གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སློབ་མས་གྲངས་རིག་སློབ་སྦྱོང་ལེགས་པོ་བྱེད་པའི་སྐོར་རགས་ཙམ་གླེང་བ།

2011-07-04 20:22:00 རྒྱལ་ལོ། ཀློག་གྲངས། མཆན ཡོད།


  གྲངས་རིག་པ་ནི་འཛམ་གླིང་ཐུན་མོང་གི་རིག་པ་ཞིག་ཡིན་པ་མ་ཟད་དར་རྒྱས་ཆེ་བའི་རྒྱལ་ཁབ་དག་གིས་ཧ་ཅང་མཐོང་ཆེན་བྱེད་བཞིན་པའི་རིག་གནས་ ཤིག་ཡིན།ད་ལྟ་ང་ཚོས་མིག་མཐོང་ལག་ཟིན་ཏུ་གྱུར་པའི་རྩིས་འཁོར་རམ་གློག་ཀླད་ཅེས་པའི་ཀུན་ཡ་མཚར་ཞིང་ཧ་ལས་དགོས་པའི་འཕྲུལ་ཆས་འདི་ཡང་གྲངས་རིག་ མཁས་པའི་བསམ་བློ་དང་། དངོས་ལུགས་དང་རྫས་འགྱུར་མཁས་པའི་ལག་ལེན་ ལས་བྱུང་བ་རེད།  ང་ཚོའི་བོད་ལ་ཉུང་ཞིང་དཀོན་པ་ནི་གྲངས་རིག་སོགས་རང་བྱུང་རིག་ཚན་གྱི་ཆེད་མཁས་པ་ཡིན་པས་མི་ཆོས་ལ་རབ་ཏུ་མཁོ་བའི་རིག་པ་འདི་ལ་སློབ་སྦྱོང་ནན་ཏན་བྱས་ན་གང་ལའང་ཕན་ཐོགས་ཆེ་བ་གདོན་མི་ཟ། དེ་བས་ཕྲན་གྱིས་སློབ་ཆུང་སློབ་མས་གྲངས་རིག་སློབ་སྦྱོང་བཟང་བོ་བྱེད་ཐུབ་པར་རག་ཙམ་གླེང་ན།
  ༡ སློབ་མར་གྲངས་རིག་གི་དགེ་མཚན་བཤད་ནས་སློབ་མས་གྲངས་རིག་སློབ་སྦྱོང་བཟང་བོ་བྱེད་པར་ཧམ་སེམས་བྱིན་དགོས།
  དངོས་པོ་ཞིག་ཉོ་སྐབས་བཙོང་མཁན་གྱིས་དེའི་དགེ་མཚན་བཤད་ན་ཉོ་མཁན་ལ་ཉོ་འདོད་ཀྱི་སེམས་ཁམས་ཤིག་སྦྱིན་པ་དེ་བཞིན་དུ། གྲངས་རིག་གི་དགེ་མཚན་ཕྱོགས་གང་ཐད་ནས་སློབ་མར་བཤད་ནས་སློབ་མས་གྲངས་རིག་སློབ་འདོད་ཀྱི་ཧམ་སེམས་སྐྱེ་རུ་བཅུག་དགོས།
༢ སློབ་མར་གྲངས་རིག་སློབ་ཁྲིད་ལ་ནན་ཏན་བྱས་ན་གྲངས་རིག་སློབ་སྦྱོང་ བྱེད་སླ་བའི་རྒྱུ་མཚན་བཤད་ནས་སློབ་མས་གྲངས་རིག་སློབ་སྦྱོང་བཟང་བོ་ བྱེད་པར་ཡིད་ཆེས་བྱིན་དགོས།
 ལས་ཀ་གང་ཞིག་ལས་ན་རང་ལ་ལས་ཐུབ་པའི་ཡིད་ཆེས་ཡོད་ན་ལས་ཀ་དེ་བདེ་ལེགས་ངང་གྲུབ་པར་མ་ཟད་ཕྱིས་སུ་ལས་ཀ་དེ་ལྟ་བུ་ལས་པར་སྤྲོ་སྣང་སྦྱིན་པ་དང་། ལས་ཀ་ལས་དུས་ནན་ཏན་བྱས་ན་རྗེས་ཕྱོགས་ལས་ཀ་ལས་ན་སྟབས་བདེ་ཡིན་པ་ང་ཚོས་ཤེས་གསལ་ཡིན་ལ། ནན་ཏན་མ་བྱས་ན་ལས་གང་ཞིག་ལས་ནའང་ སླ་བོ་མེད་པའི་དཔེ་དང་གནས་ལུགས་བཤད་ ནས། སློབ་མས་གྲངས་རིག་སློབ་སྦྱོང་བཟང་བོ་བྱེད་པར་ནན་ཏན་དགོས་པ་ཤེས་སུ་བཅུག་དགོས།
༣ སློབ་མར་གྲངས་རིག་སྦྱོང་སྐབས་བརྩོན་འགྲུས་བྱས་ན་གྲངས་རིག་སློབ་ སྦྱོང་བྱེད་བདེ་བའི་རྒྱུ་མཚན་བཤད་ནས་སློབ་མས་གྲངས་རིག་སློབ་སྦྱོང་ བཟང་བོ་བྱེད་པར་བརྩོན་འགྲུས་བྱིན་དགོས།
