གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དུས་རབས་ཀྱིས་བསླངས་པའི་བསམ་གཞིགས།

2010-04-15 13:37:00 འགར་རྩེ་བསྟན་འཛིན། ཀློག་གྲངས། མཆན ཡོད།

 དུས་རབས་གཉིས་ཀྱི་བསྣོལ་མཚམས་འདིར། ང་ཚོས་འཇིག་རྟེན་སྤྱིའི་དར་རྒུད་འཕོ་འགྱུར་གྱི་གནས་ཚུལ་ཤེས་རྟོགས་མི་བྱེད་པར་མེས་པོ་རྣམས་ཀྱི་ཤུལ་བཞག་རིག་གནས་ངོ་སོར་འཁྱེར་ནས་རང་མཐོང་ང་རྒྱལ་གྱིས་ཆོག་ཤེས་བརྟེན་མི་རུང་ལ། གདམ་གསེས་མེད་པར་ཤུལ་བཞག་ཡོད་ཚད་གཙང་ཕྱགས་བྱས་ནས་གསར་བ་གསར་རྐྱང་སྨྱོ་ལེན་བྱེད་པའི་ཨ་གསར་ངང་ཐུང་དེ་བས་ཀྱང་མི་རུང་། དེས་ན་ད་ཆ་ང་ཚོས་ཁྲིམས་མཐུན་ལུགས་མཐུན་གྱི་ལ་རྒྱ་དགུང་དུ་བཏེགས། རྙིང་ཞེན་མཁྲེགས་འཛིན་གྱི་རྨོངས་དད་དོང་དུ་སྦྲུགས། གསར་ཞེན་ཧོར་རྒྱུགས་ཀྱི་སྤོབས་པའི་རི་བོ་བསྙིལ། མཐུན་ལམ་ཚིག་དྲིལ་གྱི་དར་སྐུད་གཅིག་ཏུ་རྒྱུས། སྐབས་བབས་འཁོས་བསྟུན་གྱི་འོས་འགན་ཕྲག་ཏུ་བླངས་ཏེ། མི་རིགས་སྤྱིའི་ཁེ་ཕན་ལ་བསམ་བློའི་ཞིབ་ཕྲ་བཏང་ནས་ཕྱོགས་སྒོ་མོ་ནས་ཐབས་ཇུས་ཡོད་རྒུ་རྩལ་སྤྲུགས་ཀྱིས་བོད་ཀྱི་ཤེས་རིག་དང་མི་རིགས་ཡར་རྒྱས་གོང་འཕེལ་དུ་གཏོང་བར་འབད་བརྩོན་བྱ་རྒྱུ་ནི་བཤོལ་དུ་མེད་པའི་ཐུན་མོང་གི་ལས་སྐལ་ཉག་གཅིག་ཏུ་འཁུམས།

  དེང་གི་དུས་འདིར་རང་མི་རིགས་ཀྱི་འདས་པའི་ལོ་རྒྱུས་ཀྱི་ཉམས་མྱོང་གསལ་རྒྱུས་ལོན་པའི་གཞིར། མ་འོངས་དུས་རབས་ཀྱི་མདུན་ལམ་ཇི་ལྟར་འཚོལ་བར་ལྟ་ཚུལ་འདྲ་མིན་ལྷུག་པོར་འདོན་པའི་ཁོར་ཡུག་ཡངས་པོ་ཞིག་ཆགས་སྟེ། རང་མི་རིགས་ཀྱི་འཚོ་གནས་དང་མདུན་ལམ། འཕེལ་རྒྱས་ཀྱི་ཐད་ལ་དཔྱད་བརྗོད་སྤེལ་བའི་ཚ་རླབས་ཤིག་འཕྱུར་བཞིན་པ་འདི་མཐོང་ཚེ་དགའ་བ་དང་རྗེས་སུ་ཡི་རང་གི་བསམ་པ་རང་བྱུང་དུ་མི་བརྡོལ་བའི་རང་དབང་ཅི། ཡིན་ནའང་སྤྱིར་མི་རིགས་ཀྱི་འཕེལ་རྒྱས་དང་མདུན་ལམ་སྨྲ་བ་སུ་ཞིག་ཡིན་རུང་། རང་སྒེར་དང་ལྟོ་རྒྱབ་ཀྱི་དོན་ཙམ་ཞིག་ཏུ་སོང་ན་ནི། སྤྱང་ཀི་ཤ་གཟན་རི་བོང་རྩྭ་གཟན་གཉིས།། ཟས་ཀྱི་དོན་དུ་གྲོས་ཁ་བསྡུར་བ་ལས།། རེ་ཞིག་