གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བརྡ་དང་ཐ་སྙད། མིང་གསུམ་གྱི་གོ་དོན་དང་ཁྱད་པར་མདོ་ཙམ་བརྗོད་པ།

2013-10-28 11:53:00 མགོན་པོ་སྐྱབས།༼རྩེ་ཁོག༽ ཀློག་གྲངས། མཆན ཡོད།
   དེང་སྐབས་སློབ་གྲྭ་སོ་སོའི་སློབ་དེབ་ཁག་ཡིན་ནའང་འདྲ། བརྡ་སྤྲོད་རིག་པའི་དོན་འགྲེལ་ཁ་ཤས་ཡིན་ནའང་འདྲ། དེ་མིན་གཞུང་སྒེར་གང་རུང་གི་དཔེ་དེབ་སྣ་ཚོགས་ཡིན་ནའང་འདྲ། དེ་དག་ཏུ་བརྡ་དང་ཐ་སྙད། མིང་གསུམ་གྱི་གོ་དོན་ཤན་མ་ཕྱེ་བར་བཀོལ་པས། གསར་སློབ་རེ་འགའི་སེམས་སུ་དེ་དག་དོན་གཅིག་མིང་གི་རྣམ་གྲངས་སུ་འདོད་པ་མ་ཟད། དགེ་རྒན་འགའ་རེའི་སེམས་སུའང་དེ་དག་གི་གོ་དོན་གཅིག་ཡིན་པར་བསམས་བཞིན་ཡོད་མོད། ཞིབ་པར་བསམས་ན་དེ་དག་ལ་ཁྱད་པར་ངེས་ཅན་ཞིག་ཡོད་པས། གཤམ་ཏུ་ཁོ་བོས་དེ་དག་གི་གོ་དོན་དང་ཁྱད་པར་ཅུང་ཟད་བརྗོད་པར་འདོད་དོ།།

           དང་པོ།   བརྡ་དང་ཐ་སྙད། མིང་གསུམ་གྱི་གོ་དོན་བཤད་པ།
   དེ་ཡང་སློབ་གྲྭ་ཁག་གི་བསླབ་དེབ་ནང་དུ། མིང་བརྡ་ཕྱོགས་བསྡུས་བྱས་པ་ལ་ཐ་སྙད་ཕྱོགས་བསྒྲིགས་དང་། མིང་བརྡ་གསར་བ་ལ་ཐ་སྙད་གསར་བ་ལྟ་བུ་གང་མང་བྲིས་ཡོད་པ་མ་ཟད། སློབ་གྲྭ་ཁག་གི་རྒྱུགས་གཞིའི་ནང་དུའང་ཐ་སྙད་ཉན་འབྲི་དང་། གཤམ་གྱི་ཐ་སྙད་བཀོལ་ནས་ཚིག་བསྒྲིག་དགོས། གཤམ་གྱི་ཐ་སྙད་དག་ལས་ཡིག་ནོར་མེད་པའི་ཁག་ནི་ཞེས་པ་ལྟ་བུ་གང་མང་བྲིས་ཡོད་ལ། དེ་མིན་ད་དུང་བོད་ཀྱི་བརྡ་སྤྲོད་སྐོར་གྱི་དཔེ་དེབ་ཁ་ཤས་སུའང་དེ་དག་གི་ཁྱད་པར་མ་ཕྱེས་པ་སྣ་ཚོགས་བྲིས་འདུག་སྟེ། དཔེར་ན། <<དག་ཡིག་གསར་བསྒྲིགས>>ལས། “ཐ་སྙད་ནི། ཚིག་སྦྱོར་འགྲུབ་བྱེད་ཀྱི་སྐད་ཆའི་སྡེ་ཚན་ཆུང་ཤོས་ཀྱི་མིང་། དཔེར་ན། མི། རྟ། མཛོ། ཆུ། མེ་ཞེས་པ་སོགས་ནི་ཐ་སྙད་ཡིན་ཞིང་། གྲལ་རིམ། དགྲ་བོ་ཞེས་པ་སོགས་ཀྱང་ཐ་སྙད་ཡིན། ཡང་ན། ཐ་སྙད་ནི། ཚིག་གམ་སྐད་ཆའི་མིང་སྟེ། འཇིག་རྟེན་ཐ་སྙད་ལ་གྲགས་པ་ཞེས་པ་ལྟ་བུ།”ཞེས་དང་།  ཡང་དེ་ལས། “བརྡ་ནི། ཐ་སྙད་དང་ཚིག་གི་མིང་སྟེ། མིང་བརྡ། བརྡ་རྙིང་། དོན་ལ་བརྡ་སྦྱར་བ།” ཞེས་དང་། <<བརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལ>>ལས། “ཐ་སྙད་ནི་ཚིག་གི་ཐུང་བའི་མཐར་ཐུག་པ་སྙད་པར་བྱ་བ་སྟེ། མིང་དང་ཕྲད་ཀྱི་སྤྱི་མིང་ཡིན།”ཞེས་འགྲེལ་འདུག་པ་ལྟ་བུའོ།། སྤྱིར་སྒྲ་བཤད་ཙམ་ལ་ཁྱབ་པ་མེད་ཅེས་པ་བཞིན་རགས་པའི་དབང་དུ་བྱས་ན་སྐྱོན་ཆེན་པོ་མེད་ཀྱང་ཞིབ་ཏུ་བརྟག་ན་དེ་དག་གི་གོ་དོན་གཅིག་མ་ཡིན་ཏེ།
   བརྡ་ནི། དོན་གོ་བར་བྱེད་པའི་བདག་ཉིད་དེ། མིང་དང་ཚིག་རྣམས་ངག་གི་བརྡ་ཡིན་ལ། མིག་བརྡ་དང་ལག་བརྡ་ལྟ་བུ་ནི་ལུས་ཀྱི་བརྡ་ཡིན་ནོ།། དེ་ཡང་ཞིབ་པར་བཤད་ན། མིང་དང་ཚིག་སོགས་ངག་གི་བརྡ་རྣམས་ནི། སྨྲ་མཁན་དང་ཉན་མཁན་གཉིས་ལ་ཐུན་མོང་དུ་གྲགས་པའི་སྒྲ་ཞིག་གིས་དོན་ག་གེ་མོ་ཞིག་སྟོན་པར་མཐུན་པར་གྲུབ་དགོས་པ་ལས། སྨྲ་མཁན་ལ་སྒྲ་དེས་དོན་ཅི་སྟོན་པ་ངེས་ཀྱང་ཉན་མཁན་ལ་སྒྲ་དེ་དང་དོན་དེའི་འབྲེལ་བ་མ་ངེས་ན་སྒྲ་དེས་དོན་ཅི་ཡང་སྟོན་མི་ནུས་ལ། ཐ་ན་སྨྲ་མཁན་དེས་བརྗོད་པའི་སྒྲ་དེ་ངག་གི་བརྡ་ཞིག་ཏུའང་འགྱུར་ཐབས་མེད་དོ།། དེས་ན་སྐད་ཆ་སྨྲ་མཁན་དང་ཉན་མཁན་གཉིས་ལ་སྒྲ་ཇི་འདྲ་ཞིག་གིས་དོན་གང་འདྲ་ཞིག་སྟོན་པར་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་ཐུན་མོང་བ་ཞིག་དགོས་སོ།། དེ་བཞིན་མིག་བརྡ་དང་ལག་བརྡ་སོགས་ལུས་ཀྱི་བརྡ་དེ་དག་ཀྱང་བརྡ་སྟོན་མཁན་དང་བརྡ་དེ་ལ་མཉམ་འཇོག་བྱེད་མཁན་གཉིས་ལ་ཐུན་མོང་དུ་དེ་འདྲའི་རྣམ་འགྱུར་གྱིས་དོན་ག་གེ་མོ་ཞིག་སྟོན་པའི་རྟོག་པ་ཐུན་མོང་དུ་གྲུབ་དགོས་པ་ལས། བརྡ་སྟོན་མཁན་ལ་ལུས་ཀྱི་བརྡ་དེས་དོན་ཅི་ཞིག་སྟོན་པ་ངེས་ཀྱང་བརྡ་དེ་ལ་མཉམ་འཇོག་བྱེད་མཁན་ལ་བརྡ་དེ་དང་དོན་དེའི་འབྲེལ་བ་མ་ངེས་ན་དོན་ཅི་ཡང་སྟོན་མི་ནུས་སོ།།
   ཐ་སྙད་ནི། བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་ཆེན་མོ<<གནས་བརྒྱད་ཆེན་མོ་རྩ་བ>>ལས། ཐ་སྙད་ནི་དངོས་པོ་མེད་པ་ལ་དངོས་པོར་བཏགས་པ་སྟེ། དེ་ཡང་བཏགས་པ་དང་འཇུག་པ་དང་བརྗོད་པར་བཅས་པ་ཐམས་ཅད་དོ།། ཞེས་དང་། དེའི་འགྲེལ་བ་ཁ་ཆེ་ལེགས་སྦྱར་གསུམ་ལྡན་གྱིས་མཛད་པ་ལས། དེའང་བཏགས་པའི་ཤེས་པ་ནི་ཀ་བ་ཡིན་ནོ་སྙམ་པ་ལ་སོགས་པའི་ཤེས་པའོ།། བརྗོད་པ་ནི་འདི་ཀ་བའོ་ཞེས་བྱ་བའི་སྒྲའོ།། འཇུག་པ་ནི་ཀ་བ་ཡིན་པས་ཁང་ཁྱིམ་བྱས་པར་རྩོམ་པ་ལ་སོགས་པའོ།། ཐ་སྙད་ཅེས་བྱ་བ་ནི་འཇུག་པའི་རྒྱུ་མཚན་ཡིན་ནོ།། ཞེས་གསུངས་པ་ལྟར།  བོད་ཀྱི་མཁས་པ་མང་པོས་ཐ་སྙད་ནི་ཤེས་བརྗོད་འཇུག་གསུམ་གྱི་བདག་ཉིད་དུ་གྱུར་ཅིང་། མཚོན་བྱ་མཚོན་བྱེད་ངེས་གཏན་ཅན་ཞིག་ཏུ་གོ་བ་ལེན་ལ། དེ་ཡང་དངོས་པོ་སྟེ་ཚད་མའི་ལུགས་ལ་རྟག་དངོས་གཉིས་སུ་ཕྱེས་པའི་དངོས་པོ་ཙམ་ལ། ཐ་སྙད་མེད་པ་ལ་ཐ་སྙད་དུ་བཏགས་པ་ཞིག་མིན་པར། བློ་ཚད་མས་གཞལ་བྱར་གྱུར་པའི་དངོས་པོ་དང་རྟོག་པས་བཏགས་པའི་ཡུལ་སོགས་ཡོད་པ་དང་ཡོད་དུ་རུང་བ་ཐམས་ཅད་ལ་བློས་བཏགས་པའི་བརྡ་ཙམ་མམ་ཆོས་དེའི་རང་གི་ངོ་བོར་འཛིན་པའི་ཚད་མ་ལ་བྱ་དགོས་པར་འདོད་པ་དང་། ཡང་ན། ཆོས་ཀྱི་རང་བཞིན་གྱི་ཆ་ནས་དཔྱད་ན་ཆོས་རྣམས་རང་བཞིན་གྱིས་མེད་པས་དངོས་པོར་ཀུན་རྫོབ་ཀྱི་ཐ་སྙད་འདི་དག་མེད་པ་ལ་ཡུལ་དང་ཡུལ་ཅན་གྱི་ཁྱད་པར་གྱིས་བློ་དང་སྒྲ་སོགས་ཀྱི་ཐ་སྙད་ཅིག་ཕར་བཏགས་ནས་ཐོགས་ཏེ་རང་གཞན་ཀུན་གྱིས་ཤེས་ཕྱིར་བཀོལ་སྤྱོད་བྱེད་ཐུབ་པའི་བདག་ཉིད་ཅན་ཞིག་ཡིན་པར་འདོད་དོ།། བོད་ཀྱི་དབུ་ཕར་གྱི་གཞུང་རྣམས་སུ་ཐ་སྙད་ལ་བློའི་ཐ་སྙད་དང་མིང་ཚིག་གི་ཐ་སྙད་གཉིས་སུའང་ཕྱེས་ཡོད་དོ།། <<མངོན་བརྗོད་ཉིང་ཐིགས་དང་། སྙན་ངག་སྤྱི་དོན་གཅེས་བཏུས་བཞུགས་སོ>>ཞེས་པ་ལས། “ཐ་སྙད་ཅེས་པ་ནི། བྱ་བ་དང་