རིག་བྱེད་དབྱངས་ཀྱི་སྙིང་བོ།
༄༅། །ཆོས་དབྱིངས་ཟག་མེད་ལང་ཚོས་རབ་དྲེགས་པས། །
དུས་དང་མི་འཚམ་གསང་གསུམ་འཁོར་ལོའི་ཕུལ། །
རྒྱན་གྱི་རྣམ་པར་འཆར་བའི་དཔལ་མངའ་བ། །
དུས་ཀྱི་འཇམ་མགོན་གཉིས་པ་རྒྱལ་གྱུར་ཅིག། །
ཞབས་སྐྱེས་སྲིད་ཞིའི་ཟུར་ཕུད་མངོན་མཐོ་བས། །
མཆོད་འོས་བླ་ན་འདོད་འཇོའི་དཔག་བསམ་ཤིང༌། །
དགེ་ལེགས་འོད་རིས་མཁའ་ལས་རྣམ་འགོངས་པ། །
རབ་གསལ་གདེངས་ཀ་བསྒྲིགས་པའི་འབབ་སྟེགས་སུ། །
རིང་ནས་རིང་བར་སྤྱན་རས་བཙའ་བའི་འདབ། །
ལྷུང་བས་སྙིང་ལ་དད་པའི་ཁོལ་བཟུང་སྟེ། །
བགྱི་འོས་གཅིག་ཏུ་གང་ལ་མཆོད་སྤྲིན་དུ། །
དཀྲིགས་པ་དེ་ཡིས་འདིར་ཡང་ཡོན་དུ་སྦྲེང༌། །
མཐོ་རིས་ཡུལ་གྱི་ཡོན་ཏན་ཀུན་བླངས་ནས། །
དག་པའི་ཞིང་ལ་འཕྱ་བའི་ངལ་བ་ཅན། །
གདོང་དམར་ཡུལ་ཞེས་འབྱུང་བོ་འཛིན་མའི་གཞི། །
བསོད་ནམས་དོ་ཤལ་བསྐྱོད་པའི་ཕང་བ་ལ། །
ཐུགས་རྗེ་མགྲིན་སྔོན་རལ་བའི་ཐེམ་སྐས་ལས། །
ཟུར་ཕུད་ལྔ་བ་དུས་ཀྱི་སྟོན་པ་པོར། །
མངོན་སུམ་གཤེགས་པའི་གྲགས་དཀར་གེ་སར་གྱི། །
ཐིག་ལེ་འཐུལ་བའི་སྐལབཟང་འདི་རེ་རྨད། །
གང་ཞིག་མེས་པོས་གྲོང་གི་ཡེ་ཤེས་སོགས། །
སྦྱང་འདོད་ཕོ་ཉ་དཀར་པོའི་ཞགས་པ་ཡིས། །
ཐུགས་ལ་ལྕགས་ཀྱུ་གཉིས་པའི་ལས་བྱས་པ། །
ཆོས་འཚོལ་མཁས་པའི་ལམ་དེར་ངང་གིས་ཞུགས། །
རྒྱ་བོད་སྲོལ་གར་དར་བའི་མེ་ཏོག་གི། །
ཕྲེང་བ་རྒྱུ་སྐར་འོད་ཟེར་རྩེ་མོའི་ཚོགས། །
དད་པའི་རྔ་ཡབ་གཡོ་ལྡན་རྣམ་དཔྱོད་ཀྱི། །
ཟླ་བའི་ངོས་ལ་རི་མོའི་སྤུན་དུ་གྱུར། །
འདབ་གཤོག་མ་རྫོགས་མཁའ་ལྡིང་སྲས་པོ་ཞིག །
མཐོངས་ཡངས་དཔུང་བར་བགྲོད་པའི་སྟོབས་བརྙེས་པས། །
ཤེས་བྱའི་ཁུང་བུ་སྐྲག་པས་ལུས་སྐྱེས་ཀྱི། །
རྩི་ཤིང་འདར་ལྡན་སོ་གའི་རྣམ་འཕྲུལ་བཞིན། །
ཁྱོད་ཀྱི་མཁྱེན་དཔྱོད་སྒྲོ་ལྡན་སྟོང་ཕྲག་གིས། །
ཕྲ་ཞིབ་ཤེས་བྱའི་འབེན་དག་ཕིགས་པ་ན། །
སྨྲ་བའི་སེང་གེ་ཤིང་རྟ་མཆེད་གཉིས་ཀྱང༌། །
ཉི་མའི་དྲུང་ན་སྲིན་མེའི་གོ་འཕང་འཛིན། །
ལྗགས་རྩེ་པདྨ་རྒྱས་པའི་ཆ་རེར་ཡང༌། །
མཐའ་དག་རིག་བྱེད་འགྱུ་བའི་རོལ་རྩེད་ལ། །
མ་འགྲན་ཚངས་སྲས་སྐྱེངས་པས་རྒྱུད་མངས་མར། །
ཕྱག་སོར་ལན་བརྒྱར་བསྣུན་ཀྱང་ངལ་བའི་རྟེན། །
གུར་ཀུམ་དོག་པ་རྒྱུ་བའི་དགའ་བྱེད་ཀྱིས། །
མང་ཐོས་ས་གསུམ་བརྙེས་པའི་ཁེངས་པ་ཡང༌། །
ཐུང་ངུར་བཏང་བའི་སྙན་པ་བླ་ན་མེད། །
གང་གི་གསང་གསུམ་ཡོན་ཏན་གཟུགས་ཅན་དུ། །
རྣམ་པར་འཕོས་པ་ས་འཛིན་ལྷུན་པོ་སྟེ། །
གསེར་ལྡན་རལ་བས་འདེགས་པའི་སྐལ་བཟང་ལ། །
རྒྱལ་བ་རྣམས་ཀྱང་སྲེད་པས་གདུང་བ་འཛིན། །
དེ་ཡི་གྲོགས་མོ་ནམ་མཁའི་ནུ་ལྡན་མ། །
ཕྲག་དོག་རོ་བརྒྱ་འབར་བ་ལ་ཟོས་པས། །
རྒྱ་ཆེན་འཁྲུགས་པའི་མིག་ཆུ་ཟེགས་པའི་མཚོར། །
ས་འདིར་རྒྱ་མཚོའི་ཐ་སྙད་སྒྲ་ཡིས་འབོད། །
མདོ་ཁམས་འཛིན་མ་དར་བའི་གདེངས་ཀ་ན། །
མཚན་དཔེའི་གབ་པའི་གཞོན་ནུ་སངས་རྒྱས་ཞེས། །
མཐོན་མཐིང་མཁའ་ཡིས་ཆུ་འཛིན་དྲ་བ་ལ། །
ལྟད་མོར་ལྷགས་འདིས་དགུང་ཡང་རལ་བས་དོགས། །
བློ་བཟང་རིང་ལུགས་ནོར་བུའི་ལྷུན་པོ་གང༌། །
ཉུངས་དཀར་ཚད་དུ་འཕོ་བ་ལ་བརྩོན་ཚེ། །
རྩོད་པའི་དུས་ཀྱི་དགེ་ལེགས་དཔལ་བ་ཁྱོད། །
རྒྱལ་རྣམས་ཐུགས་ཀྱི་ཐིག་ལེ་བོ་བར་ངེས། །
ཁྱོད་ཞལ་དབུགས་ཀྱི་རྩེ་མོ་གཡོ་བ་ཡང༌། །
གསེར་ཞུན་བསྟན་པའི་སྲོག་གི་ཀ་བ་ལ། །
འགྱུར་བ་ཉིད་ཕྱིར་མཐར་བྱེད་གཏུམ་པོ་ཡང༌། །
འགྱིང་བ་བཏང་ནས་བྲན་གྱི་ལས་ལ་ཆས། །
ཕྱུགས་ཀྱི་ར་བར་རྒྱལ་བའི་འཁྲི་ཤིང་མཆོག །
མི་སྐྱེའི་གཏམ་གྱི་ཁུག་པ་རྫུན་རིས་ཙམ། །
མད་ན་གཙུག་ཏོར་བྱི་བའི་བདེ་བར་གཤེགས། །
ས་འདིར་རྒྱུ་བའི་དགེ་མཚན་འདི་ཅི་ཞིག །
དེ་ཕྱིར་འདི་ཡི་ཞབས་སྐྱེས་རེག་པ་ཡི། །
རྡུལ་ཡང་ཐུབ་པས་མཆོད་འོས་མཆོད་རྟེན་བས། །
རང་རང་ཐོད་དུ་བཀུར་བའི་རིན་ཆེན་དུ། །
ལེན་རྣམས་སྐལ་བཟང་བསྐལ་པའི་ཡུན་ལ་བསྒྲུབས། །
ཐུན་མོང་ཐུན་མོང་མིན་པའི་གཙུག་ཏོར་གྱི། །
མཁའ་ལ་དེང་ཡང་སྐྱིལ་མོ་ཀྲུང་བཅས་ནས། །