རང་རིགས་མཐུན་པའི་འཁོར་ནང་དུ།། རང་རང་སོ་སོའི་སྤྱོད་པ་བསྐྱངས་ན་ལེགས།། ཞེས་པའི་གདམས་མཐིལ་ནང་བཞིན་བཏང་སྙོམས་སུ་བསྐྱུར་ན་ལེགས་ཤིང་། དེ་མིན་ལྷག་བསམ་ཟོལ་མེད་དང་། ཁ་ཞེ་གཉིས་མེད། སྙིང་སྟོབས་ཞུམ་མེད་ཀྱི་སྤྱི་སྒེར་གཉིས་ལས་གཙོ་བོ་སྤྱིའི་ལས་དོན་གྱི་ཕྱོགས་ལ། ཡིད་ཀྱིས་བསམ་གཞིགས་དང་། ངག་གིས་དཔྱད་གླེང་། ལུས་ཀྱིས་ངལ་རྩོལ་འདུ་བྱེད་པ་དག་གིས་ནི་རྙིང་ཞེན་མཁྲེགས་འཛིན་གྱི་མཐའ་དང་། གསར་ཞེན་གཡམ་རྒྱུག་གི་མཐའ་གཉིས་སྤོང་བའི་ལྟ་ཕྱོགས་གཞིར་བཟུང་ནས་རང་རེའི་སྲོལ་རྒྱུན་གྱི་བཟང་ཆ་བརྒྱུད་འཛིན་གོང་སྤེལ་དང་། སྐྱོན་ཆ་གཡའ་སེལ་དུག་འདོན། གཞན་རིགས་ཀྱི་ལེགས་ཆ་ཅི་ཐུབ་ཀྱིས་སྟོང་ཆར་ཆད་གསབ་ཁ་སྐོང་བྱས་ནས།  རང་གི་མི་རིགས་དང་རིག་གནས་དུས་དང་འཚམ་པར་ཡུན་གནས་དང་། ཕུན་སུམ་ཚོགས་པར་གཏོང་བའི་ཐབས་ཇུས་ཡང་དག་པ་འདོན་གནང་མཛད་དེ་ལག་ལེན་དུ་འདེབས་ཐུབ་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་དོན་དག་གལ་ཆེན་ཤིག་རེད་དེ། མི་རིགས་གང་ཞིག་ཡིན་རུང་། གཞི་འཛིན་ས་ཞིག་ཡོད་དགོས་ལ། རིག་གནས་དེ་ཀས་མི་རིགས་རང་ཉིད་རང་རྐྱ་བར་མཚོན་པ་ཡིན། མི་རིགས་དེའི་དར་རྒུད་ཀྱང་ཐད་ཀར་མི་རིགས་དེའི་རིག་གནས་འཕེལ་འགྲིབ་ལ་འབྲེལ་ཞིང་རག་ལས་པས། རང་གི་ཐུན་མིན་གྱི་རིག་གནས་ཉམས་དམས་སུ་སོང་བའི་མི་རིགས་ཤིག་ལ་འཕེལ་རྒྱས་གང་ན་ཡོད།

  དེང་སྐབས་རང་གི་སྲོལ་རྒྱུན་རིག་གནས་ཀྱི་བཟང་ངན་ལ་དབྱེ་གསར་རེས་དམ་པ་ལྷ་ཆོས་ཀྱི་བག་ཆགས་རྩད་ནས་མ་ཆད་པ་དང་། སྲོལ་རྒྱུན་གྱི་སྡོང་བོ་རྨང་ནས་མ་འགྱེལ་བར་དུ་བོད་ཀྱི་འཕེལ་རྒྱས་ལ་མདུན་མ་མེད་པར་སྨྲ་ཞིང་། རྡོག་ཐོ་གཞུ་ཐེངས་གཅིག་གིས་སྲོལ་རྒྱུན་ཡོད་ཚད་དོང་སྤྲུགས་བྱེད་དགོས་པའི་ངུ་འབོད་བྱེད་བཞིན་ཡོད་དེ་ནི། མི་རིགས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་འགལ་བ་ཡིན་ཏེ། མི་རིགས་ཤིག་འཕེལ་རྒྱས་སུ་གཏོང་བ་ལ་ཐོག་མར་རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་བཅུད་བཟང་རྒྱུན་འཛིན་དར་སྤེལ་བྱ་དགོས་ཏེ།  