རྣལ་འབྱོར་དབང་ཕྱུག་རྗེ་བཙུན་ཆེན་པོ་བཞད་པའི་རྡོ་རྗེ་ལ་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་དད་པའི་མིག་འབྱེད་ངོ་མཚར་འོད་ཀྱི་ཕྲེང་བ་ཞེས་བྱ་བ།
༄༅།།གངས་ཅན་གྲུབ་པའི་གཙོ་བོའི་ངོ་མཚར་གཏམ།། ཐོས་ན་ཡ་མཚན་དད་པའི་མིག་འབྱེད་པའི།། མཐོང་ན་ངོ་མཚར་འོད་ཕྲེང་འགྱེད་པ་འདིས།། སྐལ་ལྡན་དད་གུས་ཅན་གྱི་དགའ་སྟོན་མཛོད།།
༄༅༅།།ན་མ་ཤྲཱི་གུ་རུ་མཧཱ་བཛྲ་དྷཱ་ར་ཧ་ས་བཛྲ་ཡ། རྣལ་འབྱོར་དབང་ཕྱུག་རྗེ་བཙུན་ཆེན་པོ་བཞད་པའི་རྡོ་རྗེ་ལ་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་དད་པའི་མིག་འབྱེད་ངོ་མཚར་འོད་ཀྱི་ཕྲེང་བ་ཞེས་བྱ་བ། རྗེ་བཙུན་བླ་མ་ཉིད་དང་།བཀའ་བརྒྱུད་རིན་པོ་ཆེ་སྤྲུལ་པའི་སྐྱེས་མཆོག་ཐམས་ཅད་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ།། དུས་ཐམས་ཅད་དུ་འབྲལ་བ་མེད་པར་རྗེས་སུ་གཟུང་དུ་གསོལ།གང་ཞིག་གུས་པས་གཙུག་ཏུ་ལེགས་བསྟེན་ཏེ།། ཟོལ་མེད་དད་པས་རྩེ་གཅིག་གསོལ་བཏབ་ན།། ཚེ་འདིར་སངས་རྒྱས་སྟེར་བའི་ཐུགས་རྗེ་ཅན།། སྐྱབས་མཆོག་འགྲན་ཟླ་མེད་ལ་གསོལ་བ་འདེབས།། སངས་རྒྱས་ཀུན་གྱི་སྔར་ཁྱོད་སངས་རྒྱས་ཀྱང་།། ད་དུང་སྲིད་པར་བཞུགས་ནས་སྲིད་འགྲོ་སྒྲོལ།། སྲིད་ཞིར་མི་གནས་སྲིད་ཞི་ཀུན་གྱི་མགོན།། ཁྱབ་བདག་སྒྱུ་འཕྲུལ་མཁན་ལ་གསོལ་བ་འདེབས།། རྨད་བྱུང་འགྲན་ཟླ་བྲལ་བའི་བརྩོན་འགྲུས་ཀྱིས།། རྡོ་རྗེ་ཐེག་པའི་ཉེ་ལམ་ལུས་འདིས་བགྲོད།། མི་འགྱུར་བདེ་བ་མཆོག་གི་རོལ་རྩེད་ལས།། སླར་ཡང་སྐུ་གསུམ་བརྙེས་ལ་གསོལ་བ་འདེབས།།བསམ་བཞིན་སྲིད་པར་སྐྱེ་བ་ཡོངས་བཟུང་ནས།། གདུལ་བྱའི་དོན་དུ་ཞིང་འདིར་བྱོན་པའི་ཚེ།། གུང་ཐང་རྩྭ་ཞེས་གྲགས་པའི་ས་ཕྱོགས་སུ།། ངོ་མཚར་ལྟས་བཅས་འཁྲུངས་ལ་གསོལ་བ་འདེབས།། མི་ལ་ཞེས་བྱའི་གདུང་གིས་མངོན་མཐོ་བའི།། ཐབས་ཆེན་ཡབ་ཀྱི་ཚུལ་འཛིན་ཤེར་རྒྱལ་དང་།། ཤེས་རབ་ཡུམ་མཆོག་མྱང་ཚ་དཀར་རྒྱན་གྱི།། སྲས་ཀྱི་ཐུ་བོར་གྱུར་ལ་གསོལ་བ་འདེབས།། དགུང་ལོ་བདུན་པའི་ཚེ་ན་ཡབ་དང་བྲལ།། ནོར་རྫས་ཁང་ཞིང་ཉེ་གཞིའི་གཉེན་གྱིས་ཕྲོགས།། ཚེ་འདིའི་འདུན་ཐག་སྟོན་ཀའི་སྤྲིན་ལྟར་ཆད།། སྡུག་ཅིང་ཕོངས་ཚུལ་བསྟན་ལ་གསོལ་བ་འདེབས།། བཅོ་ལྔའི་ལོ་ལ་མི་ཐོད་གད་ཁ་ཞེས།།གྲགས་པའི་གནས་སུ་ཀློག་བྲིས་ཆོག་འཕྲིན་བསླབ།། ཤེས་བྱའི་གནས་ཀུན་འབད་མེད་མཁྱེན་པ་ལས།། ཐོས་པ་དགའ་ཞེས་གྲགས་ལ་གསོལ་བ་འདེབས།། ཉེ་བ་དགྲར་ལངས་ཡུམ་གྱིས་མ་བཟོད་པར།། མཆི་མས་གང་བའི་གདོང་གིས་ལེགས་བལྟས་ཏེ།། འདི་དག་མངོན་སྤྱོད་དྲག་པོས་ཚར་ཆོད་ཅེས།། ཡང་ཡང་བསྐུལ་མ་བཏབ་ལ་གསོལ་བ་འདེབས།། རིན་ཆེན་གཡུ་དང་རྟ་མཆོག་ངུར་ཚོས་སོགས།། བསྣམས་ནས་དབུས་ཀྱི་ཡར་ལུངས་ཀྱོར་གྲོང་དུ།། བྱོན་ཏེ་གཡུང་སྟོན་ཞེས་བྱའི་བླ་མ་བསྟེན།། ཅི་མཉེས་ཞབས་ཏོག་མཛད་ལ་གསོལ་བ་འདེབས།། དེ་ཚེ་བླ་མ་དེ་ཡིས་ལེགས་བརྟགས་པས།། གནོད་བྱེད་དགྲ་བོ་ཚར་གཅོད་ཡུལ་དུ་དགོངས།། ཁུ་ལུང་སྣུབས་སྟོན་དྲུང་དུ་བརྫངས་ནས་དེར།། གཟའ་གདོང་དམར་ནག་གསན་ལ་གསོལ་བ་འདེབས།། བརྩོན་འགྲུས་དྲག་པོས་ཞག་གསུམ་མཐུ་བསྒྲུབས་པས།། སྡེ་བརྒྱད་ལས་ལ་འཁོལ་བའི་ནུས་པ་ཐོབ།། བཅུ་ཕྲག་གསུམ་དང་ལྔར་བཅས་དུས་གཅིག་བསྒྲག། མཐུ་ཆེན་གྲགས་པ་ཐོབ་ལ་གསོལ་བ་འདེབས།། མ་ལ་བུ་སྐྱེས་བསམས་པ་གྲུབ་བོ་ཞེས།། བྱ་དགར་བཅས་པའི་འཕྲིན་ཡིག་གིས་བསྐུལ་ནས།། སླར་ཡང་གཡུང་སྟོན་བསྟེན་ཏེ་སེར་བ་སྒྲུབས།། ལོ་ཏོག་མིང་མེད་བཏང་ལ་གསོལ་བ་འདེབས།། དེ་རྗེས་དམ་པའི་ཆོས་ལ་ཡིད་ཕྱོགས་པས།། བླ་མས་བཀའ་གནང་ཉང་སྟོད་རི་ནང་དུ།། རོང་སྟོན་ལྷ་དགའ་བསྟེན་ནས་རྫོགས་ཆེན་གསན།། དགྱེས་བཞིན་ལུང་བསྟན་མཛད་ལ་གསོལ་བ་འདེབས།། སྒྲ་བསྒྱུར་སྐྱེས་མཆོག་མར་པའི་མཚན་ཐོས་པས།། སྐུ་ཚེ་དུ་མའི་འདྲེན་པར་ལེགས་དགོངས་ཤིང་།། བ་སྤུ་གཏིང་ནས་གཡོ་བའི་དད་པ་ཐོབ།། གུས་པས་ཞབས་དྲུང་སྙེགས་ལ་གསོལ་བ་འདེབས།། མཇལ་མ་ཐག་ཏུ་ཞབས་པད་གཙུག་ཏུ་བླངས།། སྒོ་གསུམ་ལོངས་སྤྱོད་བཅས་པ་བྲན་དུ་ཕུལ།། སྡིག་ཅན་ཐུགས་རྗེས་གཟིགས་ཤིག་གསོལ་བཏབ་ནས།། ཅི་གསུང་བཀའ་བཞིན་བསྒྲུབ་ལ་གསོལ་བ་འདེབས།། རུ་བཞི་ལུང་གིས་སྤྲས་པའི་རིན་ཆེན་སྣོད།། དྲི་མས་མ་གོས་ཕུལ་བའི་རྟེན་འབྲེལ་ལས།། སྣོད་ལྡན་གདུལ་བྱར་གཟིགས་ཤིང་བརྒྱུད་འཛིན་གྱི།། བུ་ཆེན་ལུང་བསྟན་མཛད་ལ་གསོལ་བ་འདེབས།། སེར་བ་ཕབ་ནས་བླ་མའི་སྐུ་དགྲ་བཏུལ།། གཟིམས་ཁང་དོན་དུ་སྐུ་རྒྱབ་སྒལ་པར་བཏབ།། འདམ་རྫབ་ཁྲོད་དུ་ཡུམ་གྱི་སྐུ་སྟེགས་མཛད།། ཐུགས་བཞེད་དགོངས