བློ་བཟང་ལེགས་གསུང་གྲགས་པའི་སྙན་སྒྲ་ཅན། །
ཁོར་ཡུག་འཁྲོལ་བའི་ལེགས་མཛད་ཡི་གར་འོང༌། །
ཚུལ་དེས་རང་བསྟན་ཁ་ཡི་དབུགས་བྲལ་བ། །
སོས་ལས་ཕན་བདེ་གསེར་གྱི་མྱུ་གུ་མང༌། །
འཛུམ་པའི་གནའ་བོའི་སྲོལ་བཟང་དར་བས། །
འཇམ་མགོན་མཉེས་པའི་ཕ་མཐའ་སུ་ཡིས་དཔོག །
ལེགས་བྱས་བསོད་ནམས་བཀྲ་ཤིས་རྫས་མངས་ཀྱི། །
སྤྲིན་ཕུང་རྒྱུ་མཚོའི་བཀོད་པ་འབུམ་དཀྲིགས་པས། །
རབ་འབྱམས་ཞིང་ན་རྒྱལ་བ་སྲས་བོར་བཅས། །
ཅི་ཡང་མྱོས་པའི་རྩེ་དགའ་གཞལ་ཡོད་མིན། །
འདོད་པའི་ཡོན་ཏན་གློག་གི་ཕྲེང་བ་ཡིས། །
དབང་མེད་བཟུང་ནས་ཉེས་བཤད་སྤྲིན་གྱི་སྒྲས། །
ཐོས་འཛིན་ཁང་བ་འགེངས་པས་ནོར་ལྡན་མར། །
ལེགས་བཤད་རྒྱུ་བའི་གོ་སྐབས་ག་ལས་རྙེད། །
འོན་ཀྱང་ཁྱོད་ཀྱི་ཐུགས་བསྐྱེད་རླུའ་པོའི་དཔུང༌། །
བཙན་པོས་ཆེར་སྙིགས་འཇིག་རྟེན་རྣམ་གཞིག་ནས། །
རྫོགས་ལྡན་མགྲོན་དུ་བསུས་པར་ཆོས་ཀྱི་དབྱངས། །
མ་ལུས་རང་སྒྲར་དགོད་པའི་ཡ་མཚན་འབར། །
ད་ནི་ཆོས་ཀྱི་རྔ་ཆེན་རྒྱ་མཚོ་བཞིའི། །
མཐའ་ལ་ཐུག་པར་བརྡུངས་པས་ས་ཆེན་འདིར། །
རྨད་བྱུང་བཀོད་པའི་ཞིང་ཁམས་ཡོངས་འཕོས་པའི། །
ཡ་མཚན་རི་མོ་གཞར་ཡང་འདོར་མི་འཚལ། །
རིན་ཆེན་རྡུལ་བརྩེགས་ལྷ་ཡི་རྐང་སྟེགས་དེ། །
ནམ་ཞིག་བི་ཤྭ་ན་རའི་སྲས་པོ་ལ། །
མ་འཁྱུད་དེ་སྲིད་བཤད་སྒྲུབ་རོལ་རྩེད་ཀྱིས། །
མཚན་ཡང་ཉིན་བཞིན་བགྱིད་པ་ཁྱོད་ལ་འོས། །
འདི་ན་ཨཽ་ཌི་ཡ་ན་ཡི། །
བྲག་དཀར་དུས་ཀྱིས་སོན་པ་ལ། །
ཁོར་ཡུག་བསྐོར་བའི་ས་འཛིན་ཚོགས། །
འདུད་པའི་རྣམ་འགྱུར་རི་མོ་བཞིན། །
རྐང་འཐུང་དགོད་པའི་སྤུ་ལོང་གིས། །
དྲེགས་པ་རབ་ལྡན་ནོར་འཛིན་གྱིས། །
འཆི་མེད་གྲོང་གི་ཁྱད་པར་ལ།།
འཕྱ་བ་ཟླ་བའི་འཛུམ་དུ་གསལ།།
དྲི་ཟ་དགའ་བའི་རོལ་མོ་ལས། །
འདབ་ཆགས་གྱ་གྱུའི་རྒྱུད་མངས་དབྱངས། །
ཕྱོགས་ཀྱི་བུ་མོའི་རྣ་བ་ལ། །
སྔོན་མེད་རྒྱན་གྱི་དོ་ཤལ་རྒོད། །
མཐིང་སྔོན་བཻཌཱུར་ལང་ཚོ་ཡིས། །
སྒེག་པ་འགྲོ་ལྡན་དཔལ་མོའི་འཕྲུལ། །