གངས་ཅན་བོད་ཀྱི་ལོ་རྒྱུས་ཁྲོད་སློབ་དཔོན་ཐོན་མིས་བོད་རང་གི་སྲོལ་རྒྱུན་གྱི་སྐད་ཆ་དང་མཐུན་པའི་ཡི་གེ་གསར་དུ་བཟོས་པས་མཚོན། ལག་ལེན་དངོས་ཀྱི་སྟེང་ནས་ལུས་ངག་ཡིད་གསུམ་གཞན་གནོད་གཞི་བཅས་ལས་ལོག་མེད་ན་ཁ་ནས་དམ་པའི་ཆོས་ཀྱི་སྙིང་བོ་སྙིང་རྗེ་ཆེན་པོ་དང་། ཡང་དག་པའི་ལྟ་བ། ཕྱི་ལུས་ཀྱི་རྣམ་འགྱུར་ཆོས་པའི་བཟོ་ལྟ་རྫིག་པོ་རེ་སྟོན་ན་ཡང་། དེ་ནི་ཆོས་པའི་གྲལ་དུ་ཚུད་དཀའ་འོ།།   དགེ་མཚན་ལྡན་པའི་གསར་གཏོད་རིགས་རབ་དང་རིམ་པ་བྱུང་བ་ཐམས་ཅད་ཀྱང་། རང་རེའི་སྲོལ་རྒྱུན་རིག་གནས་ལ་སྙིགས་དོར་བཅུད་ལེན་བྱས་པའི་རྨང་གཞིའི་སྟེང་བྱུང་བ་ཤ་སྟག་ཡིན་པས་སྲོལ་རྒྱུན་གྱི་རྨང་གཞི་མེད་པར་རིག་གསར་གྱི་ཁང་བརྩེགས་ཤིག་བསྐྲུན་ཐབས་མེད་ལ། གལ་ཏེ་ཡོད་དུ་ཆུག་ཀྱང་།དེ་ནི་རང་མི་རིགས་རྩ་ལག་དང་བཅས་པ་འཆི་ལམ་དུ་འདེད་པ་ལས་གཞན་ཅི་སྟེ། ཉེ་སྔོན་རིག་གནས་གསར་བརྗེ་ཆེན་པོའི་གོད་ཆགས་དེས། མི་རིགས་འཕེལ་རྒྱས་ལ་བར་ཆད་བཟོས་པ་མ་གཏོགས། ཡར་ཐོན་སྣེ་ཁྲིད་ཀྱི་ནུས་པ་ཐོན་ཡོད་པ་སུ་ཞིག་གིས་ཁས་ལེན། དེས་ན་བོད་ཀྱི་ན་གཞོན་ཤེས་ཡོན་ཅན་སུ་ཞིག་ཡིན་རུང་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་ངེས་ཤེས་དང་། ལྟ་ཚུལ་ཡང་དག་པ་ཞིག་དགོས་གལ་ཆེ་ཞིང་།  ཁྱད་པར་དུ་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཀྱི་གཞི་འཛིན་སའི་བསམ་པ་དང་ཀུན་སྤྱོད་ཁག་ལ་ཤེས་རྟོགས་དང་རྒྱུས་ལོན་བྱ་རྒྱུ་ཤིན་ཏུ་ནས་ཀྱང་གལ་ཆེའོ།།

  སངས་རྒྱས་ཆོས་ལུགས་ཀྱི་བསླབ་བྱ་མདོར་དྲིལ་ན། རང་རྒྱུད་ཀྱི་སེམས་མ་རུང་བ་བཏུལ་ཏེ། རང་གཞན་གཉིས་ཕན་གྱི་བསམ་པ་བཟང་ཤོས་ཤིག་ལ་བསླབ་རྒྱུ་དེ་ཡིན་ལ། བསམ་པ་བཟང་པོ་ཞིག་གིས་ཀུན་ནས་བསླངས་པའི་ལུས་ངག་གི་སྤྱོད་པ་ལ་དགེ་བའི་ལས་ཞེས་བྱ་བའི་ཐ་སྙད་མཛད་ལ། དེ་ལས་ལྡོག་པ་གཞན་གནོད་གཞི་བཅས་ལས་མ་ལོག་པའི་ལུས་ངག་གི་སྤྱོད་པ་དག་ལ་སྡིག་པའི་ལས་ཞེས་བྱ་སྟེ། རྣ་བར་དམ་པ་ལྷ་ཆོས་ཀྱི་མིང་ཙམ་ཡང་ཐོས་མ་མྱོང་བ་ཞིག་ཡིན་ན་ཡང་། དེ་ལྟ་བུའི་དགེ་བའི་ལས་ལ་གཞོལ་བ་ན། དེ་ནི་ཆོས་བཞིན་སྤྱོད་པའི་སྐྱེས་བུ་ཡིན་ནོ།། དགེ་བའི་ལས་དེ་ལའང་ཐེག་པ་གོང་འོག་གི་ཉམས་ལེན་དང་འབྲེལ་ནས་ནང་གསེས་ཀྱི་དམན་མཆོག་གི་རིམ་པ་མང་དུ་ཡོད་ནའང་ཐམས་ཅད་ཀྱང་རང་ངམ་གཞན་གྱི་འཚོ་གནས་དང་བདེ་སྡུག་ལ་བསམ་གཟས་པ་ཤ་སྟག་ཡིན་པས། ནང་ཆོས་ཉམས་སུ་ལེན་པ་དག་གིས་མིའི་འཚོ་གནས་དང་སྐྱིད་སྡུག་ལ་དོ་སྣང་མི་བྱེད་པར་སྨྲ་བའི་བསྙོན་འདིང་བ་ཁོ་ནའོ།། འདི་ལ་གཞིགས་ན་བོད་དད་པའི་ལུང་བ་ཆོས་བཞིན་སྤྱོད་པའི་སྐྱེ་བོ་ཧ་ཅང་དཀོན་ལ། ལས་འབྲས་ཀྱི་འབྲེལ་བ་ཕྲ་མོ་ལ་ཡིད་ཆེས་ཀྱི་དད་པ་བརྟན་པོ་དང་ངེས་འབྱུང་གི་བསམ་པ་དང་བྱམས་སྙིང་རྗེ་སེམས་བསྐྱེད་བདག་མེད་པའི་ལྟ་བ་སོགས་ལ་ཉམས་བཞེས་ངོ་ཐོག་ཞིག་གནང་མཁན་དེ་བས་ཀྱང་དཀོན་པས། ལས་འབྲས་ལ་ཡིད་ཆེས་དང་བྱམས་སྙིང་རྗེ་སོགས་བོད་མི་རིགས་འཕེལ་རྒྱས་ཀྱི་བཀག་རྡོ་ཇི་ལྟར་འགྱུར། དེ་ལྟར་སྨྲ་བ་ནི་ཉེས་པ་ཡོད་རྒུ་མོ་གཤམ་གྱི་བུ་ལ་འགེལ་བ་དང་ཅིས་མི་མཚུངས། བོད་ཀྱི་སྤྱི་ཚོགས་ལོ་རྒྱུས་ཁྲོད་ལས་འབྲས་ལ་ཡིད་ཆེས་དང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སོགས་ཀྱི་ཉམས་ལེན་རྣལ་མ་ཁྱབ་བརྡལ་དུ་མ་སོང་བའི་རྐྱེན་གྱིས་ཆོས་ཀྱི་གཟུགས་བརྙན་ཙམ་དེ་ཆབ་སྲིད་ཀྱི་ཁེ་དབང་སྒྲུབ་བྱེད་ཀྱི་ལག་ཆར་བེད་སྤྱོད་བྱས་ཏེ། ཆག་སྒོ་བཟོས་ཡོད་པ་བདེན་ཚོར་རེད། དེ་ནི་ལག་ལེན་གྱི་ཁྲོད་ཆོས་བེད་སྤྱོད་བྱེད་མཁན་གྱིས་ལན་པ་མ་གཏོགས། ཆོས་ཀྱིས་ལན་པ་ག་ལ་ཡིན། དེ་བས་ང་ཚོ་ཆོས་པའི་མིང་འཛིན་པ་ཀུན་གྱིས་ལག་ལེན་གྱི་སྟེང་ནས་ཆོས་བཞིན་མ་འཇོན་པའི་སྐྱོན་ཁས་ལེན་ཕོད་པ་བྱས་ཏེ། རང་གི་མ་ཅུང་བའི་ཉེས་པའི་དྲི་མ་ཡང་དག་པའི་ཆོས་ལ་ནམ་ཡང་སྒོ་མི་རུང་སྟེ། དེ་ནི་ཆོས་རྣལ་མ་ལ་སྐུར་བ་འདེབས་པའི་རྐྱེན་དུ་འགྱུར་ཉེན་ཆེ་བས་ཤིན་ཏུ་གཟབ་དགོས་པའི་གནས་ཤིག་གོ། མིག་སྔའི་སྤྱི་ཚོགས་ཁྲོད་ལྷག་པར་དུ་འཚེ་བྲལ་ཞི་བདེའི་རྨང་གཞི་རང་གཞན་གཉིས་ཕན་གྱི་བསམ་པ་བཟང་བོ་ངེས་པར་མཁོ་སྟེ། མི་ཞིག་གམ་ཚོགས་པ་ཞིག་ལ་དེ་ལྟ་བུའི་བསམ་པ་བཟང་བོ་མེད་པར་རྒྱུ་ནོར་དབང་ཤུགས་དང་འཕྲུལ་སྤྱད་ཀྱི་ནུས་པ་སོགས་ཕྱིའི་རྐྱེན་ཅི་ཙམ་འཛོམས་ཀྱང་། སྤྱི་ཚོགས་སྟེང་ཕན་བདེ་སྒྲུབ་རྒྱུ་པར་ཟད། ཐ་ན་མིའི་ཚེ་སྲོག་དང་བདེ་འབྱོར་ལ་གྱོང་གུད་བཟོ་བའི་རྒྱུ་རུ་མི་འགྲོ་བའི་ངེས་པ་མེད་པ་དཔེར་ན། ཉེ་ཆར་འཇིགས་སྐུལ་རིང་ལུགས་པའི་གཙོ་བོ། བྷིན་ལ་ཌིན་གཅིག་པུའི་ངན་སེམས་ཀྱི་ཆུ་ཚོད་ཕྱེད་ཀ་ལྷག་གི་ཡུན་ལ་ཨ་རིར་མི་གྲངས་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་བའི་དོན་རྐྱེན་དང་། དེར་མཐུད་ནས་ཨ་པི་ཧན་ནི་སི་ཐན་གྱིས་མི་མང་པོའི་ཚེ་སྲོག་དང་རྒྱུ་ནོར་ལ་གྱོང་གུད་བྱུང་དང་འབྱུང་བཞིན་པ་འདིས་ངེས་ཤེས་ཅིས་མི་བསྐྱེད། དོན་རྐྱེན་དེ་ཡང་གོ་ལ་ཧྲིལ་བོའི་དབང་དུ་བཏང་ན་ཆག་སྒོ་དེ་ཙམ་ཞིག་མི་ཚེ་ཡི་རྣམ་པ་གཅིག་ཏུ་ན་སྟོབས་ལྡན་རྒྱལ་ཁབ་ཆེ་ཁག་གི་སྲོད་བློན་ནམ་དམག་སྤྱི། ཡང་ན་རྡུལ་ཕྲན་མཚོན་ཆ་བཟོ་མཁན་ནམ། དེ་སྤྱོད་མཁན་གྱི་མི་གཅིག་ལ་དེ་ལྟའི་བསམ་ངན་ཞིག་སྐྱེས་ཚེ་དེའི་མཇུག་འབྲས་ཇི་འབྱུང་ཚང་མས་ཤེས་གསལ་ལྟར་རེད། དེབ་ས་བསམ་པའི་དཔལ་ཡོན་ཟེར་བ་དེ་ཡང་ནང་ཆོས་ཀྱི་གཞི་འཛིན་སའི་བསམ་སྤྱོད་བཟང་བོའི་རྨང་གཞིའི་སྟེང་ནས་དར་སྤེལ་གཏོང་ཐུབ་ན། ད་གཟོད་སྤྱི་ཚོགས་ལྷིང་འཇགས་དང་འཚེ་བྲལ་ཞི་བདེའི་སྤྲོ་སྣང་ལྷང་ངེས་པ་ཞིག་འབྱུང་བ་གོར་མ་ཆགས་པས། བསམ་དངོས་ཀྱི་དཔལ་ཡོན་གཉིས་དོ་མཉམ་ཡོང་དགོས་ཞེས་བཤད་དོན་ཡང་དེ་ཡིན་པས་ཚང་མས་ཤེས་གསལ་ལྟར་རེད། དེའི་ཕྱིར་དམ་པ་ལྷ་ཆོས་སོགས་སྲོལ་རྒྱུན་རིག་གནས་རྣམས་སྤྱི་ཚོགས་འཕེལ་རྒྱས་ཀྱི་བཀག་རྡོར་སྨྲ་བ་ནི། དོན་དངོས་གནས་ཚུལ་མི་མཐུན་ཏེ། དེང་སྐབས་སྔོན་ཐོན་རྒྱལ་ཁབ་མང་བོར་ནང་ཆོས་དར་ཁྱབ་ཅི་ཙམ་ཆེ་ཡང་།  