དངོས་པོ་གང་ཞིག་ཡིན་རུང་། དེའི་རང་མཚན་སྙད་དུ་མེད་བཞིན་དུ་ནན་ཏན་གྱིས་བཏགས་ཤིང་། བཏགས་པའི་ཐ་སྙད་ཀྱི་དོན་དེ་ལས་དོན་རང་མཚན་པ་དངོས་ལ་འདོར་ལེན་བྱེད་པའི་ཤེས་པ་སྟེ། དཔེར་ན། གདུགས་འདེགས་ཀྱི་ཤིང་ལ་ཀ་བ་ཞེས་བཏགས་པས་འདི་ཀ་བ་ཡིན་ནོ་སྙམ་པའི་ཤེས་པ་དེ་ནི་བཏགས་པའི་ཤེས་པ་དང་། དེ་ལ་སླར་ཡང་ཀ་བ་ཞེས་ངག་གི་སྒྲ་ལ་བརྗོད་པ་ནི་བརྗོད་པའི་ཤེས་པ་དང་། དེས་གདུང་འདེགས་ཀྱི་བྱ་བ་ལ་འཇུག་པ་ནི་འཇུག་པའི་ཤེས་པ་སྟེ། ཤེས་བརྗོད་འཇུག་གསུམ་ཚང་བ་ཞིག་སྐྱེ་བར་བྱེད་པའི་གཞི་བརྡ་སྤྲད་ནས་འཕྲོད་པའི་བློ་དེའོ།།”ཞེས་གསུངས་པ་ལ་བརྟག་ན། བློའི་ཐ་སྙད་དང་མིང་ཚིག་གི་ཐ་སྙད་གཅིག་ཏུ་བཞེད་པ་ལྟ་བུར་སྣང་ངོ་།། ཡང《རྗོད་བྱེད་ཀྱི་སྒྲའི་གོ་དོན་གསར་དུ་བརྟག་པ།》ཞེས་པ་ལས། “ཤེས་པའི་ཕྱིར་དུ་ཐ་སྙད་ནི་ཡུལ་ཅན་གྱིས་ཡུལ་དེ་དཔྱོད་བྱེད་དུ་ཐོགས་པའི་བདག་ཉིད་བློ་དང་སྒྲ་དང་སྒྱུ་རྩལ་སོགས་ཀྱི་གསལ་བའི་ཁྱད་པར་མངའ་བ་ཅན་ཞིག་གོ།”ཞེས་བཀོད་ཡོད་ལ། དེ་ལྟར་ན། ཐ་སྙད་ནི་ཡུལ་དང་ཡུལ་ཅན་གྱི་འབྲེལ་བའི་སྐབས་སུ་ཡུལ་ཅན་དུ་འགྲོ་བའི་སྐད་ཆའམ་རྗོད་བྱེད་ལ་གོ་དགོས་པ་མ་ཟད། བློ་དང་སྒྱུ་རྩལ། རི་མོ་སོགས་སྐད་ཆ་མ་ཡིན་པའི་མཚོན་བྱེད་རྣམས་ཀྱང་ཐ་སྙད་ཡིན་པར་བརྗོད་ཡོད་དོ།།
   མིང་ནི། གནས་བརྒྱད་ཆེན་མོའི་རྩ་བར། ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱི་ཚིག་བླ་དྭགས་ཏེ་ཡི་གེ་འདུས་པའི་བདག་ཉིད་དོ།། ཞེས་གསུངས་ལ། བླ་དྭགས་ཞེས་པའི་དོན་ནི་གདགས་གཞིའི་ངོས་ནས་ཐོག་མ་ནས་ཡོད་པ་ཞིག་མ་ཡིན་པར། མིས་སྔར་མེད་པ་ལ་གསར་དུ་བཏགས་པ་ཞིག་ཡིན་ཏེ། དཔེར་ན། སྨྲ་ཤེས་ཤིང་དོན་གོ་བའི་སེམས་ལྡན་ལ་རྒྱ་ནག་པས དང་། དབྱིན་ཇི་བས