་པ་བསྐངས་ལ་གསོལ་བ་འདེབས།། དབང་གི་གྲལ་ནས་ཡང་ཡང་ཕྱི་རུ་བཏོན།། བཀའ་བཀྱོན་ཕྱག་འབེབས་བརྡུང་བཏགས་མང་དུ་མཛད།། ཡི་ཆད་སྒྱིད་ལུག་སེམས་ཞུམ་དུ་མ་ཡིས།།སྒྲིབ་སྦྱོང་ཐབས་ཚུལ་བསྟན་ལ་གསོལ་བ་འདེབས།། ཇོ་མོས་བཀའ་གནང་རྔོག་སྟོན་དྲུང་དུ་བྱོན།། དེར་ཡང་དགྲ་ལ་རྡོ་རྗེའི་སེར་ཆེན་ཕབ།། དགྱེས་པ་རྡོ་རྗེའི་དབང་དང་གདམས་པ་སོགས།། གསན་ཞིང་ཐུགས་སུ་ཆུད་ལ་གསོལ་བ་འདེབས།། སྒྲ་བསྒྱུར་ཆེན་པོའི་གསུང་གིས་བསྐུལ་ནས་སླར།། ཞབས་དྲུང་ཕེབས་པས་སྤྲོ་བ་བསྐྱེད་པའི་བཀའ།། མང་དུ་གནང་ཞིང་བདུད་རྩི་ལྷག་མེད་གསོལ།། བརྩེ་བས་རྗེས་སུ་བཟུང་ལ་གསོལ་བ་འདེབས།། རྡོ་རྗེ་རྒྱལ་མཚན་ཞེས་པར་མཚན་གསོལ་ནས།། བསྟན་པའི་སྒོར་བཅུག་དགེ་བསྙེན་སྡོམ་པ་བཞེས།། དབང་བསྐུར་གསང་མཚན་བཞད་པའི་རྡོ་རྗེར་བཏགས།། ཡི་དམ་དངོས་སུ་གཟིགས་ལ་གསོལ་བ་འདེབས།། རྗེ་ལ་རྡོ་རྗེ་འཆང་དུ་ངེས་ཤེས་སྐྱེས།། སྒྲུབ་ལ་བརྩོན་པས་མཁའ་འགྲོས་ལུང་བསྟན་ཞིང་།། དཔལ་ལྡན་ནཱ་རོས་རྗེས་སུ་ཡི་རང་མཛད།། གཅིག་བརྒྱུད་གདམས་པ་ཐོབ་ལ་གསོལ་བ་འདེབས།། མནལ་ལམ་ལྟས་ལ་བསྟན་པའི་དར་རྒྱས་ཤར།། ཀ་བཞིའི་མགུར་གསུངས་བརྡ་བགྲོལ་ལུང་བསྟན་མཛད།། ཆོས་བདག་དབང་བཞག་དབུ་སྙུང་བཞེས་ནས་སླར།། ཟབ་ཆོས་ལྷག་མེད་སྩལ་ལ་གསོལ་བ་འདེབས།། ཚེ་འདིའི་དོན་གཉེར་མི་དང་འདྲིས་འགྲོགས་བསྐྱངས།། ཟས་ནོར་ངོ་དགའི་ཕྱིར་དུ་ཆོས་མ་བཤད།། ལས་ཅན་སློབ་མ་རྗེས་བཟུང་བསྟན་པ་སྤེལ།། ཞེས་གསུངས་བཀའ་རྒྱས་བཏབ་ལ་གསོལ་བ་འདེབས།། སྒྱུ་མ་འོད་གསལ་འདྲེས་པའི་གསལ་སྣང་ལ།། རང་གི་ཡུལ་གཟིགས་མ་ཡུམ་སྲིང་མོ་འཁྱམས།། ཁང་པར་ཞིག་སོགས་དགོངས་ནས་རྗེ་ལ་ཞུས།། ལྐོག་གྱུར་ཡུལ་སྣང་གཟིགས་ལ་གསོལ་བ་འདེབས།། ཆོས་ཀུན་སྒྱུ་མ་ལྟ་བུར་ངོ་སྤྲད་ནས།། ཟད་མེད་བསམ་གཏན་ཟས་ཀྱིས་འཚོ་འགྱུར་ཞིང་།། བཀའ་བརྒྱུད་བསྟན་པ་ཕྱོགས་བཅུར་རྒྱས་འགྱུར་གྱིས།། རི་ཁྲོད་འགྲིམས་ལ་སྒྲུབ་པའི་རྒྱལ་མཚན་ཚུགས།། ཞེས་གསུང་སྐུ་ཡི་རྣམ་འཕྲུལ་དུ་མ་བསྟན།། རྩ་རླུང་གེགས་ལས་གྲོལ་བའི་གདམས་ངག་གནང་།། གསང་སྤྱོད་ཉམས་སུ་ལོང་ཞེས་ཞལ་བསྒོས་མཛད།། སྒྲོ་འདོགས་མ་ལུས་ཆོད་ལ་གསོལ་བ་འདེབས།། རྩ་རླུང་ནུས་པ་ཐོན་པའི་ཡོན་ཏན་གྱིས།། ཞག་པོ་གསུམ་ལ་རང་ཡུལ་ཕེབས་པར་བྱོན།། མི་རྟག་མགུར་གསུངས་མ་རྒན་མཐོ་རིས་དྲངས།། ལྟོས་མེད་རི་ཁྲོད་གཤེགས་ལ་གསོལ་བ་འདེབས།། གཉེན་དང་བཤེས་ལ་ཁོ་ཐག་གཏིང་ནས་ཆོད།། ཞིམ་མངར་ཟས་ཀྱི་རོ་ལ་ཞེན་པ་སྤངས།། ཚྭ་སྡོར་ཐལ་མེད་ཟྭ་ལ་འཚོ་བ་མཛད།། དཀའ་ཐུབ་མཐའ་རུ་ཕྱིན་ལ་གསོལ་བ་འདེབས།། སྐུ་ལུས་མི་སྡུག་འདྲེ་ཡི་གཟུགས་འདྲར་གྱུར།། མནལ་ལྟས་བརྡ་དགོངས་ལམ་ལ་བརྩོན་འགྲུས་བརྩམས།། མཁའ་འགྲོས་རྡོ་རྗེ་ལུས་ཀྱི་གཅུན་ཐབས་བསྟན།། ཐབས་ལམ་ཡོན་ཏན་རྫོགས་ལ་གསོལ་བ་འདེབས།། ལུས་ལ་གོས་མེད་གྲང་བའི་རེག་བྱ་བྲལ།། ཟས་ལ་ཞེན་མེད་ཏིང་འཛིན་བདུད་རྩིས་འཚོ།། འབྱུང་བ་དབང་འདུས་མཁའ་ལ་བྱ་བཞིན་སྤྱོད།། ཉམས་རྟོགས་མཐའ་རུ་ཕྱིན་ལ་གསོལ་བ་འདེབས།། བྲག་དཀར་རྟ་སོར་དབུ་མའི་མདུད་པ་གྲོལ།། ལིང་པའི་བྲག་ལ་བྲག་སྲིན་དམ་ལ་བཏགས།། སྨན་འཁྱུགས་གྲིབ་མའི་རྫོང་དུ་གཏུམ་མོ་ཡི།། བདེ་དྲོད་མེ་ལྟར་འབར་ལ་གསོལ་བ་འདེབས།། སྐྱང་འཕན་རྫོང་དུ་ལྟ་བ་ཕྱོགས་མེད་རྟོགས།། རག་མའི་རྫོང་དུ་བྱང་ཆུབ་ཐུགས་གཉིས་འཁྲུངས།། བྲག་སྐྱའི་རྫོང་དུ་རྡོ་རྗེ་ལྟ་བུ་ཡི།། ཏིང་འཛིན་མངོན་དུ་མཛད་ལ་གསོལ་བ་འདེབས།། རང་གི་ཆུང་གཉེན་མཛེས་སེ་ཞེས་བྱ་དང་།། མག་པ་བསྐྱེད་ཀྱིས་བཙལ་ཞིང་རྗེས་སྙེགས་ནས།། བཅུད་ལྡན་ཟས་དྲངས་རྩ་མདུད་མ་ལུས་གྲོལ།། ཡིད་འོང་གཞོན་ཤ་རྒྱས་ལ་གསོལ་བ་འདེབས།། བྲག་དམར་སྤོ་མཐོན་བདུད་མོ་སྟག་འགྲན་ཞེས།། གྲགས་པའི་ཨ་ནེ་རྗེས་བཟུང་གྲོལ་བར་མཛད།། སྙན་བརྒྱུད་གདམས་པ་བསྟན་ནས་པེ་ཏ་སོགས།། མཁའ་སྤྱོད་གནས་སུ་བཏང་ལ་གསོལ་བ་འདེབས།། སྙི་ཤངས་རི་ལ་ཁྱི་དང་ཤ་བ་ལ།། སྒོམ་བཏབ་མགོན་པོ་རྡོ་རྗེ་རྗེས་སུ་བཟུང་།། མི་དགེ་སྡིག་ཏོའི་ལམ་ལས་ཕྱིར་བཟློག་ནས།། ཡང་དག་ལམ་ལ་བཀོད་ལ་གསོལ་བ་འདེབས།། ཏི་སི་གངས་ལ་ནཱ་རོ་བོན་ཆུང་དང་།། རྫུ་འཕྲུལ་འགྲན་ཞིང་ཟིལ་གྱིས་མནན་ནས་ཀྱང་།། གངས་ཅན་ཁྲོད་འདིར་སྒྲུབ་བརྒྱུད་བསྟན་པ་བཙུགས།། བསྟན་པའི་སྒྲོན་མེའི་ཞབས་ལ་གསོལ་བ་འདེབས།། ལ་ཕྱི་གངས་ལ་ཉིན་ཞག་བཅོ་བརྒྱད་དུ།། ཁ་བའི་རྒྱུན་བབས་འཆི་བའི་ཟས་མེད་ཀྱང་།། མཁའ་འགྲོས་གུས་མཆོད་ཏིང་འཛིན་བདུད་རྩིས་འཚོ།། སྤྲུལ་བསྒྱུར་རྫུ་འཕྲུལ་བསྟན་ལ་གསོལ་བ་འདེབས།། དད་ལྡན་གདུལ་བྱས་ཡང་ཡང་གསོལ་བཏབ་ནས།། གཉའ་ནང་བྱོན་ཏེ་གངས་མགུར་གསུངས་པའི་སར།། རྡོ་ཆེན་འཇིམ་པ་བཞིན་དུ་ཞབས་ཀྱིས་བརྫིས།།རྩོ ད་མེད་ཀུན་ཏུ་གྲགས་ལ་གསོལ་བ་འདེབས།། ཏིང་འཛིན་སྒོ་བརྒྱ་ཕྱེད་པའི་གཟིགས་སྣང་ལ།། མཐུན་དང་མི་མཐུན་བར་མའི་སྣང་བ་སོགས།།ཁམས་འདུས་ཉམས་ཀྱི་བྱེ་བྲག་དུ་མ་བྱུང་།། ཀུན་ཀྱང་གྲོགས་སུ་ཤར་ལ་གསོལ་བ་འདེབས།། སེང་ལྡེང་ནགས་སུ་སྤྲོས་བྲལ་ཆུང་ངུའི་ཚེ།། བག་མེད་གཅེར་བུར་རིགས་ངན་བུ་མོར་རོལ།། དངུལ་དཀར་མེ་ལོང་གཟིགས་ཤིང་ནམ་མཁའ་ལ།། སྐུ་ལུས་ཐིམ་ཚུལ་བསྟན་ལ་གསོལ་བ་འདེབས།། མཆོད་ལུང་བྲག་ལ་ཉི་ཟླ་གོས་སུ་གྱོན།། མེ་ཏོག་ཕྲེང་བའི་ཐོད་བཅིངས་ཐལ་ཆེན་དང་།། རག་ཏས་ལུས་བྱུགས་གདུགས་དང་རྒྱལ་མཚན་བསྣམས།། སེང་ཆིབས་མཁའ་ལ་གཤེགས་ལ་གསོལ་བ་འདེབས།། གནས་མཆོག་བཀྲ་ཤིས་དཔལ་གྱི་ཆུ་དབར་དུ།། མཉམ་ཉིད་འོད་གསལ་ངང་ལ་བཞུགས་པའི་ཚེ།། འཇིགས་པའི་གཟུགས་ཅན་ཤ་ཟ་ཆེན་མོ་ལྔས།། མཐོ་འཚམས་ཆོ་འཕྲུལ་བསྟན་ལ་གསོལ་བ་འདེབས།། དེ་ཚེ་རྒྱ་མཚོའི་གླིང་དུ་མདུང་རྩེ་ལ།། སྐྱིལ་ཀྲུང་བཅས་ཤིང་མེ་དཔུང་གོས་སུ་གྱོན།། དུག་སྦྲུལ་ཐོད་བཅིངས་ནོར་བུ་སྒོང་དུ་རྩེག། རི་བོ་ཁུར་མེད་གསལ་ལ་གསོལ་བ་འདེབས།། ས་རྡོ་རི་བྲག་རྒོད་ཅིང་ནགས་ཚལ་མགུལ།། གནམ་འགྱུར་ས་གཡོས་གཟུགས་མེད་ལག་པ་རྐྱོང་།། མཚོན་ཆའི་ཆར་པ་འབབས་སོགས་བསྟན་ན་ཡང་།།གཡོ་མེད་ཏིང་འཛིན་བཞུགས་ལ་གསོལ་བ་འདེབས།། ཁྲག་འཛག་ཅེ་སྤྱང་གདོང་ཅན་རྒྱ་མཚོ་རྔུབ།། ཀེང་རུས་བུད་མེད་རི་རབ་པང་དུ་འདེགས།། གཤིན་རྗེའི་གཟུགས་ཅན་ཉི་ཟླ་ཆ་ལང་བརྡེབས།། སོལ་བའི་ན་ཆུང་གཟའ་སྐར་ཐང་ལ་འབེབས།། མཛེས་ཤིང་འཛུམ་པའི་ལྷ་མོས་བསླུ་བྲིད་བྱེད།། ནམ་མཁའ་མེས་འཁྲིགས་ཕྱོགས་བཞི་འོབས་ཀྱིས་བསྐོར།། ས་གཞི་ཆུས་ཁེངས་མཚམས་བཞི་གྱད་ཀྱིས་བསྲུང་།། ངོ་མཚར་ཅི་ཡང་གཟིགས་ལ་གསོལ་བ་འདེབས།། སྐུ་ལུས་གདན་ལ་བལྟོས་མེད་མཆོད་སྦྱིན་བསྔོས།། སྤྲོས་བྲལ་རྟོགས་པ་རོ་གཅིག་ཀློང་དུ་འཕོས།། མེ་དཔུང་འབར་ལ་ཤིང་བཞིན་དེ་དག་ཀུན།། ལམ་གྱི་གྲོགས་སུ་ཤར་ལ་གསོལ་བ་འདེབས།། འདྲེ་ཚོགས་དེ་རྣམས་རྩེ་གཅིག་དད་པ་ཐོབ།། ལྟས་དང་ཆོ་འཕྲུལ་བཏུལ་ནས་ཞི་བར་གནས།། ནོངས་པ་བཟོད་གསོལ་ཅི་གསུང་འཕྲིན་ལས་བསྒྲུབ།