དེས་སྤྱི་ཚོགས་འཕེལ་རྒྱས་ལ་འགོག་རྐྱེན་མ་བཟོས་པའི་རྒྱུ་མཚན་གང་ཡིན། དེར་མ་ཟད་བོད་ཀྱི་ཆོས་རིག་ལ་སྙིང་ནས་གཅེས་པའི་རིག་པའི་དཔའ་བོ་དགེ་ཆོས་ལགས་ཀྱིས། ངས་སྨྲས་པ་འདི་རྣམས་ལ་ང་ཚར་གཅོད་པའི་བསམ་བློ་ཙམ་ཞིག་ལས་མ་བཏང་བར་བསྟན་པའི་སྡོང་བོ་དང་། རང་རེའི་ནང་རིག་པའི་རྩ་བ་འདི་དག་ཧྲིལ་གྱིས་ལོག་པ་ཞིག་མི་འདོད་ན། མིག་རྒྱང་རིང་བོར་བྱས། གཙོ་ཕལ་མཐོང་བའི་སེམས་རྒྱུ་གུ་ཡངས་པོར་བྱས་ནས་རིག་གསར་གྱི་སྲོལ་དང་མཉམ་དུ་བསྟན་པ་ཨེ་གནས་ཀྱི་ཐབས་ལ་འབད་དགོས་ཞེས་དང་། ཕྱིས་བྱུང་ས་ཡན་སིའི་རིགས་པ་འདི་དང་སྔོན་བྱུང་སངས་རྒྱས་ཀྱི་བསྟན་པ་གཉིས་ལོ་ཁྲི་ཕྲག་ལ་མཉམ་དུ་གནས་པའི་སྨོན་ལམ་བྱེད་འཆལ། ཞེས་གསུངས་པ་ལྟར། དེང་སྐབས་འཛམ་གླིང་ན་སྐད་གྲགས་ཆེ་བའི་མཁས་པ་དང་ཚན་རིག་པ་མང་པོས་གཤིབ་བྱས་ནས་བགྲོད་ཐུབ་པར་ངོས་འཛིན་ཐོབ་ཡོད་ན་ད་དུང་ཨུ་ཚུགས་ཀྱིས་ཉི་ཟེར་སྤར་མོས་འགེབ་པའི་སྟ་གོན་ཅི་ལ་བྱེད། མི་རིགས་ཤིག་སྔོན་ཐོགན་གྱི་ཕྱོགས་སུ་བསྐྱོད་དགོས་ན་ངེས་པར་དུ་མི་རིགས་དེའི་སྲོལ་རྒྱུན་རིག་པར་བསྲེག་བཅད་རྡར་གསུམ་གྱིས་རྙིང་བར་བཅོས་བསྒྱུར་གཏོང་དགོས་ལ་དེའི་སྲོལ་རྒྱུན་རིག་པ་ལ་ལེགས་བཅོས་དང་ཁ་སྣོན་མེད་ན་དུས་རབས་ཀྱི་འཕོ་འགྱུར་དང་།  སྤྱི་ཚོགས་ཀྱི་དགོས་མཁོ་དང་ཡོངས་སུ་མཐུན་ཐབས་ཡེ་ནས་མེད། དེའི་ཕྱིར་དུས་རབས་དང་སྤྱི་ཚོགས་འཕོ་འགྱུར་གྱི་དགོས་མཁོ་ལ་གཞིགས་ནས་སྲོལ་རྒྱུན་ལ་བླང་དོར་ཕྱེ་ནས་ངན་སྙིགས་གཙང་ཕྱགས་དང་རིག་གནས་བླང་དོར་ཕྱེ་ནས་ལེགས་ཆ་ནང་འདྲེན་བྱ་དགོས་འདི་ནི་ལོ་རྒྱུས་ཀྱིས་སྤྲད་པའི་འོས་འགན་ཞིག་དང་། དུས་རབས་ཀྱིས་དེད་པའི་ཁྲལ་ལས་ཤིག་ཀྱང་ཡིན་པས་དང་ལེན་མི་བྱེད་ཀ་མེད་རེད། འོན་ཀྱང་དེང་སྐབས་ལེགས་བཅོས་བྱ་ཐབས་ལ་གཅིག་གྱུར་གྱི་ལྟ་ཚུལ་འབྱུང་མ་ཐུབ་པའི་འགེགས་རྐྱེན་གཙོ་བོ་ཞིག་ནི་དེང་རབས་ཀྱི་སློབ་གསོ་གཙིགས་སུ་གཉེར་བའི་སློབ་གྲྭའི་སློབ་མ་རྣམས་དང་། ནང་བསྟན་ཤེས་རིག་གི་སློབ་གསོ་གཙོ་བོ་གཉེར་བའི་དགོན་གྲྭའི་སློབ་གསོ་གཉེར་བ་རྣམས་ཁོར་ཡུག་དང་། ལས་གནས་སོགས་ཀྱིས་རྐྱེན་བྱས་ཏེ་ཕན་ཚུན་འབྲེལ་འདྲིས་ཉུང་བའི་དབང་གིས་འཇིག་རྟེན་ལྟ་ཚུལ་དང་། མི་ཚེའི་ལྟ་ཚུལ་སོགས་སོ་སོའི་བསམ་བློའི་ལྟ་ཚུལ་ཞིབ་བསྡུར་སྒོས་རྒྱུས་ལོན་མ་བྱུང་བའི་ཁར་བཤད་ཚོད་ཀྱི་ཁ་དོག་མི་འདྲ་བ་རྒྱུ་མཚན་དུ་བྱས་ནས་དོན་ཐོབ་ཀྱི་བྲོ་བ་མི་འདྲ་བར་རྟོག་སྟེ། ལྟ་སྤྱོད་སོགས་ཐ་དད་དུ་གྱུར་ཏེ་རང་རིགས་ཀྱི་ཆོས་རིག་དཔལ་འབྱོར་དུས་དང་འཚམས་པར་འཕེལ་རྒྱས་གཏོང་ཐབས་ལ་ཐུན་མོང་གི་ལྟ་ཚུལ་གཅིག་གྱུར་བ་ཞིག་འབྱུང་ཐུབ་མེད་དེ། དེང་སྐབས་ཀྱི་ན་གཞོན་ཨ་གསར་ངང་ཐུང་བ་མང་པོ་ཞིག་གིས་བོད་རང་གི་ཐུན་མིན་གྱི་སྲོལ་རྒྱུན་དང་རིག་གཞུང་རྨ་མེད་པ་རྣམས་ལ་རྒྱུས་ལོན་ངེས་ཤེས་ཏིལ་འབྲུ་ཙམ་ཡང་མེད་པར། ཡོད་ཚད་གཞན་གྱི་ལད་མོ་མ་འཆོལ་པའི་དྲེད་མོའི་རྣམ་ཐར་བསྐྱངས་ནས་སྲོལ་རྒྱུན་བཟང་བོ་རྣམས་ཀྱང་ལོ་རྒྱུས་ཀྱི་གད་སྙིགས་དང་ལྷན་དུ་དོངས་སྤྱུགས་བྱེད་དགོས་པའི་འབོད་བསྐུལ་བཏང་སྟེ། མེད་མི་རུང་བའི་མི་རིགས་ཀྱི་ཁྱད་ཆོས་རྣམས་ཀྱང་རྒྱུན་འཛིན་བྱེད་འདོད་མེད་པ་དང་། ཡང་རྙིང་ཞེན་མཁྲེགས་འཛིན་པ་ཕལ་ཆེ་བས་སྲོལ་རྒྱུན་ལ་དུངས་ཀ་ཆེ་བའི་ཟོལ་གྱིས་དུས་རབས་ཀྱི་འགྱུར་ལྡོག་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ལ་དོ་སྣང་དེ་ཙམ་མི་བྱེད་པར། རྙིང་བ་ཡོད་ཚད་ལྷ་ཡི་སྲོལ་དང་། གསར་བ་ཡིན་ཚད་བདུད་ཀྱི་འཕྲུལ་དུ་བཟུང་ནས་རིག་པ་དང་དངོས་པོ་གསར་བ་སོགས་ལ་དགའ་མོས་མི་བྱེད་ཅིང་། རང་ལ་ཕ་མེས་ཀྱིས་བཞག་པའི་རིག་གནས་ཕུན་སུམ་ཚོགས་པ་འདི་ལྟ་བུ་ཡོད་པས། རིག་གསར་ལ་འགྲམ་ཆུ་ལྡང་དོན་མེད་པར་སྨྲ་བ་དང་། གཞན་རིག་གི་ལེགས་ཆ་ཙམ་ནང་འདྲེན་བྱེད་པ་ལ་སྡང་ཞུགས་དང་འགོག་རྒོལ་བྱས་ཏེ། རང་རེའི་ཆོས་རིག་དུས་རབས་དང་འཚམ་པར་རྒྱུན་འཛིན་དར་སྤེལ་གཏོང་བ་ལ་འབུར་ཐོན་གྱི་ནུས་པ་འདོན་ཐུབ་མེད། དེའི་ཕྱིར་ད་ཆ་ང་ཚོ་ཆོས་པར་ཁས་འཆེས་པ་དག་གིས་ཀྱང་། དེང་སྐབས་འཛམ་གླིང་གི་བསམ་དངོས་འཕོ་འགྱུར་ཕྱོགས་ལ་ངོས་འཛིན་གསར་བ་ཞིག་ཡོད་པའི་ཐོག  