personཞེས་དང་། བོད་པས་མི་ཞེས་སྒྲ་སྣ་ཚོགས་ཀྱིས་བོས་ཆོག་པ་ནི་ངོ་བོ་ཉིད་ཀྱིས་ཚིག་བླ་དྭགས་ཡིན་པའི་རྒྱུ་མཚན་གྱིས་ཡིན་ལ། སྨྲ་ཤེས་ཤིང་དོན་གོ་བ་ནི་མི་རིགས་སུའི་སྣང་ངོར་དེ་ལས་གཞན་དུ་མི་སྣང་བ་ནི་དོན་ཡིན། དེའི་ཕྱིར་ཚུར་སྣང་བ་ནི་དོན་དང་ཕར་བཏགས་པ་ལ་མིང་ཞེས་བརྗོད་པ་དང་། དོན་ནི་མཚན་ཉིད་དང་། མིང་ནི་མཚོན་བྱ་ཡིན་ནོ།། དེ་ལྟར་དོན་ནམ་མཚན་ཉིད་སྔོན་དུ་ཤེས་ཤིང་མིང་ངམ་མཚོན་བྱ་རྗེས་སུ་ཤེས་པ་བློའི་རྟོགས་པའི་གོ་རིམ་ཡིན། དེ་ཡང་ཞིབ་ཏུ་བསམས་ན་མིང་དེ་དག་ཕྱི་ཡུལ་གྱི་གདགས་བྱ་ངོ་མ་དེ་དག་ལ་ཐད་ཀར་བཏགས་པ་ཞིག་མིན་པར་ཕྱི་ཡུལ་དེ་ཡུལ་དུ་ཚུར་སྣང་བ་དེ་ལ་བརྗོད་འདོད་ཀྱི་ཆ་ལྡན་པར་གྱུར་ཏེ་བཏགས་པ་ཡིན་པ། དཔེར་ན། མི་ཞེས་བརྗོད་པའི་སྒྲའི་འཇུག་ཡུལ་སེམས་ཅན་གྱི་ཡིད་ཀྱི་རྟོག་ངོར་སྣང་བའི་མིའི་དོན་སྤྱི་ཡིན་ལ། ཡིད་ཀྱི་རྟོག་ངོར་སྣང་བའི་མིའི་དོན་སྤྱི་དེ་ནི་སྒྲ་དང་རྟོག་པ་མིན་པའི་ཕྱི་ཡུལ་དངོས་མི་ལས་གྲུབ་པ་ཡིན་པས། སྨྲ་བ་པོས་ངག་ཏུ་སྨྲ་ཚེ་བརྗོད་འདོད་ཀྱི་ཡིད་ཀྱི་རྟོག་ངོར་སྣང་བའི་མི་སྟོན་པར་སྨྲ་ཞིང་། ཉན་པ་པོས་སྒྲ་དེ་དང་ཡུལ་གཉིས་ཀྱི་འབྲེལ་བ་སེམས་སུ་འཇགས་ཟིན་པའི་རྒྱུ་མཚན་ལ་བརྟེན་ནས་ཕྱི་ཡུལ་གྱི་དོན་དངོས་ལ་སྙེག་པར་བྱེད་དོ།། རྗེ་ཙོང་ཁ་པ་ཆེན་པོའི<<ལེགས་བཤད་གསེར་ཕྲེང>>ལས། མིང་གི་གོ་དོན་ལ་ཡུལ་གྱི་ངོ་བོ་ཙམ་རྗོད་བྱེད་ཅེས་དང་། ཆོས་རྗེ་ས་པཎ་སོགས་ཀྱིས་ཡི་གེ་འདུས་པའི་བདག་ཉིད་ཅན། དོན་གྱི་ངོ་བོ་བརྡ་སྤྲོད་པ་མིང་ཞེས་ཙམ་སྒྲ་མི་སྦྱོར་བ་དང་། བོད་ཀྱི་བརྡ་སྤྲོད་རིག་པའི་དོན་འགྲེལ་རྣམས་སུ་ཡི་གེ་གཉིས་སམ་དུ་མ་འདུས་ནས་ཀློག་བརྗོད་ཟུར་ཕྱིན་པའི་དོན་གྱི་ངོ་བོ་ཙམ་སྟོན་པའི་སྒྲ་ལ་མིང་ཞེས་གསུངས་སོ།། དེ་ལྟ་བུའི་མིང་འདོགས་པ་ལ་ངོ་བོ་དང་རྣམ་པ། དགོས་པ་གསུམ་དང་ལྡན་པ་ཞིག་དགོས་ལ། དེ་གསུམ་ལ་མིང་གི་ཆོས་གསུམ་ཞེས་ཀྱང་ཟེར། དེ་ཡང་ངོ་བོ་ནི་ཡི་གེ་འདུས་པའི་བདག་ཉིད། རྣམ་པ་མིང་མེད་པ་ལ་མིང་གསར་དུ་གདགས་པ་ཞིག་ཡིན་པ། དགོས་པ་གདགས་པ་དེ་དོན་གཞན་དང་མ་འདྲེས་པར་གསལ་བོར་གོ་ནུས་པ་ཅན་ཞིག་ཡིན། དེ་རྣམས་ནི། དཔེར་ན། ཆུ་ཞེས་པ་བརླན་ཞིང་གཤེར་བ་ལ་གོ  