ཆོས་བཟང་ཅ་ཅོའི་མཆེད་པོ་སྟེ། །
བདེ་ཆེན་དགའ་བ་དར་ལ་བརྩོན། །
མཁའ་ལ་མངོན་སྤྱོད་དཔལ་མོའི་ཁྱུ། །
བདེ་སྟོང་དགའ་མགུ་ལ་རོལ་ནས། །
སར་བ་སར་བའི་བཀྲ་ཤིས་ཀྱི། །
རྒྱལ་མཚན་འཛུགས་པའི་མཐའ་མ་རྙེད། །
དེ་ལྟའི་ལྟེ་བས་འོད་མིན་གྱི། །
བ་གམ་ནོར་བུའི་འོད་ཚོགས་ཅན། །
བྱེད་པོས་བཀོད་ལ་དཔག་ཡས་པའི། །
བྱིན་རྟེན་ཟླ་ཤེལ་ཅི་ཡང་བསྟར། །
ཐུགས་རྗེ་སྤྱན་རས་ཟུམ་མ་གྱུར། །
གསང་གསུམ་ཆུ་སྐྱེས་མངོན་གཡོ་བ། །
དེ་ཕྱིར་ས་ཡི་འཇིག་རྟེན་དབང༌། །
གྲགས་པ་དོན་དང་ལྡན་པ་བྱུང༌། །
གང་དེར་ལེགས་བཤད་རྩེ་དགའི་འོད་ཚོགས་ཀྱིས། །
ཀུན་ཏུ་བཟང་པོའི་དཔལ་ཡང་འཕྲོག་པ་ལ། །
ཞུགས་པས་འཚོ་བ་དོན་དང་ལྡན་པ་སྟེ། །
འཚེ་བ་ཐན་སྤྲིན་གཞོན་ནུའི་སྲོག་ལ་ལྟ། །
ལས་ཀྱི་རི་དྭགས་བས་མཐའི་དགའ་ཚལ་ན། །
ལས་ཀྱིས་རྩེན་པའི་ཆོ་ག་མ་རྫོགས་ཀྱང༌། །
ཡིད་ཀྱི་ཆུ་བོ་དད་པའི་ཡུར་བ་ན། །
ཉིན་བཞིན་ཁྱོད་དྲུང་རྒྱུ་ལ་རྒྱུན་ཆད་གང༌། །
དགོངས་ཤིག་བྱེས་སུ་འཕྱན་པ་མ་མའི་ངག །
ཕྱིར་མིག་ཨོམ་ཚུགས་བརྟན་པའི་སྟངས་ཀ་ན། །
གདུང་བ་སེམས་ལ་བརྣགས་ཏེ་དབུགས་དང་བཅས། །
གྲེ་བ་འགེངས་ལ་བརྩོན་པའི་ཚུལ་དེ་འོ། །
བློ་བཟང་རིང་ལུགས་དྲི་མེད་མཁའ་ལ་ལེགས་བཤད་འོད་བརྒྱའི་དྲ་བ་ནི། །
ཉིན་རེ་ཞིང་ཡང་རྣམ་པར་འགོད་པའི་དཔལ་སྟུག་ལང་ཚོ་ལ་སྲེད་ནས། །
མི་ཕྱེད་དད་པའི་འདབ་བརྒྱ་བ་དེ་ལྷག་ལྷག་རྒོད་པའི་གེ་སར་ལས། །
ངོ་མཚར་སྤྲིང་བའི་ཡི་གེའི་ཟོལ་གྱིས་མཁའ་ལ་གར་གྱི་རི་མོ་འབྲི། །
ཟླ་བ་ནོར་བུ་དཀར་པོའི་དཔལ་ལ་རྒོད་ཅིང་འཕྱ་བ་ལྷུར་བྱས་ནས། །
དྲི་མས་དྲི་མ་ཡོངས་སུ་བཏང་ལས་མཛེས་སྡུག་འབར་བའི་དྲེགས་པ་འཛིན། །
མི་འགྱུར་རེ་ཁཱ་གསལ་བ་གསལ་བས་སྲིད་ཞིའི་བཀྲ་ཤིས་ཀུན་གཡབ་སྟེ། །
སྣེ་ཚར་ལན་བུའི་འདབ་མ་རིང་བསྐྱོད་སྒྲིབ་མེད་གཟིགས་པའི་རྟེན་དུ་ཆས། །པཱུ་ཛ་མསྟུཿ །། །།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།