། མ་ལུས་དམ་ལ་བཏགས་ལ་གསོལ་བ་འདེབས།། ཤ་ཟ་ཆེན་མོ་དེ་ལྔ་མཁའ་འགྲོ་ལྔར།། གྱུར་ཏེ་ཞབས་ལ་སྤྱི་བོས་ཕྱག་བྱས་ཤིང་།། རིན་ཆེན་སྣོད་དུ་བཅུད་ལྡན་ཟས་ཀྱིས་མཆོད།། བྱང་ཆུབ་སེམས་མཆོག་བསྐྱེད་ལ་གསོལ་བ་འདེབས།། བཀའ་དྲིན་ཡོན་དུ་ཐུན་མོང་དངོས་གྲུབ་ཕུལ།། གནོད་འཚེ་སྤོང་བར་ཁས་བླངས་རྩིགས་ལ་ཕབ།། ལས་འབྲས་ཆོས་དང་བྱང་སེམས་ཕན་ཡོན་བསྟན།། བསྟན་པའི་བསྲུངས་མར་བསྐོས་ལ་གསོལ་བ་འདེབས།། སླར་ཡང་དེ་རྣམས་མི་མོ་གཞོན་ནུ་ཡི།། ཚུལ་དུ་སྤྲུལ་ཏེ་ཡེངས་ནས་རྟོགས་མེད་ཀྱི།། ཐུགས་དགོངས་མགུར་དུ་ཞུས་པས་དགྱེས་བཞིན་གནང་།། དབང་དང་གདམས་པ་བསྟན་ལ་གསོལ་བ་འདེབས།། མིག་བསྒྱུར་གློག་ལྟར་འཁྱུག་པའི་ཕོ་ཉ་མོས།། རྫུ་འཕྲུལ་འོད་ཀྱི་ལམ་ལ་སྤྱན་དྲངས་ཏེ།། ཞིང་སྐྱོང་གཙོ་མོ་འཆི་བདག་འཇིགས་ལས་བསྐྱབ།། སྐྱེ་འགྲོའི་དལ་ཡམས་བསལ་ལ་གསོལ་བ་འདེབས།། མཁའ་འགྲོ་འཁོར་བཅས་སྤྱན་སྔར་ཡང་འཁོད་ནས།། བཀའ་དྲིན་དྲན་པའི་གཏང་རག་གླུ་རུ་བླངས།། བསྐྱེད་རྫོགས་ཟུང་འཇུག་སྐུ་བཞིའི་ངོ་སྤྲོད་ཀྱི།། གདམས་པས་གྲོལ་བར་མཛད་ལ་གསོལ་བ་འདེབས།། དེ་སོགས་གྲངས་མེད་བསམ་གྱིས་མི་ཁྱབ་པའི།། བར་ཆད་བདུད་དཔུང་གཡུལ་ལས་རྣམ་རྒྱལ་ཞིང་།། ཚེ་གཅིག་ཉིད་ལ་རིག་འཛིན་སར་གཤེགས་ནས།། བླ་མེད་བྱང་ཆུབ་བརྙེས་ལ་གསོལ་བ་འདེབས།། ཞི་བ་འོད་ཀྱིས་མ་དང་བཟློག་པའི་ཕྱིར།།ཆུ་སྟེང་ལྡང་ལྟར་གཤེགས་ནས་རྗེས་སུ་བཟུང་།། འཇའ་ལུས་མཁའ་སྤྱོད་གོ་འཕང་མཆོག་ལ་བཀོད།། ཟླ་མེད་འདྲེན་པའི་གཙོ་ལ་གསོལ་བ་འདེབས།། གཤིན་པོ་དངོས་སུ་བཀུག་ནས་རྣམ་ཤེས་སྤར།། དབང་བསྐུར་མཛད་ཚེ་བུམ་པ་མཁའ་ལ་སོང་།། རབ་གནས་དུས་སུ་ལྷ་ཡིས་མེ་ཏོག་བླངས།། ཡ་མཚན་གྲུབ་རྟགས་བསྟན་ལ་གསོལ་བ་འདེབས།། ཚེ་རིངས་ལིང་པ་མ་དང་ཟུལ་ལེ་མ།། མངལ་སྐྱེས་སྒྲོན་ན་མཛེས་སེ་ལེགས་སེ་སོགས།། གསང་ཡུམ་གསང་བའི་འགྲོས་བཞིས་སྨིན་མཛད་ནས།། ལྷན་སྐྱེས་ཡེ་ཤེས་བསྐྱེད་ལ་གསོལ་བ་འདེབས།། ཐེད་ལའི་རྩེ་མོར་དམ་པ་སངས་རྒྱས་དང་།། མཇལ་ནས་ཕན་ཚུན་ཆོས་ཀྱི་བཀའ་མཆིད་མཛད།། ཟིལ་གྱིས་མི་ནོན་རྫུ་འཕྲུལ་འགྲན་ནས་སླར།། མོས་གུས་དག་སྣང་མཛད་ལ་གསོལ་བ་འདེབས།། སྤྲུལ་བསྒྱུར་ལུས་ཀྱིས་གཡག་རུའི་ནང་དུ་ཞུགས།། སྐུ་ལ་ངོ་མཚར་བཀོད་པ་སྣ་ཚོགས་བསྟན།། རྡོ་རྗེ་འཆང་དང་ཐུབ་ཆེན་སྐུར་མཛད་ནས།། རས་ཆུང་ངར་རྒྱལ་བཅག་ལ་གསོལ་བ་འདེབས།། སེངྒེ་ཆིབས་ཤིང་ཤེལ་གྱི་མཆོད་རྟེན་དུ།། སྤྲུལ་ནས་སྐར་མདའ་བཞིན་དུ་མཁའ་ལ་གཤེགས།། རྒྱ་གར་དྷརྨ་བོ་དྷིས་ཕྱག་བྱས་ཏེ།། འགྲན་པའི་ཟླ་མེད་གྱུར་ལ་གསོལ་བ་འདེབས།། ང་རྒྱལ་ཅན་གྱི་སྟོན་པ་ཚར་བཅད་ཅིང་།། ཕྲག་དོག་འགྲན་སེམས་ཅན་རྣམས་ཐབས་ཀྱིས་བཏུལ།། སྐུ་ལུས་གཡོ་མེད་ཕ་བོང་ལྟར་བརྟན་ནས།།ལོག་རྟོག་ཐེ་ཚོམ་བསལ་ལ་གསོལ་བ་འདེབས།། ཐུགས་ཀྱི་སྲས་བཞི་ཉེ་བའི་སྲས་བརྒྱད་སོགས།། གདུལ་བྱ་མཐའ་དག་སྨིན་གྲོལ་ལམ་ལ་བཀོད།། ཟད་པར་ཟིལ་གནོན་རྣམ་འཕྲུལ་དཔག་ཡས་བསྟན།། ཀུན་གྱི་སྤྱི་བོས་གཏུགས་ལ་གསོལ་བ་འདེབས།། ཐུབ་པས་ལུང་བསྟན་འཛམ་གླིང་རྒྱན་གཅིག་པུ།། མཉམ་མེད་དྭགས་པོ་རིན་ཆེན་སྤྲུལ་པས་བསྐུལ།། གསང་མཛོད་མ་ལུས་གཏད་ནས་བཀའ་བརྒྱུད་ཀྱི།། བསྟན་པ་ཕྱོགས་བཅུར་སྤེལ་ལ་གསོལ་བ་འདེབས།། ཟབ་མོའི་གསང་ཚིག་རྡོ་རྗེའི་མགུར་དུ་བཞེས།། རང་གི་ཉམས་རྟོགས་གཞན་ལ་ལྷུག་པར་བསྟན།། མཐོང་ཐོས་དྲན་རིག་ཀུན་ལ་ལས་འབྲེལ་བཞག། ཐར་པའི་ལམ་སྟོན་མཆོག་ལ་གསོལ་བ་འདེབས།། འདི་ལྟར་མཛད་པ་མཐའ་དག་རྫོགས་པའི་མཐར།། སྤྲུལ་པའི་སྐུ་བཞག་མྱ་ངན་འདའ་ཚུལ་བསྟན།། བརྒྱད་ཅུ་རྩ་བཞི་ཤིང་ཡོས་རྟ་ཟླ་ལ།། འོག་མིན་གནས་སུ་གཤེགས་ལ་གསོལ་བ་འདེབས།། རི་དང་རྒྱ་མཚོར་བཅས་པའི་ས་ཆེན་གཡོས།། མཁའ་ལས་ལྷ་རྫས་མེ་ཏོག་ཆར་བཞིན་བབས།། དྲི་ཞིམ་སྤོས་ཀྱི་ངད་ལྡང་འཇའ་ཚོགས་འཁྲུག། མཁའ་འགྲོས་གདུང་དབྱངས་བླངས་ལ་གསོལ་བ་འདེབས།། པུར་ཁང་ནང་ནས་ཐ་མའི་མགུར་གསུངས་ཤིང་།། མེ་ལྕེ་གདུགས་དང་རྒྱལ་མཚན་དཔལ་ལེར་འཁྱིལ།། རྔ་དང་གླིང་བུ་ཅང་ཏེའུ་དྲིལ་ཆེན་སྒྲས།། ས་སྟེངས་ཁྱབ་པར་གྲགས་ལ་གསོལ་བ་འདེབས།། གང་གི་མཚན་ཙམ་རྣ་བར་སོན་པས་ཀྱང་།། སྲིད་པའི་འཇིགས་འཕྲོག་ངན་འགྲོའི་མུན་སེལ་ན།། ཐལ་སྦྱར་བ་སྤུ་གཡོ་བའི་གདུང་ཤུགས་ཀྱིས།། རྩེ་གཅིག་གསོལ་བ་འདེབས་པའི་དད་ལྡན་རྣམས།། ཚེ་འདིར་མཆོག་ལ་སྦྱོར་བ་སྨོས་ཅི་དགོས།། དེ་ཕྱིར་ཁྱོད་ལ་གུས་པས་གསོལ་འདེབས་ཀྱིས།། བརྩེ་བའི་ཐུགས་རྗེས་འབྲལ་མེད་རྗེས་བཟུང་ལ།། དུས་འདིར་ཁྱེད་དང་མཉམ་པའི་བཀའ་དྲིན་སྩོལ།། ཆོས་ཉིད་ཟབ་མོའི