  བྱ་བ་གང་ཞིག་བསྒྲུབ་ན་དེ་དང་ཁ་འབྲལ་ཐབས་མེད་པ་ནི་བརྩོན་འགྲུས་ཡིན་ལ། བརྩོན་འགྲུས་ལྡན་ན་མི་འགྲུབ་བྱ་བ་གང་ཡང་མེད་ཅེས་པའི་སྔོན་བྱུང་མེས་ པོའི་ལེགས་བཤད་བཟང་བོ་བདེན་པ་ཤ་སྟག་ཡིན་པའི་རྒྱུ་མཚན་སློབ་མའི་ཐག་ཉེ་ས་ནས་བཤད་པ་དང་།  བརྩོན་འགྲུས་མ་བྱས་ན་བྱ་བ་ཕྲ་མོ་ཙམ་ཡང་བསྒྲུབ་མི་ ནུས་པའི་དཔེ་སླ་མོ་བཞག་ནས་སློབ་མས་གྲངས་རིག་སློབ་སྦྱོང་བཟང་བོ་བྱེད་པར་ བརྩོན་འགྲུས་དགོས་པའི་བླང་བྱ་འདོན་དགོས།
༤ སློབ་མར་གྲངས་རིག་སློབ་སྐབས་ལག་ལེན་རྣལ་མོ་བྱས་ན་གྲངས་རིག་ སྦྱོང་མྱུར་བའི་རིག་པ་དམར་དཔེ་དང་སྦྱར་ནས་སློབ་མས་གྲངས་རིག་སློབ་ སྦྱོང་བཟང་བོ་བྱེད་པར་ལག་ལེན་གྱི་སྐུལ་འདེད་བྱིན་དགོས།
  རང་ལ་བྱ་གང་ཞིག་བསྒྲུབ་འདོད་ཀྱི་ཧམ་སེམས་དང་བརྩོན་འགྲུས་ཡོད་ཀྱང་། རང་ཉིད་ཀྱིས་ཉིན་མ་འཁྱོལ་ཐབས་ཙམ་རྒྱུན་འཁྱོངས་བྱས་ན་བདག་གཞན་གཉིས་ཀ་འགྱོད་པའི་རྒྱུ་ཡིན་པ་ལས་རང་ལ་དགོས་པའི་འབྲས་བུ་བཟང་བོ་ལེན་མི་ཐུབ་ པས། ངེས་པ་དོན་གྱིས་རིག་པའི་འབྲས་བཟང་སྨིན་པའི་ལག་ལེན་ལ་བརྩོན་དགོས་ པ་རིག་སྒྲུབ་བྱས་ནས་སློབ་མས་གྲངས་རིག་སློབ་སྦྱོང་བཟང་བོ་བྱེད་པར་ལག་ལེན་ མཁོ་བའི་ངེས་ཤེས་རྙེད་དུ་བཅུག་དགོས།
   མདོར་ན། སློབ་མས་གྲངས་རིག་སློབ་སྦྱོང་བཟང་བོ་བྱེད་པར་གོང་ཞུས་ཀྱི་དོན་ཚན་དེ་དག་ལས་གཞན།  དགེ་རྒན་གྱིས་འཁྲིད་ཐབས་སྣ་ཚོགས་བཀོལ་པ་དང་། སློབ་མ་གང་ཐུབ་ཅི་ཐུབ་ཀྱིས་རང་ལ་དགའ་རུ་འཇུག་པ། འཁྲིད་ཆས་ཡ་མཚར་ དགོས་པ་མང་བོ་གྲ་སྒྲིག་དང་བཟོ་ཇུས་བྱེད་པ། གྲངས་རིག་གི་རྩིས་དཔེ་དག་ཁོང་ ཚོའི་ཐག་ཉེ་ས་དང་ལག་ལེན་དངོས་བརྒྱུད་དུ་བཅུག་པ་སོགས་དང་། ལྷག་པར་དུ་ གྲངས་རིག་སྦྱོང་བར་དགའ་སྣང་སློང་དགོས། དེ་ལྟར་བྱས་ན་སློབ་མས་གྲངས་རིག་ སློབ་སྦྱོང་བཟང་བོ་བྱེད་ཐུབ་པ་མ་ཟད། སློབ་སྦྱོང་གི་གོམས་གཤིས་ལེགས་པོ་ཞིག་བསྐྲུན་ཐུབ་པར་གདོན་མི་ཟ། ཡིན་ཡང་སློབ་གསོ་འདི་དག་ནི་ཉིན་རྒྱུན་དུ་གཏོང་དགོས་པ་ལས་སློབ་ཐུན་གཅིག་གཉིས་སམ། ཉིན་མ་གཅིག་གཉིས་ཙམ་ལ་བཤད་ན་འབྲས་བུ་གང་ཡང་ཐོབ་མི་སྲིད།
  མཐར་བོད་ཀྱི་སློབ་མ་ཚོས་རྗེས་ལུས་ནི་ངོ་ཚ་ཡིན་པའི་འཛམ་གླིང་གི་ཕྱུག་པོའི་ཡང་རྩེ་པོལ.ཀས་ཚིའི་(Bull.Gates)དམར་གསུང་འདི་དང་། རྗེས་ ལུས་ནི་ལ་རྒྱ་ཤོར་བ་ཡིན་པའི་བདེན་གཏམ་སེམས་ལ་ཟུངས་ཤིང་། གྲངས་རིག་ སློབ་སྦྱོང་བཟང་བོ་བྱས་ནས་འཛམ་གླིང་མི་རིགས་ཀུན་གྱི་གྲལ་རྔ་མི་འཛིན་པའི་ལ་རྒྱ་དགོས་པའི་ཡར་སྐུལ་ཞུ་ལ། འཇིག་རྟེན་མིའི་གྲལ་མགོ་སླེབས་ཐུབ་པའི་སྨོན་ འདུན་སྙིང་ནས་ཞུ།
                                               ཞེས་ཁོ་ཚེ་སློབ་ཆུང་གི་དགེ་མིང་འཛིན་པ་རྒྱལ་ལོས་སྤྱི་ལོ་༢༠༡༠་ཟླ་༡༢་ཚེས་༣ཉིན་ལ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།