐྱའི་རི་ཁྲོད་ལ་མ་ཕེབས་གོང་རྩམ་རའི་རི་ཁྲོད༼རི་ཁྲོད་པའི་གནས་ཤུལ་དང་ཐབ་ཁ་སོགས་རྙེད་ཅེས་མཚན་སྒྲོགས་དགོན་པའི་ཨ་ཁུ་འཇིགས་མེད་རྡོ་རྗེས་བཤད།༽དུ་བཞུགས་རིང་རྒྱུན་དུ་གཟིམས་མལ་ལ་རྐང་བ་ཆེན་པོ་ཞིག་བརྐྱངས་འོངས་ཏེ་ཁང་ཆུང་ནང་གང་བ་ལྟ་བུ་བྱེད་ཅིང་དེེར་བརྟེན་ཁམས་ཅུང་མི་བདེ་བ་བྱུང་། སྐབས་ཤིག་གྲུབ་ཆེན་རཏྣ་ལཀྵི་ཞུ་བ་ཁྲོ་ཁོའི་རི་སྟོད་མར་ཕེབས་ལམ་ཁོང་གི་དྲུང་དུ་ཕེབས། གྲུབ་ཆེན་ཚང་ཇ་ལ་ཐུགས་དགྱེས་ཤིང་ཉིན་དེར་ཇ་ཚ་བོ་ཞིག་འབྱོར་སྟབས་ཁོང་ཞག་བཞུགས་མཛད། གྲུབ་ཆེན་ཚང་རི་ཁྲོད་པའི་མལ་དུ་གཟིམས་ཤིང་། རི་ཁྲོད་པ་ཁོང་གྲུ་ཁ་ཞིག་ནས་ཞལ་འདོན་གནང་བཞིན་ཙོག་བུར་བསྡད། ཐུགས་ལ་རྐང་བ་དེ་བརྐྱངས་འོང་ན་བཟང་འདུག་སྙམ་ཀྱང་དུས་རྒྱུན་ལྟར་མ་སླེབ། མཚམས་ཤིག་ས་ཁུང་ནས་ཅུང་ཙམ་བུད། རིམ་གྱིས་གྲུབ་ཆེན་གྱི་སྟེང་དུ་བསྲིངས་ཚེ་གྲུབ་ཆེན་ཁོང་གི་དབུ་སྔས་སུ་ལྕག་ཅིག་ཡོད་པ་དེས་བྲབས་བཞིན་ཁྱེད་ལ་རྐང་བ་བསྲིངས་གནས་གནམ་ས་གཉིས་ཡོད་བཞིན་དུ་ཁོའི་སྟེང་བསྲིངས་དགོས་པ་ཨེ་རེད་ཅེས་བཀྱོན། ལྕག་གིས་བྲབས་པའི་སྒྲས་ཁང་བའི་ནང་ཁྱབ་ཅིང་དེ་ནས་རྒྱུན་ཆད། ཁོང་དཀའ་ཐུབ་ཀྱི་འཚོ་བར་བརྟེན་ནས་ཉམས་ལེན་ལ་གཞོལ་བཞིན་བཞུགས་པའི་སྐབས་ཤིག གསང་སྔགས་རྙིང་མའི་གྲུབ་མཐའ་འཛིན་པ་ཨ་ལགས་ཏིག་ཚ་ཞུ་བ་གདུགས་ཐོགས་ནས་འཁོར་མང་བཅས་ཕེབས་ཏེ་ཁོང་གི་ཉེ་སར་སྒར་བཏབ། གྲྭ་བ་འགའ་ལ་རི་ཁྲོད་པ་འདིས་ཤ་བཞེས་མིན་མི་ཤེས་རྩམ་མར་རེ་བཟུང་གསུངས་ཏེ་ཨ་ལགས་དེ་མཚམས་ཁང་དུ་ཕེབས་ནས་ཁོང་གི་ན་བཟར་འཇུས་ཕྱག་འཚལ་བར་རི་ཁྲོད་པ་ཁོང་ནས་ང་ཕྱག་བྱ་བའི་འོས་མིན་ཞུས་ཀྱང་མ་ཉན་ཅིང་ང་དཀོར་གཟན་པ་འདི་འདྲར་གྱུར་བ་རེད། སྐྱེས་པ་རྗེས་མར་ཁྱེད་ཚང་ལྟ་བུའི་རི་ཁྲོད་པ་ཞིག་ཏུ་འགྱུར་བར་ཤོག་ཅེས་ཐུགས་སྨོན་མཛད། རི་ཁྲོད་པ་ཁོང་ནས་ཨ་ལགས་དེ་གདུགས་རྟ་དར་དང་འཁོར་ཚོགས་འཛོམས་ན་མི་བཟང་བར་ལྟོ་གོས་མི་འགྲོ་བའི་སྤྲང་འཁྱམས་རི་ཁྲོད་པ་ཞིག་གིས་ཅི་བྱ་ཞེས་ཞལ་རྩེ་མཛད་སྐད། རྙིང་མའི་ཨ་ལགས་དེས་མར་རྩམ་གནང་བ་ནས་བཟུང་ཁོང་ལ་རྒྱགས་ཆད་མ་མྱོང་གསུངས། ཆོས་རྗེ་གསེར་ཁང་བ་དང་ཀིརྟི་བློ་བཟང་འཕྲིན་ལས་རྣམ་གཉིས་ཀྱང་རྩམ་རའི་རི་ཁྲོད་དུ༼ཆོས་རྗེ་གསེར་ཁང་བ་ཚང་རི་ཁྲོད་འདིར་ཕེབས་མིན་ཁོང་གི་རྣམ་ཐར་དང་འབྲེལ་ཡོད་ལོ་རྒྱུས་ཁག་ནས་མ་མཐོང་བས་བདེན་མིན་ཆ་མ་འཚལ། ཀིརྟི་བློ་བཟང་འཕྲིན་ལས་བསྟན་པ་རྒྱ་མཚོ་དེ་དུས་དགུང་ལོ་བཅུ་ཡས་མས་ཡིན་པས་ཕེབས་ཡོད་མེད་མི་ཤེས་མོད། སྤྱིར་ཁྲོ་ཁོ་ལ་ཀིརྟི་ཚང་ཁོང་ཐེངས་འགའ་ཕེབས་ཡོད་པ་རྣམ་ཐར་ལས་ཤེས། དེའི་ལོ་ཚིགས་ལ་བལྟས་ཡོང་ན་གད་སྐྱའི་རི་ཁྲོད་དུ་ཕྱིན་ཡིན་འདུག༽ཕེབས།

རབ་བྱུང་བཅུ་བཞི་བའི་ཤིང་ལུག༡༨༣༥ལོར་ཁུ་ཞང་བློ་བཟང་ཆོས་འཕེལ་ཚང་༼དགུང་ལོ་ཞེ་གསུམ༽ཁྲོ་ཁོར་ཕེབས་པ་ལས་འཇམ་དཔལ་ཞལ་ལུང་སོགས་ལམ་རིམ་དུ་མ། བློ་སྦྱོང་ལེགས་བཤད་ཀུན་འདུས། ཇོ་ལུགས་སྒྲོལ་མ་ཉེར་གཅིག ལོ་གྱོན་མ་ཐུན་མོང་མ་ཡིན་པ་སོགས་ལུང་རྗེས་གནང་དུ་མ་མནོས།

རི་ཁྲོད་པ་སོག་པོའི་ཇག་རྐུན་གྱིས་ཡང་ཡང་བཅོམ་སྟབས་རྩམ་རའི་རི་ཁྲོད་ནས་གནས་སྤོར་བར་དགོངས་ཏེ་གད་སྐྱའི་ས་འདིར་ཕེབས་པ་ན་ལུག་རྫི་ཞིག་དང་ཕྲད་མིང་དྲིས་ཚེ་སྟག་སྨྱོན་གཉན་ཚང་གི་ཡིན་ཟེར། དེའི་རྐྱེན་གྱིས་ས་འདི་གཉན་རྒྱུ་རེད་ཐུགས་ལ་དགོངས། ཨ་ཡེ་རྒན་མོ་ཞིག་གིས་ཞོ་ཕུལ་བ་ཧ་ཅང་ཆགས་ཡོད་སྟབས་གནས་བརྟན་པོ་ཡོང་ངེས་སྙམ་ནས་དེར་གཞི་བཏིངས།

རབ་བྱུང་བཅུ་བཞི་བའི་ལྕགས་སྤྲེལ༡༨༦༠ལོར་གད་སྐྱའི་རི་ཁྲོད་ནས། ལྡོང་ཆོས་དར་ཚང་༼དགུང་ལོ་དོན་གཅིག༽ལ་ཞུས་ངོར་དགའ་ལྡན་ལྷ་བརྒྱ་མའི་ཁྲིད། ལམ་གཙོའི་ཁྲིད། འཇམ་དབྱངས་དཀར་བོའི་རྗེས་གནང་། ཡི་དམ་དཔའ་བོ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་སྟ་གོན་དང་བཅས་པ། མི་འཁྲུགས་པ་ལྷ་དགུའི་དབང་། རྒྱ་རོང་བླ་མའི་གསུང་གི་བླ་མཆོད་ཁྲིད་ཡིག་ཆེན་མོ། དཔལ་མང་རིན་པོ་ཆེའི་གསུང་གི་བླ་མཆོད་ཁྲིད་ཡིག་སོགས་ལུང་ཁ་ཤས་མནོས། ཆུ་ཕག༡༨༦༣ལོར་ཡང་ལྡོང་ཆོས་དར་ཚང་གི་མདུན་ནས་མཁའ་སྤྱོད་མའི་བྱིན་རླབས། གསུང་འདུས། འཇིགས་བྱེད་ལྷ་བཅུ་གསུམ་མ། བདེ་མཆོག་དྲིལ་བུ་ཕྱི་ནང་གཉིས་ཀྱི་དབང་། རྡོར་སེམས་ཡུམ་བཅས་བླ་མགོན་དབྱེར་མེད་མའི་རྗེས་གནང་སོགས་མང་དུ་ཐོབ། རབ་ཚེས་མེ་ཡོས༡༨༦༧ལོར། གད་སྐྱའི་རི་ཁྲོད་ནས་བླ་མ་མཆོད་པའི་ཁྲིད། ཞི་ཁྲོ་སྦྲགས་སྒྲུབ་ཀྱི་ཐུན་མོང་དང་ཐུན་མོང་མ་ཡིན་པ། ལྕམ་སྲིང་གི་རྗེས་གནང་བཅས་གསན།

གད་སྐྱའི་གསང་ཆེན་རི་ཁྲོད་དུ་ནམ་ཕེབས་ཀྱི་ལོ་ཚིགས་སྐོར་ལ་ཅུང་ཙམ་དཔྱད་ཁུལ་བྱས་ན། ལྡོང་ཆོས་དར་ཚང་གི་རྣམ་ཐར་ལས་ཤེས་གསལ་ལྟར་ན། རབ་བྱུང་བཅུ་བཞི་བའི་ལྕགས་སྤྲེལ༡༨༦༠ལོར་གད་སྐྱའི་རི་ཁྲོད་དུ་ཕེབས་ཡོད་པ་ཤེས་ཐུབ། གཞན་ཡང་ཞལ་ཤུལ་སྐུ་ཕྲེང་གཉིས་པ་རྗེ༧ངག་དབང་བསྟན་པའི་རྒྱ་མཚོ་ཚང་རབ་བྱུང་བཅུ་བཞི་བའི་ས་ཕོ་རྟ་སྟེ་སྤྱི་ལོ༡༨༥༨ལོར་འཁྲུངས། ཁོང་སྐུ་བལྟམས་པའི་ཕྱི་ཉིན་དེར་གྲུབ་ཆེན་རཏྣ་ལཀྵི་ཞེས་གྲགས་པ་དེ་ཉིད་ཁྱིམ་དུ་བྱོན་ནས་བྱིས་པ་འདི་ངའི་ལག་ཏུ་ཞོག་གསུངས་ནས། ཕྱག་གཉིས་ཀྱིས་བྱིས་པ་བསྣམས་ནས་གྲུབ་ཆེན་ཁོང་གི་སྤྱི་བོར་བཞག་སྟེ། བྱིས་པའི་མཚན་ལ་དུང་ཁྲི་ཟླ་བ་དཀར་བོའམ་ཡང་ན་དུང་ལི་ཉི་མ་སེར་བོ་ཟེར་དགོས་ཞེས་མཚན་གསོལ། དུས་དེ་ནས་བཟུང་གྲུབ་ཆེན་ཚང་ཁོང་རྩམ་རའི་རི་ཁྲོད་ནས་ཞག་མལ་གཅིག་མཛད་ཏེ། ཕྱི་ཉིན་གར་སོང་ཆ་མེད་དུ་གྱུར་སོང་ཟེར་བའི་ལོ་རྒྱུས་སོགས་ལ་དཔྱད་ན། རབ་བྱུང་བཅུ་བཞི་བའི་ས་ལུག་སྟེ་སྤྱི་ལོ༡༨༥༩ལོར་གད་སྐྱའི་གསང་ཆེན་རི་ཁྲོད་དུ་ཕེབས་པར་འདོད་དོ། །