་དོན་ལ་མི་སྐྲག་ཅིང་།། ཆོས་ཅན་མཚན་མའི་གཡེང་བས་མི་གནོད་པར།། སྤྲོས་ཀུན་སྤྲོས་མེད་ངང་དུ་ཉེར་ཞི་ནས།། སྤྲོས་བྲལ་བདེན་པ་མཐོང་བར་བྱིན་གྱིས་རློབས།། བར་ཆད་བདུད་ཀྱིས་འཚེ་བའི་སྐབས་མེད་པར།། ཡུལ་ཀུན་མཐུན་པའི་གྲོགས་སུ་འཆར་བ་དང་།། བྱང་ཆུབ་སེམས་གཉིས་ཆེས་ཆེར་རབ་འཕེལ་ཞིང་།། འགྲོ་ཀུན་བདེ་ལ་འགོད་པར་བྱིན་གྱིས་རློབས།། དམ་ཚིག་སྡོམ་པ་སྲོག་ལས་གཅེས་བཟུང་ནས།། རིམ་གཉིས་མྱུར་ལམ་བརྩོན་པས་བསྒོམ་པའི་མཐུས།། སྒྱུ་འདྲའི་རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་།། ལུས་འདི་མ་སྤང་ཐོབ་པར་བྱིན་གྱིས་རློབས།། གཏུམ་མོ་འབར་བའི་ཞུ་བདེས་ལུས་ཀུན་ཁྱབ།། འོད་གསལ་སྟོང་པའི་ངང་དུ་དངོས་ཀུན་ཐིམ།། ཟུང་འཇུག་འཇའ་ལུས་རྡོ་རྗེའི་སྐུ་ཐོབ་ནས།། སྲིད་མཚོ་གཏིང་ནས་སྐེམ་པར་བྱིན་གྱིས་རློབས།། སླར་ཡང་ཕྱག་འཚལ་མཆོད་ཅིང་ཉེས་ཀུན་བཤགས།། མཛད་པ་དེ་དག་ཀུན་ལ་རྗེས་ཡི་རང་།། ཆོས་འཁོར་བསྐོར་ཞིང་སྲིད་མཐར་བཞུགས་གསོལ་འདེབས།། དགེ་ཀུན་ཁྱོད་ཀྱི་ཐུགས་དགོངས་རྫོགས་ཕྱིར་བསྔོ།། སྐྱེ་བ་ཀུན་ཏུ་ཁྱེད་སྐུའི་གྲིབ་མ་བཞིན།། འབྲལ་བ་མེད་པར་རྟག་ཏུ་རྗེས་འབྲང་ཞིང་།། གསུང་གི་གསང་མཛོད་མཐའ་དག་འཛིན་པ་དང་།། ཐུགས་དགོངས་དབྱེར་མེད་གཅིག་ཏུ་འདྲེ་བར་ཤོག། ཅེས་འཇིག་རྟེན་གསུམ་ན་འགྲན་ཟླ་མེད་པའི་གྲུབ་པའི་དབང་ཕྱུག། རྗེ་བཙུན་ཆེན་པོ་བཞད་པའི་རྡོ་རྗེ་ལ་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་དད་པའི་མིག་འབྱེད་ངོ་མཚར་འོད་ཀྱི་ཕྲེང་བ་ཞེས་བྱ་བ་འདི་ཉིད། ཡིད་དད་གུས་འབའ་ཞིག་གིས་ཀུན་ནས་བསླངས་ཏེ། རྗེ་བཙུན་ཆེན་པོ་དེ་ཉིད་ཀྱི་སྐུ་མཚལ་ལས་བཞེངས་ཤིང་ཕྱག་ནས་ཞུགས་པར་གྲགས་པའི་སྐུ་ལྡེར་གྱི་དྲུང་དུ་ཡུན་རིང་དུ་གསོལ་བ་བཏབ་ནས། གྲུབ་པའི་བསྟི་གནས་འགྲན་ཟླ་མེད་པ་འབྲོག་ལ་ཕྱི་གངས་ཀྱི་རྭ་བར། ཆོས་མེད་སྙོམས་ལས་ཅན་གྱི་སྤྲང་པོ་ནམ་མཁའ་བསམ་གྲུབ་རྒྱལ་མཚན་ཞེས་བྱ་བས། རྗེ་བཙུན་ཆེན་པོ་མྱ་ངན་ལས་འདས་ནས་ལོ་སུམ་བརྒྱ་དང་བཅུ་བཞི་པ། ས་ཕོ་འབྲུག་གི་ལོ་ཆོ་འཕྲུལ་གྱི་ཟླ་བའི་ཡར་ཚེས་བཅུ་ལ་གྲུབ་པར་སྦྱར་བའོ།།།། སརྦ་མངྒ་ལཾ།།།།
རྩོམ་སྒྲིག་པ། ལྷ་སྐྱིད།
རྩོམ་ཁུངས། ངེད་དྲ་བ།