དེ་ནི་ཡི་གེ་དུ་མ་འདུས་པ་ཞིག་ཡིན་ཏེ། དབྱངས་ཨུ་དང་། མིང་གཞི་ཆ། རྗེས་འཇུག་འ་བཅས་འདུས་པ་ལས་གྲུབ་པས་སོ།། སྔོན་བརླན་ཞིང་གཤེར་བའི་ཆོས་དེ་ལ་ཆུ་ཞེས་བརྗོད་པ་མེད་པ་ལ་གསར་དུ་སྦྱར་བ་དང་། དེ་ལྟར་སྦྱར་བ་ལས་འབྱུང་བ་ལྔའི་ནང་གསེས་གཞན་དང་མ་འདྲེས་པར་བརླན་ཞིང་གཤེར་བ་དེ་ཡིན་པ་གོ་ནུས་སོ།། དེས་གཞན་ལའང་རིགས་འགྲེ།
   གོང་གི་མིང་གི་མཚན་ཉིད་ལ་དོན་གྱི་ངོ་བོ་སྟོན་པ་ཞེས་བཀོད་པ་ནི། མིང་དང་མིང་ཅན་གྱི་འབྲེལ་བ་གྲུབ་ཚུལ་གྱི་ཆ་ལ་དམིགས་པའི་ཚད་མ་རིག་པའི་བསྟན་བྱ་ཞིག་ཏུ་སྣང་སྟེ། དོན་གྱི་ངོ་བོ་མི་སྟོན་ན། དབྱངས་གསལ་གྱི་ཡི་གེ་ཅི་ཙམ་འདུས་ཀྱང་མིང་དུ་འགྱུར་བའི་སྐབས་ནམ་ཡང་མེད་ལ། ཡི་གེ་འདུས་པའི་སྒྲ་དེ་ཡང་མིང་དུ་འགྲུབ་དགོས་ན་འཇུག་ཡུལ་ཡོད་མེད་ཀྱིས་འབྱེད་དགོས་ཤིང་། དེ་མིང་དང་མིང་ཅན་གྱི་འབྲེལ་བ་གྲུབ་མི་གྲུབ་ལ་རགས་ལས་པ་ཡིན་ནོ།། “དེ་ཡང་མིང་དང་མིང་ཅན་གྱི་འབྲེལ་བ་གྲུབ་ཚུལ་ནི། མིང་དང་དེའི་དོན་ལ་ངོ་བོ་ཉིད་ཀྱི་འབྲེལ་བ་ཡོད་པས་མིན་ཡང་། བརྡ་སྦྱོར་མཁན་པོས་བྱས་པའི་བརྡ་ཁྱད་ལྟར་མིང་དང་མིང་ཅན་གྱི་འབྲེལ་བ་གྲུབ་པ་མངོན་ཞེན་ལྟར་འཛིན་པ་ལ་བརྡ་དུས་ཀྱི་ཆོས་ལྔ་དང་ལྡན་པར་སྦྱར་བ་སྟེ། དེ་དག་ལས་ཡན་ལག་གཅིག་ཉམས་ཀྱང་མི་འགྲུབ་བོ།། དེ་ལ་ཆོས་ལྔ་ནི། དོན་ལ་དམིགས་པ། སྒྲ་ལས་བྱུང་བ། མཐུན་པར་སྣང་བ། ཐུན་མོང་དུ་གྲགས་པ། མངོན་པར་ཞེན་པ་ལྔ་ཡིན་ལ། དོན་ལ་དམིགས་པས་ནི་དོན་གྱི་རྣམ་པར་སྐྱེད་པར་བྱེད་པ་དང་། སྒྲ་ལས་བྱུང་བ་ནི་སྒྲ་སྤྱིའི་རྣམ་པར་སྐྱེད་པར་བྱེད་པ་དང་། མཐུན་པར་སྣང་བ་དང་ཐུན་མོང་དུ་གྲགས་པས་ནི་ཞེན་པ་སྐྱེ་ཞིང་གཞན་ལ་གོ་