དབེན་གནས་དེ་ནས་གུང་ཐང་བསྟན་པའི་སྒྲོན་མེ་ཚང་གིས་རིག་བྱེད་མ་གྲངས་གསོག་བགྱིས་པའི་ཕྱག་ཕྲེང་སང་སིང་སྨྱོང་གནས་པས་མ་ཎི་དུང་ཕྱུར་བགྲང་བ་དེ་རི་ཁྲོད་པ་ཁོང་ལ་གནང་ཞིང་། ཁོང་གིས་ཕྱག་ཕྲེང་དེའི་སྟེང་འཇམ་དཀར་གྱི་གཟུངས་དུང་ཕྱུར་གསུངས། དགོང་ལོ་བརྒྱད་ཅུ་ཙམ་ལ་བཞུགས། ཕྱག་ཕྲེང་དང་ཕྱག་འཁོར་སོགས་སྐུ་འདས་རྗེས་ཁྱིམ་མི་དང་གཉེན་ཉེ་ཡིན་ཟེར་མཁན་ཚོས་ཁྱེར་ཟེར། ཕྱག་ཕྲེང་ནི༡༩༨༥ལོའི་བར་ཡོད་ལ་ད་ལྟའང་ཁ་འཐོར་རེ་མཆིས་སྐད།

༼ཁོང་གི་བླ་མར་བསྟེན་ཚུལ་ལ་དཔག་ན་རབ་བྱུང་བཅུ་བཞི་བའི་འགོར་ཙམ་ལ་འཁྲུངས་ཏེ། རབ་བྱུང་བཅོ་ལྔ་བའི་ནང་སྐུ་འདས་ཡོད་པར་སྙམ།༽

        གཉིས་པ། རི་ཁྲོད་པ་བསྟན་པ་རྒྱ་མཚོ།

ཁྲི་དཔོན་རྒྱ་མཚོ་ཚང་འདས་ནས་རིང་བོ་མ་ལོན་པ་ཞིག་ཏུ་སྟོད་མའི་བ་ཚང་ནས་འཁྲུངས་པའི་ཨ་ཁུ་བསྟན་པ་རྒྱ་མཚོ་ཞུ་བ་འདིར་བཞུགས། རི་ཁྲོད་པ་ཁོང་གི་ཞལ་ཤུལ་སྐུ་ཕྲེང་དང་བོ་ཁེ་ཐལ་ཚུལ་ཁྲིམས་དར་རྒྱས་ཚང་དང་། ལྡོང་ཆོས་དར་ཚང་། རི་ཁྲོད་པ་རྒྱ་མཚོ་ཚང་སོགས་བླ་མར་བསྟེན་ནས། འཆི་བ་མི་རྟག་པ། ངེས་འབྱུང་གི་བསམ་པ། བྱང་ཆུབ་ཀྱི་སེམས་རྣམས་ལ་ཚིག་ཙམ་མིན་པར་མྱོང་བ་ཐོན་ཅིང་སེམས་དམིགས་པ་རྩེ་གཅིག་ཏུ་གཏག་ཚེ་ཕྱི་རོལ་ནས་ཅི་བྱས་མི་ཚོར་ཞིང་བྱ་སྡོང་རྐོའི་མཆུས་ཁ་སྣར་བསྣུན་ནས་ཁྲག་ཕྱུང་བའང་མི་ཚོར་བའི་ཏིང་འཛིན་ལ་མཉམ་པར་འཇོག་ནུས་པ་སོགས་བསྔགས་འོས་ཡོན་ཏན་དུ་མའི་གཏེར་དུ་གྲུབ། དེ་ལྟར་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བཞིན་སྐུ་འདས། གདུང་ཞུགས་འབུལ་གནང་ཚེ་ཐུགས་ལྗགས་སྤྱན་གསུམ་བབས་པ་མཆོད་རྟེན་དུ་བཞུགས་སུ་གསོལ་ཞིང་། ཕྱིས་སྒོ་མང་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་ཚང་ནས་གཟིགས་སྐབས་དམར་མདངས་ཆགས་པའི་འཕེལ་གདུང་མང་དུ་བྱོན་པ་ཕྱག་ཏུ་བཞེས། བྱང་སེམས་ཕྱིར་མི་ལྡོག་པའི་རྟགས་རེད་ཅེས་བསྔགས་བརྗོད་མཛད། རི་ཁྲོད་པ་བསྟན་པ་རྒྱ་མཚོ་ཚང་གི་འཁྲུངས་འདས་སྐོར་ཞིབ་ཏུ་མ་ངེས་མོད། ཞལ་ཤུལ་ཚང་སོགས་བླ་མ་བསྟེན་ཚུལ་ལ་དཔྱད་ན་རབ་བྱུང་བཅུ་བཞི་བའི་ནང་འཁྲུངས་ངེས།