ནང་བའི་གཞི་རྩའི་བསམ་སྤྱོད་ཀྱི་ཚད་ཐིགས་ལས་མ་བརྒལ་བར་འཆད་སྤེལ་བྱ་ཚུལ་སོགས་དུས་རབས་ཀྱི་མིའི་བློ་ཁ་དང་འཚམ་པ་བྱས་ཏེ་ནང་བསྟན་གྱི་འཕྲིན་ལས་རླབས་པོ་ཆེ་དེ་ཁོར་ཡུག་དང་ཁྱབ་ཁོངས་ཉི་ཚེ་བ་ཞིག་གི་ནང་དུ་འཛུལ་ཐབས་མི་བྱེད་པར་བསམ་བློའི་གུ་ཡངས་པོ་གནང་ནས་རིག་གསར་དང་དཔུང་རྡང་སྦྲེལ་ནས་ནང་བསྟན་ཤེས་རིག་འདི་ཡུན་ནས་གནས་ཡོང་བ་དང་གང་ལ་གང་ཕན་གྱིས་སྤྱི་ཚོགས་ལ་ཞབས་འདེགས་བསྒྲུབ་པར་བརྩོན་དགོས་ལ། དེང་རབས་སློབ་གྲྭའི་ན་གཞོན་ཤེས་ཡོན་ཅན་རྣམས་པས་ཀྱང་གཞན་གྱི་ལད་ཟློས་རྐྱང་བར་མི་འབད་པར། བོད་ཀྱི་རིག་གནས་བྱིངས་དང་། ཁྱད་པར་དུ་རྒྱལ་ཁབ་ཕྱི་ནང་གི་མཁས་དབང་མང་པོས་རིག་པའི་ཆོས་སུ་བསྔགས་པའི་ནང་ཆོས་ལ་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག་གནད་དུ་ཐིངས་པ་ཞིག་བྱ་རྒྱུ་གལ་ཆེ་ཞིང་། མ་བརྟགས་ཉམས་དགའི་ངོར་བོད་ཀྱི་རིག་གནས་འཕེལ་རྒྱས་སུ་འགྲོ་བཞིན་པ་ལྟ་བུར་སྣང་མོད། དོན་དངོས་ཐོག་ནས་བཤད་ན་བོད་རིགས་རང་སྐྱོང་ས་ཁུལ་གྱི་ལས་རིགས་ཁག་ཏུའང་བོད་ཀྱི་སྐད་ཡིག་སྤྱོད་སྒོ་ཇེ་མང་དང་། གོ་གནས་ཇེ་མཐོར་འགྲོ་ཐུབ་ཀྱི་མེད། ལྷག་པར་དུ་བོད་ཀྱི་སློབ་གྲྭ་ཆེ་འབྲིང་རྣམས་སུ་བོད་ཀྱི་གནའ་བོའི་རིག་གནས་ནང་དོན་རིག་པ་སློབ་པའི་སྲོལ་ཆེར་བཙུགས་མེད་པའི་སྟབས་ཀྱིས་སློབ་མཐར་ཕྱིན་པའི་ན་གཞོན་སློབ་མ་རྣམས་ནང་བསྟན་ཤེས་རིག་ཐད་ལ་ཆ་རྒྱུས་ཤིན་ཏུ་ཞན་པ་འདིས་གསར་རྙིང་གི་ལྟ་བའི་ཐད་ལ་ངན་རྐྱེན་ཐེབས་ཡོད། དེ་ན་དེང་རབས་སློབ་གསོ་མྱོང་བའི་ཤེས་ལྡན་རྣམས་དང་། དགོན་གྲྭའི་མཁས་པ་རྣམས་པས་འབྲེལ་འདྲིས་ཀྱི་གསེར་ཟམ་བཙུགས་ནས་བསམ་བློའི་ལྟ་ཚུལ་དང་། ལས་རིགས་དང་། བྱ་བའི་ཉམས་མྱོང་བརྗེ་རེས་བྱས་ཏེ། བོད་མི་རིགས་ཀྱི་ཁྱིམ་གཞི་ཆེན་པོ་འདིའི་འཕེལ་རྒྱས་ཀྱི་ཕྱོགས་ལ་ཐུན་མོང་དུ་བགྲོད་པ་གཅིག་པའི་ལམ་པོར་ཆེ་ཞིག་བསྐྲུན་པར་འབད་བརྩོན་ལྷོད་མེད་ཅིག་བྱ་རྒྱུ་ནི་དུས་རབས་གསར་བའི་ན་གཞོན་རྣམས་ཀྱི་བགོ་སྐལ་དུ་བབས་པ་ཡིན་ནོ།།

 

རྩོམ་ཁུངས། དུས་རབས་ཀྱི་བསམ་གཞིགས། སྤྱིའི་འདོན་ཐེངས་གཉིས་པ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།