བར་བྱེད་པ་དང་། མངོན་པར་ཞེན་པས་ནི་མིང་དང་མིང་ཅན་འབྲེལ་བར་བྱེད་པ་ཡིན་ཞེས་གནས་བརྒྱད་ཆེན་མོའི་འགྲེལ་བར་གསུངས་སོ།། དེ་ལྟར་དོན་དེ་རྗོད་བྱེད་ཀྱི་མིང་ལ་འདི་སྐད་ཟེར་བ་བློ་ངོར་འདྲིས་པར་བྱས་ཏེ། མིང་གི་ཡི་གེ་རྣམས་ཀྱང་གོ་རིམ་ལྟར་ལེགས་པར་སྦྱར་ནས་བརྗོད་པ་ཡིན་ནོ།།”
   དེ་ལྟར་མིང་དེ་དོན་ལ་གཞོལ་བའི་ཚེ། རྟོག་པ་ལ་སྒྲ་སྤྱི་ཤར་ཏེ་བརྗོད་པར་འདོད་པའི་ཀུན་སློང་གིས། རི་དང་ཆུ། ས་སོགས་མིང་ཇི་སྙེད་པ་དོན་དང་གཅིག་ཏུ་འཁྲུལ་ནས་བརྡ་སྦྱོར་ལ། དེ་ལྟར་འཁྲུལ་བའི་དབང་གིས་སྒྲ་དོན་དང་རང་མཚན་སོ་སོར་མ་ཕྱེ་བར་དོན་རང་མཚན་ཉིད་བླང་དོར་ལ་འཇུག་པ་ཡིན་སྟབས། སྒྲ་དོན་འདྲེས་འཛིན་གྱི་རྟོག་བློའི་དབང་གིས་ཕྱི་རོལ་གྱི་དོན་ཞིག་ལ་མིང་འདི་སྐད་ཅེས་བྱའོ་ཞེས་སམ། མིང་དེའི་དོན་ནི་འདིའོ་ཞེས་དོན་སྤྱི་དོན་དུ་འཁྲུལ་བ་དང་སྣང་བཏགས་གཅིག་ཏུ་བཟུང་བའི་སྒོ་ནས། རང་མཚན་དང་སྤྱི་མཚན་སོ་སོར་མ་ཕྱེ་པར་གཅིག་ཏུ་འདྲེས་པར་བཟུང་སྟེ་མིང་འདོགས་པ་ཡིན་ནོ།།
   གཞན་ཡང་གོང་གསལ་གྱི་མིང་གི་མཚན་ཉིད་ལ། དོན་གྱི་ངོ་བོ་ཙམ་སྟོན་པ་ཞེས་པའི་ཙམ་སྒྲས་དོན་གྱི་ཁྱད་པར་སྟོན་པ་གཅོད་པར་འདོད་པའི་ལུགས་ལྟར་ན། གསེར་གྱི་བུམ་པ་དང་། རིའི་རྩེ་མོ། འདུས་བྱས་མི་རྟག་པ་ལྟ་བུ་ཁྱད་པར་དང་འབྲེལ་བའི་རྣམས་མི་འདུ་བའི་སྐྱོན་འབྱུང་བ་དང་། མིང་ཞེས་པ་ཆོས་རྣམས་ཀྱི་མིང་རྐྱང་བ་ལ་བྱས་ན་ཁྱབ་ཆུང་བར་འདོད་པ་སོགས་ཀྱིས་ལ་ལས་མིང་གི་མཚན་ཉིད་ཟུར་དུ་བཀོད་པའང་ཡོད་དེ། <<བོད་སྐད་བརྡ་སྤྲོད་ཀྱི་གནད་དོན་ཁ་ཤས་ལ་དཔྱད་པ་རིག་འཕྲུལ་མེ་ལོང>>ལས། “རང་གང་ལ་གདགས་བྱའི་ཡུལ་དེ་ཚུགས་ཐུབ་ཏུ་སྟོན་ཞིང་ཚིག་ཕྲད་ཀྱི་སྦྱར་གཞི་དང་ཚིག་གི་ཆ་ཤས་བྱེད་པའི་རྗོད་བྱེད་ཀྱི་སྒྲ་ཞེས་པ་མིང་གི་མཚན་ཉིད”དུ་བཞག་ཡོད་ལ། “དེའི་མཚན་ཟུར་གྱི་རང་གང་ལ་གདགས་བྱ་ཞེས་པས་མིང་