         གསུམ་པ། རི་ཁྲོད་པ་སྔགས་སྒྲུབ།

རྗེ་འདི་ཚང་སྨད་མའི་སྔོ་ཚང་༼ཡབ་ཀྱི་མིང་ལ་སྔོ་ཚགས༽ནས་འཁྲུངས། སྒོ་མང་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་ལས་རབ་ཏུ་བྱུང་སྟེ། མཚན་སྒྲོགས་དགོན་གྱི་རྒྱུད་པ་གྲྭ་ཚང་དུ་ཞུགས། ཕྱིས་ཙ་ན་བླ་བྲང་དུ་ཕེབས་ཏེ་རྒྱུད་སྨད་ལ་ཞུགས། ༼མཚན་སྒྲོགས་དགོན་ནས་བླ་བྲང་རྒྱུད་སྨད་ལ་ཞུགས་དགོས་དོན་སོགས་མང་དུ་ཡོད་མོད། ཁོག་ཆུང་འགའ་ཞིག་ལ་ཆགས་སྡང་ཕྱོགས་རིས་སུ་འགྲོ་ངེས་སྙམ་ནས་འདིར་མ་བཀོད།༽དེའི་སྐབས་ལྡོང་སྐུ་ཕྲེང་གཉིས་པ་ཚང་ནས་ནང་མཆོད་དང་། འཇིགས་བྱེད་དཔའ་བོ་གཅིག་པའི་ཞལ་ཐང་། མགོན་པོ། ཆོས་རྒྱལ། ལྷ་མོ་གསུམ་གྱི་ཞལ་ཐང་བཅས་སྩལ་ཏེ། ཁྲོ་ཁོའི་གད་སྐྱའི་རི་ཁྲོད་དུ་སོང་གསུང་བ་ལྟར་གནས་དེར་བྱོན། འཇིགས་བྱེད་དཔའ་གཅིག་གི་ཞལ་ཐང་ད་ལྟའང་ཡོད་ཟེར།

སྨད་མའི་གྲོང་གསར་ལ་དབྱར༼གྲོང་གསར་ལ་དབྱར་གནས་འཛུགས་སྐབས་ཀྱི་ཤོལ་དྲིལ་ཞིག་བདག་གི་ལག་སོར་དུ་བྱུང་བའི་ནང་དུ། ཉིད་ཀྱི་བླ་མ་རིན་པོ་ཆེའི་བཀའ་སྒྲུབ་ཕྱིར་རབ་ཚེས་ལོ་ལ་སྨད་མའི་སེར་སྡེ་ལ་གབྱར་གནས་གསར་འཛུགས་མཛད། འཕྲོ་སོར་གཞུངས་ལ་ཚུགས་རྒྱུའི་བཀའ་གནང་སྐབས། དཔོན་བློན་གྱི་གྲོས་བྱས་ཚེ་སྨད་མ་དང་མཚན་སྒྲོགས་དགོན་གཉིས་ཀྱིས་དུས་འཁྲུགས་ཀྱི་སྐབས་ཡིན་པས། བློན་འབངས་རྣམས་ཀྱིས་དུས་འཁྲུགས་ཀྱི་རྐྱེན་གྱིས་འཛུགས་མི་ཐུབ་པའི་རྒྱུ་མཚན་མང་དུ་བཤད། དེ་ནས་སེར་སྡེ་རང་ནས་གྲོས་བྱས་ནས་འཛུགས་རྒྱུའི་བཀའ་དང་དུ་བླངས་ཏེ། ཁོང་ལ་ཞུ་ཕྱིར་སློབ་མ་རྣམས་སོང་ཚེ་ནམ་དཀྱིལ་ཙམ་མདུན་དུ་སླེབས། ཁོང་གིས་མཁྱེན་ནས་བཀའ་བཅའ་རྣམས་སྟ་གོན་བྱས་ཏེ་མི་གཟིམས་པར་བཞུགས་འདུག རྒྱུ་མཚན་རྣམས་ཞུས་ཚེ་ཐུགས་ཤིན་ཏུ་དགྱེས་དགྱེས་མཛད་ནས་རྟེན་འབྲེལ་འགྲིགས། མདང་ངས་རྨི་ལམ་ལ་ཡུལ་དུ་རླུང་དྲག་པོ་ཞིག་གིས་རི་ཐང་མེད་པར་ཕྱགས། དེའི་རྗེས་ལ་ངས་རྒྱལ་མཚན་ཆེན་པོ་ཞིག་བཙུགས། དེའི་མགོ་ལ་ནོར་བུའི་ཏོག་ཅིག་དགོས་ཟེར་བ་རྨིས་པས་ལམ་དུ་འགྲོ་གསུངས། དེ་ནས་དབྱར་གནས་བཙུགས་ཏེ་ཉིད་ཀྱི་ཐུགས་སྨོན་དང་དབྱར་དགག་གསོ་གསུམ་གྱིས་ཡུལ་ལ་བཀྲ་ཤིས་ཤིང་དུས་འཁྲུགས་རྣམས་རང་སར་ཞི་ནས་བདེ་སྐྱིེད་རྫོགས་ལྡན་གསར་བའི་དཔལ་གཉིས་པ་ལྟ་བུ་ཤར་ཚེ་དཔོན་འབངས་རྣམས་ཀྱིས་དགའ་དད་སྤྲོ་གསུམ་གྱི་ངང་ནས་དབྱར་གནས་ཀྱི་མཐུན་རྐྱེན་བཟང་བོ་སྒྲུབ། ཉིད་ཀྱི་གསུང་གི་དབྱར་གནས་བཅའ་ཡིག་གི་མཚན་ལ་ཐར་བའི་རྒྱལ་མཚན་དང་། དེའི་ཟུར་འདེབས་ཀྱི་མཚན་ལ་ནོར་བུའི་ཏོག་གསུངས་པའང་ཁོང་གི་མཚན་ལྟས་དང་མཚུངས།༽གནས་པའི་གཞི་བཙུགས་ཏེ་དོ་དམ་གང་ལེགས་མཛད། དེ་ནས་རབ་བྱུང་དགེ་ཚུལ་བསྙེན་རྫོགས་ཀྱི་བསླབ་པ་ལ་བསྒྲུབ་བྱ་མང་བོ་བཀོད། ཁྱིམ་པ་ཕོ་མོར་མ་ཎི་སོགས་ཀྱི་ལུང་དགེ་སྐུལ་མང་དུ་མཛད། སྒོ་མང་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་ལས་དབང་ལུང་མཐས་ཡས་པ་གསན། བྱམས་མེའི་རྟ་མགྲིན་གསང་སྒྲུབ་ཀྱི་ལྷ་ཁང་དུ་། བཅད་རྒྱ་མཛད་ཅིང་རྟ་མགྲིན་གྱི་རྣལ་འབྱོར་བར་གྲགས་ཆེ། ཀུན་མཁྱེན་བཞི་བ་འདིར་ཕེབས་སྐབས་སྟོན་པའི་སྐུ་དང་། ཐུགས་རྗེ་ཆེན་པོ། ཚེ་དཔག་མེད་ཀྱི་སྐུ་བརྙན་བྱིན་ཅན་རྟེན་སྐལ་དུ་སྩལ། བཀའ་ཆོས་ཞུ་མཁན་བྱུང་ཚེ་གསུངས་ཞེས་བཀའ་གྲོལ། གད་སྐྱའི་རི་ཁྲོད་ནི་འཁོར་ལོ་སྡོམ་པའི་གནས་དངོས་ཡིན་ཞེས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར།

གཉན་ཐོགས་སྐལ་བཟང་ཐབས་མཁས་རྒྱ་མཚོ་ཡང་འདིར་ཕེབས་ཏེ་ལམ་ཁྲིད་དང་གཅོད་དབང་༼འདིའི་སྐབས་ཀྱི་གསན་ཡིག་ཀྱང་བདག་གི་ལག་ཏུ་ཆུད་ཡོད།༽སོགས་བཀའ་ཆོས་མང་བོ་སྩལ་བ་གསན་བཞེས་མཛད། རི་ཁྲོད་པ་ཁོང་ནས་ཀྱང་གྲོང་གསར་གྱི་གྲྭ་བ་བརྒྱ་ལྷག་ལ་བདེ་གསང་འཇིགས་གསུམ་སོགས་ཀྱི་སྨིན་དབང་དང་ལུང་ཁྲིད་མང་དུ་སྩལ། སྐྱབས་ཁྲིད་དང་བསླབ་བྱ་སོགས་ལྗགས་རྩོམ་ཐོར་བུ་འགའ་བཞུགས་པ་ཐོས། སྐུ་འདས་རྗེས་གྲོང་གསར་གྲྭ་མང་གིས་ཁེ་ཚང་བ་ལ་ཞུས་ངོར༼བྱ་བྲལ་རྣལ་འབྱོར་དབང་བོའི་རྣམ་ཐར་གསོལ་འདེབས་སྐལ་ལྡན་དད་པའི་འཇུག་ངོགས༽ཞེས་པའི་གསང་རྣམ་འདི་གསུངས། འདི་གསུང་བ་བོ་ལ་བཤད་ཚུལ་མི་མཐུན་པ་མཆིས་ཏེ། འགའ་རེས་ཨ་ལགས་ནག་ཁེ་ཚང་སྐུ་གོང་མ་ཞིག་གིས་མཛད་པ་ཡིན་ཟེར་བ་དང་། ཡང་འགའ་ཞིག་གིས་ཁེ་ཚང་མཁས་པ་ཚང་གིས་གསུང་ཟེར་བ་སོགས་མི་མཐུན་པ་འགའ་ཡོད་རྐྱེན་བདག་གིས་ཨ་ལགས་ནག་ཁེ་ཚང་ལ་བཅར་འདྲི་བྱས་ཅིང་གསལ་ཁ་མ་བྱུང་མོད། གནས་བབས་དང་འབྲེལ་འདྲིས་སོགས་ལ་དཔག་ན་ཁེ་ཚང་མཁས་པ་ཚང་ཟེར་བ་ཡིན་ཚོད་འདུག

དེ་དུས་ཀུན་མཁྱེན་སྐུ་ཕྲེང་བཞི་བ༧རྗེ་སྐལ་བཟང་ཐུབ་བསྟན་དབང་ཕྱུག་ཚང་ལ་གྲོང་གསར་གྲྭ་མང་གིས་ཞུས་ངོར་གསང་རྣམ་འོག་མིན་མ་ཟེར་བ་ཞིག་ལྗགས་རྩོམ་གནང་ཡོད་ཟེར་མོད་མཇལ་མ་མྱོང་།

         བཞི་བ། རི་ཁྲོད་པ་འཇམ་དབྱངས་རྒྱ་མཚོ།

རྗེ་ཀུན་སྤངས་པ་ཆེན་པོ་འཇམ་ཁོའམ་འཇམ་དབྱངས་རྒྱ་མཚོ་ནི་ཁྲོ་ཁོ་ནུར་མའི་ཡུ་རིང་ཚང་ཟེར་བར་འཁྲུངས། རྔ་བའི་སྔོ་ཤུལ་རི་ཁྲོད་པ་སྐལ་བཟང་རྒྱ་མཚོ་ལས་གཅོད་དབང་སོགས་ཟབ་ཆོས་མང་དུ་མནོས། ཆུ་མིག་བརྒྱ་རྩ་འགྲིམས་ཤིང་རྟོགས་པ་ཀློང་དུ་བརྡོལ། སྡེ་བརྒྱད་བྲན་དུ་ཁོལ་བའི་རྣལ་འབྱོར་བ་ཡིན་གཤིས་དངུལ་བུམ་དང་གཡང་རི་མ་སོགས་སུ་ལབ་ཙེ་བཞག བདེ་ཐང་མཁན་ཆེན༧བློ་བཟང་ཆོས་ཀྱི་ཉི་མ་གཞན་ཕན་འཕྲིན་ལས་དགེ་ལེགས་རྒྱ་མཚོ་ཚང་ནས། རི་ཁྲོད་པ་འདི་ཚང་ལམ་སྣ་ཟིན་པ་ཞིག་རེད་ཅེས་ཨ་ཁུ་རི་ཁྲོད་པ༧རྗེ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་ཚང་ལ་གསུངས། རྩོམ་ལ་ཆགས་ཐོགས་བྲལ་བའི་ངག་གི་སྤོབས་པ་མཐོ་ཞིང་འགྲོ་དོན་རྒྱ་ཆེ་བ་བྱུང་། སྐབས་ཤིག་ཁྲོ་ཁོ་ཆུ་ཁ་མར་ནད་ཡམས་ཤིག་འོངས་ཏེ་མི་མང་བོ་ཤི་ཞིང་སུས་ཀྱང་ཕན་མ་ཐོགས་པར་ཡོད་ཚེ། ཨ་ལགས་མགོ་རྟ་ཚང་ཕེབས་ནས་གཅོད་འདུལ་བརྒྱབ་པས་སྤྲང་བོ་ཞིག་ཁུགས། དེར་རྩམ་པ་མང་ཙམ་བྱིན་ཏེ་གད་སྐྱའི་རི་ཁྲོད་དུ་སོང་གསུངས་ནས་གྲྭ་བ་ཞིག་སྐྱེལ་མར་བརྫངས། གྲྭ་བ་ཕྱིར་ལོག་སྐབས་ཕྱི་མིག་ཅིག་བལྟས་ཚེ་སྤྲང་བོ་དེ་རྐང་བ་བར་སྣང་ལ་ཟུག་ཅིང་ལག་པ་གཉིས་ས་ལ་བརྟེན་ནས་འགྲོ་བཞིན་པ་མཐོང་། གད་སྐྱའི་རི་ཁྲོད་ལ་ཐོན་ནས་དེ་ལྟར་འགྲོ་བ་རི་ཁྲོད་པ་ཁོང་གིས་མཐོང་སྟབས་གཅོད་དབང་མང་བོ་གསུངས། ཉིན་ཁ་ཤས་མཚམས་ཤི་འདུག་ཅིང་རོ་ཡང་མཆིས། རས་དུམ་ཞིག་དང་བ་མ་གཉིས་འདུག་པ་ཕྱིས་སུའང་འདྲེ་བ་དང་ཞེས་གྲགས་ཤིང་མཐོང་རྒྱུ་ཡོད་སྐད། ཁོང་ཕྱག་བཟོ་ལ་མཁས་སྟབས་གནས་བརྟན་བཅུ་དྲུག་དང་། གྲུབ་ཆེན་བརྒྱད་ཅུ་སོགས་སྐུ་གཟུགས་མང་ཙམ་བཞེངས། ཕྱིས་སུ་ཕལ་ཆེར་ཞལ་ཤུལ་དགོན་དུ་གདན་དྲངས། སྨད་མའི་ཁྱིམ་པ་ཚོར་མ་ཎི་དང་སྨྱུང་གནས་ཀྱི་དགེ་སྒྲུབ་ལ་སྐུལ་མ་མཛད། དེ་ལྟར་བསྟན་ལ་གཅིག་ཏུ་ཕན་པའི་ཕྱག་རྗེས་སུབ་ཏུ་མེད་པ་བཞག་སྟེ། མཚམས་ཁང་གི་ཕྱི་རོལ་ཏུ་སྒམ་ཞིག་ལ་སྟེགས་བྱས་ནས་སྐུ་འདས་ནས་ཉིན་ཤས་འགོར་ཀྱང་སྐུ་གདུང་ལ་སྐྱོན་མ་ཤོར། དུ་དུང་འཁྲུངས་འདས་ཞིབ་རྩད་མ་ཆོད།

༼གོང་གི་རི་ཁྲོད་པ་བཞིའི་མཛད་རྣམ་ཉུང་བསྡུས་འདི་ནི། ཀུན་སྤངས་རི་ཁྲོད་པ༧རྗེ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་ཚང་གི་ཐུགས་ན་ཡོད་པ་རྣམས་དང་། ས་དེ་གའི་རྒན་པོ་ལོ་རྒྱུས་པ་འགའ་རེའི་ངག་བརྒྱུད་ནས་བྲིས་པའོ།།༽

       ལྔ་བ། ཀུན་སྤངས་རི་ཁྲོད་པ༧རྗེ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ།

ལྷོ་བྲག་མཁན་ཆེན་ལས་ཀྱི་རྡོ་རྗེའི་རྣམ་ཐར་ལས། ཆུ་རྒྱུད་གངས་ལ་ཐུག་པ་དང་མི་རྒྱུད་ལྷ་ལས་ཆད། ཅེས་གསུངས་པ་ལྟར་མི་རྒྱུད་འོད་གསལ་ལྷ་ལས་མཆེད་པར་མངོན་པའི་སྡེ་སྣོད་ལས་གསུངས་པ་ནི་སྤྱི་ལ་ཁྱབ་པ་དང་། བྱེ་བྲག་བཻ་དཀར་དུ་དྲངས་ལས། དེ་ཡང་རྩོད་ལྡན་ཐོག་མ་ལ། །སྐྱོ་སྟེ་ནགས་གནས་བསམ་གཏན་ཐོབ། །མངོན་ཤེས་ལྡན་པ་དྲང་སྲོང་གྲགས། །བསམ་གཏན་མ་ཐོབ་གྲོང་དུ་འོངས། །སྙན་ངག་སོགས་འཚོ་བྲམ་ཟེའི་རིགས། །དཔྱ་ཁྲལ་ལ་དབང་རྒྱལ་རིགས་ཡིན། །ཚོང་དཔོན་ལ་སོགས་རྗེ་བོའི་རིགས། །ཞིང་ལས་འཚོ་བ་དམངས་རིགས་ཏེ། །སྲོག་གཅོད་ངན་ལས་གདོལ་བའི་རིགས། །སོ་སོའི་བྱེད་ལས་ཐ་དད་ལས། །རིགས་ལ་རྣམ་གཞག་ལྔ་རུ་བྱུང་། །ཞེས་དང་། རྒྱལ་བོའི་བཀའ་ཆེམས་ཀ་ཁོལ་མ་ལས། །ལྡོང་དང་སྟོང་། སེ་དང་སྨུ་གཉིས་ཏེ་ནང་གི་མིའུ་རིགས་བཞི་བྱ་བར་གྲགས། ལྡོང་ལ་རུས་ཆེན་བཅོ་བརྒྱད། སྟོང་ལ་རྗེ་བཞི་ཁོལ་བརྒྱད། སེ་ལ་འཇུ་ལེ་སྤུན་དགུ སྨུ་ལ་ཀོ་ལེའི་འཕྲ་བརྒྱད་ཅེས་གྲགས་པ་ལས་རྗེ་བཙུན་དམ་པ་འདི་ནི་ལྡོང་ཤུལ་ཆེན་བཅོ་བརྒྱད་ལས་རིམ་གྱིས་མཆེད་པའི༼ལྡོང་ཤུལ་ཆེན་བཅོ་བརྒྱད་ལས་མཆེད་ཚུལ་འདི་ངག་རྒྱུན་ལ་ཁུངས་བཅོལ་ཏེ་བྲིས་པ་མ་གཏོགས། ལོ་རྒྱུས་ཀྱི་ཡིག་ཚང་ལས་མ་མཐོང་ངོ་།།༽ཡབ་རས་ཤུལ་སྔོ་བློ་ཟེར་བ་དཔའ་མཛངས་རྟུལ་ཕོད་སོགས་ཀྱི་ཡོན་ཏན་ལ་མངའ་བརྙེས་པ་དང་། ཡུམ་མ་ལོ་ནི་རང་བཞིན་བཟང་ཞིང་ཆོས་ལ་མོས་པ། དད་པ་དང་གཏོང་བ་སོགས་ཡ་རབས་ཀྱི་སྤྱོད་པ་དུ་མས་བརྒྱན་པ་ཞིག་ཡིན་ཞེས་ཡུལ་མི་ཐམས་ཅད་ཀྱིས་མཐུན་པར་གླེང་།༼ད་དུང་རྗེ་འདིའི་རུས་རྒྱུད་ལ་འཇམ་མགོན་རྒྱལ་བ་གཉིས་པའི་རྒྱལ་ཚབ་དམ་པ་ཁྲི་རབས་ལྔ་གཅིག་པ་ཧོར་གཙང་ཁྲི་ཆེན་དཔལ་ལྡན་གྲགས་པའི་སྐྱེ་ཕྲེང་དྲུག་པ་བློ་བཟང་དཔལ་ལྡན་རྒྱ་མཚོ་དང་། ནག་ཁེ་སྐུ་ཕྲེང་གསུམ་པ་བསྟན་པའི་རྒྱལ་མཚན། བཀའ་བརྒྱུད་པའི་ལུགས་སྲོལ་འཛིན་པ་གཅོད་དང་སྨན་རྩིས། ས་དཔྱད་སོགས་ལ་མཁས་པའི་ཡང་རྩེར་སོན་པ་དཔལ་རྒྱམ་སོགས་སྐྱེས་ཆེན་དམ་པ་མང་དུ་འཁྲུངས་པའི་ལོ་རྒྱུས་ཡོད་ཀྱང་། འདིར་སྐབས་སུ་མ་བབས་པའི་གཏམ་རེད་སྙམ་སྟེ་མ་བཀོད་པ་ཡི།༽ཤོག་ཉུང་རྔ་བའི་ཡུལ་དེར་གནས་ཀྱི་སྐྱེ་བོ་དྲག་ཞན་ཐམས་ཅད་ཡར་དཀོན་མཆོག་ལ་མཆོད་པ་དང་། མར་དབུལ་ཕོངས་ལ་སྦྱིན་པ་གཏོང་བ་སོགས་དཀར་བོ་དགེ་བའི་ཕྱོགས་ལ་བརྩོན་པ་ཆེ་ཞིང་། ནག་པོ་སྡིག་པ་ལའང་འཛེམ་པས། ཡ་རབས་ཀྱི་སྤྱོད་པ་དུ་མས་ཕྱུག་པ། ཕལ་ཆེར་ལ་གཟུགས་མཛེས་ཤིང་སྨྲ་སྒོ་ཡངས་པ་སོགས་ཆོས་སྒྲུབ་པའི་རྟེན་འོས་པ་ཤས་ཆེ་བའི་ཡུལ་སྡེའི་ནང་གི་ཡབ་ཡུམ་དེ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་བའི་བགྲང་བྱ་ལྔ་གཉིས་པ། ལེགས་པར་སྦྱར་བ་ལྷའི་སྐད་དུ་ཀ་ལ་དུ་ཏྰི་གྲགས་ཤིང་། བདེ་མཆོག་སྟོེད་འགྲེལ་བརྡ་ལ་དུས་ཀྱི་ཕོ་ཉ་ཞེས་པ། གསེར་གྱི་རྒྱལ་ཁབ་ཆེན་པོར་ཝུ་ཝུ་འབོད་པ་དང་། བསིལ་ལྡན་ཁ་བའི་ལྗོངས་འདིར་དབང་ཐང་དང་བསྟུན་ཏེ་ས་ཕོ་རྟའི༡༩༡༨ལོར། མཐོང་ན་མི་མཐུན་པ་མེད་པ་འཇིག་རྟེན་ཀུན་གྱི་མིག་གི་བདུད་རྩི་དང་རྣ་བའི་དགའ་སྟོན་ཞིག་ཡུམ་ལ་བསྙུང་ཟུག་ཅུང་ཟད་ཀྱང་མེད་པར་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྟེ་སྐུ་བལྟམས་སོ།།

དེ་ནས་དགུང་ལོ་གཉིས་བཞེས་སྐབས་རུ་བ༼ཁྲོ་ཁོ་ཁ་གསུམ་གྱི་ནང་ཚན༽ཁྲོ་ཁོ་ཆུ་ཁར་མར་ཕྱིན་ཏེ་ལོ་ངོ་དུ་མའི་བར་ལ་གནག་ཕྱུགས་ཀྱི་འཕེལ་ཁ་བསྐྱངས་ཏེ་ཡབ་ཡུམ་གཉིས་ལ་ཕྱག་གཡོག་གང་འོས་བསྒྲུབས། ཁོང་བྱིས་དུས་ནས་བློ་གསལ་ཞིང་རིག་པ་མྱུར་བ་དང་། མཆོག་གསུམ་གྱི་ཞིང་ལ་དད་གུས་ལྡན་ཞིང་། བླ་མ་སྐྱེས་ཆེན་དམ་པ་དང་དགེ་འདུན་གྱི་སྡེ་རྣམས་ལ་སྲི་ཞུ་དང་བཀུར་སྟི་ཞུ་བ་ལ་ཤིན་ཏུ་མོས་པ་དང་། ངན་སློང་དང་ཉམ་ཐག་པ་ལ་བྱམས་སེམས་ཆེ་བས་སྒོས་ཟས་གོས་ཡོ་བྱད་སོགས་རང་ལ་མ་སེམས་པར་ཕངས་མེད་དུ་སྦྱིན་པ་སོགས་ལྷག་སྐྱེས་ནས་བཟང་བོའི་རིགས་ཀྱིས་བག་ཆགས་སད་པར་མ་ཟད་ཀུན་སྤྱོད་གཙང་ཞིང་གཞན་ཕན་གྱི་སེམས་ལ་འགྲན་ཟླ་དང་བྲལ་བ་ཞིག་ཡིན་པས། གྲོང་མི་ཐམས་ཅད་ཀྱིས་རྗེས་སུ་ཡི་རངས་དང་ཕྱག་བྱ་བའི་གནས་སུ་གྱུར་ཏོ། །འདི་དག་ནི་དམ་པ་འདི་ཉིད་ཀྱི་འཇིག་རྟེན་གྱི་བློ་ངོར་དང་བསྟུན་པའི་མཛད་བཟང་རྒྱ་མཚོ་ལྟ་བུ་ལས་འདིར་སྐྲ་རྩེས་བླངས་པའི་ཆུ་ཐིགས་ཙམ་ཞིག་དད་པ་བསྐྱེད་པའི་ཡན་ལག་ཏུ་བརྗོད་པ་ཡིན་གྱི། སྤྱིར་འཕགས་ཆེན་དམ་པ་རྣམས་ཀྱི་གསང་བ་གསུམ་གྱི་ཡོན་ཏན་བསམ་གྱི་མི་ཁྱབ་པ་ནི། རྒྱལ་སྲས་ཉན་རང་དང་བཅས་པས་ཇི་ཙམ་བརྟགས་ཀྱང་བློ་ཡི་ཡུལ་མིན་ན་རྨོངས་པ་བདག་ལྟ་བུས་ཕྱོགས་ཙམ་ཡང་མཚོན་པར་ག་ལ་ནུས་ཏེ། རྗེ་བླ་མས། ཁྱོད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་ཡི། །ཚུལ་འདི་རྒྱལ་སྲས་རང་རྒྱལ་ཉན་ཐོས་ཀྱིས། །ཇི་ཙམ་བརྟགས་ཀྱང་བློ་ཡི་ཡུལ་མིན་ན། །ཚངས་དང་དབང་བོ་སོགས་ཀྱིས་སྨོས་ཅི་འཚལ། །མཁའ་ལྡིང་དབང་བོས་མཁའ་ལ་བགྲོད་བགྲོད་ནས། །ནམ་ཞིག་རང་སྟོབས་བྲི་བས་ལྡོག་འགྱུར་གྱི། །ནམ་མཁའ་ཟད་པས་ལྡོག་པར་མི་འགྱུར་བཞིན། །ཁྱོད་ཀྱི་ཡོན་ཏན་བརྗོད་པའང་དེ་ལྟར་ལགས། །ཞེས་གང་གསུངས་ལྟར་རོ། །རྗེ་འདི་བའི༼རྣམ་ཐར་ས་བོན་མདོར་བསྡུས་སུ་བརྗོད་པ་དད་པའི་ཀུན་ད་འཛུམ་པའི་ཟླ་ཟེར༽ཞེས་པ་ཞིག་བདག་གིས་སྔར་ནས་བྲིས་ཟིན་མོད། མ་དངུལ་གྱིས་ཕུངས་རྐྱེན་དཔར་དུ་འཁོད་མ་ཐུབ་པར་ལས་ཡོད། དེའི་ནང་ཁོང་གི་རྣམ་ཐར་ཆ་ཚང་ཞིག་འབྲི་ཁུལ་བྱས་ཡོད་དོ། །

སྨྲས་པ། ཚད་མར་གྱུར་བའི་སྐྱེ་བུ་དམ་པ་འགའ།།

འཁོར་ལོ་སྡོམ་པའི་གནས་ངོས་གད་སྐྱ་ནས།།

སྒྲུབ་པ་ཉམས་ལེན་མཐའ་འཁྱོལ་མཛད་པ་ཡི།།

མཛད་རྣམ་ཉུང་བསྡུས་བརྗོད་ལ་སྤོབས་པ་མཐོ།།

ཀུན་སྤངས་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་ཡིས།།

རྩོམ་སྐུལ་གནང་དང་ས་བོན་བསྩལ་བ་སོགས།།

ཡང་ཡང་ཐུགས་རྗེས་བསྐྱངས་པའི་བཀའ་དྲིན་འདི།།

བཟོ་ཕྱིར་ཉུང་ངུའི་ཚིག་འདི་སྤེལ་པ་འོ།།

ཞེས་པ་འདི་ནི་བདག་གི་བླ་མ་རིན་པོ་ཆེ་ཀུན་སྤངས་རི་ཁྲོད་པ༧རྗེ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་ཚང་གིས་གད་སྐྱའི་རི་ཁྲོད་པ་རྣམས་ཀྱི་མཛད་རྣམ་ཉུང་བསྡུས་དང་ཁོང་གི་ལོ་རྒྱུས་ས་བོན་ཞིག་ཡིག་ཐོག་ལ་ཕབས་དགོས་ཞེས་བཀའ་གནང་བར་མ་ཟད། ཁོང་གི་ཚ་བོ་འཕྲིན་ལས་དང་། ལྷ་ཕྲུག་བཟོད་པ་སོགས་ཀྱིས་ཀྱང་རྩོམ་བསྐུལ་བྱས་པ་ལ་བརྟེན་ནས། ༡༩༩༨ལོར་འབྲི་འགོ་རྩམས་ནས་ཁོམ་ནམ་ཡོད་ལ་ཀུན་སྤངས་རི་ཁྲོད༧རྗེ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་ཐུགས་ན་ཡོད་པ་རྣམས་ཡིག་ཐོག་ལ་ཕབས་ཅི་ཐུབ་བྱས། ཞོར་དུ་འབྲེལ་ཡོད་རྣམ་ཐར་སོགས་ལ་ལྟ་ཀློག་དང་། ས་དེ་གའི་རྒན་པོ་ལོ་རྒྱུས་པ་ཚོ་ལ་འདྲི་གཏུགས་ཡང་ཡང་བྱས་ཏེ། ༢༠༠༡ལོར༼ཁྲོ་ཁོ་སྨད་མའི་གད་སྐྱའི་གསང་ཆེན་རི་ཁྲོད་པ་རྣམས་ཀྱི་མཛད་རྣམ་ཉུང་བསྡུས།༽ཞེས་པ་དང་། ༼ཀུན་སྤངས་རི་ཁྲོད་པ༧རྗེ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི་རྣམ་ཐར་ས་བོན་མདོར་བསྡུས་སུ་བརྗོད་པ་དད་པའི་ཀུན་ད་འཛུམ་པའི་ཟླ་ཟེར༽གཉིས་མཇུག་རྫོགས་པར་བྱས། ༢༠༠༥ལོར་གསར་རྙེད་ས་བོན་རྣམས་ཁ་སྣོན་དང་ཞུ་དག་ལེགས་པར་བགྱིས་ཏེ། ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་མཇུག་ཡོངས་སུ་རྫོགས་པར་བྱས་སོ། །

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།