དང་ཚིག་གི་ཁྱད་པར་འབྱེད་ཅིང་། མིང་གིས་རང་གི་བསྟན་བྱའི་དོན་དེ་དམིགས་ཀྱིས་བསལ་ཅིང་བརྡ་དོན་ངོ་འཕྲོད་ནས་བརྡ་ལ་འཇུག་པར་བྱེད་པ་དང་། མིང་གི་ཚོགས་པ་དང་ཚིག་སོགས་མིང་ལྟར་བརྗོད་བྱའི་དོན་ལ་ཕར་གདགས་པ་མེད་པ་དང་། མཚན་ཟུར་གཉིས་པའི་དོན་དེ་ཚུགས་ཐུབ་ཏུ་སྟོན་པ་ཞེས་པས། མིང་དང་ཚིག་ཕྲད་ཀྱི་ཁྱད་ཕྱེ་བ་སྟེ། ཚིག་ཕྲད་ལ་དོན་དང་ལྡན་པ་ཡོད་ཀྱང་དེ་དག་མིང་མ་ཡིན་པ་དང་། སྤྱིར་བཏང་དུ་མིང་ལ་མ་བརྟེན་པར་རང་རྐྱ་བས་དོན་ཞིག་ཚུགས་ཐུབ་ཏུ་བརྗོད་པ་མེད་པས་དེ་སྐད་ཅེས་བྱའོ།། རྗོད་བྱེད་ཀྱི་སྒྲ་ཞེས་པས་ཟུར་སྔ་མ་གཉིས་ཀའང་བརྗོད་དོན་གསལ་བར་བྱེད་པའི་སྒྲའམ་སྒྲའི་མཚོན་བྱེད་ཀྱི་ཡི་གེའི་ཚོགས་པ་ལ་གོ་དགོས་པ་མ་ཟད། དོན་གང་ཡང་མི་སྟོན་ན་ཡི་གེ་རྣམ་གྲངས་ཅི་ཙམ་འདུས་ཀྱང་མིང་ཡིན་པ་གཅོད་ཅིང་། འདི་ལྟར་བྱས་ཚེ་ཚེག་ཁྱིམ་གྱི་རྐྱེན་ལ་མི་བལྟོས་པའི་ཚིག་གི་ཆ་ཤས་བྱེད་པའི་མིང་ཐམས་ཅད་ལ་ཁྱབ་བོ།།”ཞེས་འདོད་དོ།།

          གཉིས་པ། བརྡ་དང་ཐ་སྙད་མིང་གསུམ་གྱི་ཁྱད་པར་མདོ་ཙམ་བརྗོད་པ།
   སྤྱིར་གོང་དུ་བཀོད་པའི་བརྡ་དང་ཐ་སྙད། མིང་ཚིག་གསུམ་གྱི་གོ་དོན་གསལ་བོར་ངེས་ཚེ། དེ་དག་གི་ཁྱད་པར་བརྗོད་མི་དགོས་པར་ཤེས་ཐུབ་པས་འདིར་བསྐྱར་དུ་བརྗོད་པའི་དགོས་པ་མེད་མོད། འོན་ཀྱང་། གསར་སློབ་རེ་འགའ་ལ་མཚོན་ན་ད་དུང་གོང་གསལ་གྱི་གོ་དོན་དེ་དག་དཔྱིས་ཕྱིན་པར་རྟོགས་དཀའ་རྐྱེན་དེ་དག་གི་ཁྱད་པར་མདོ་ཙམ་བརྗོད་པར་འདོད་དེ། གོང་དུ་གསལ་བ་བཞིན། བརྡ་ནི་དོན་གོ་བར་བྱེད་པའི་བདག་ཉིད་དེ། ངག་གི་བརྡ་རྣམས་ནི་མིང་དང་དོན་བརྗོད་པ་དང་ཚིག་དང་ཚིག་གི་ཚོགས་པ་ཐམས་ཅད་ལ་གོ་དགོས་པས་མིང་ཙམ་མིན་ལ། མིག་བརྡ་དང་ལག་བརྡ་ལྟ་བུ་རྗོད་བྱེད་མ་ཡིན་པའི་བརྡ་རྣམས་ནི་མིང་མིན་པས། བརྡ་དང་མིང་གཉིས་ནི་མི་འདྲ་སྟེ། མིང་ཡིན་ན་བརྡ་ཡིན་པས་ཁྱབ་ཀྱང་བརྡ་ཡིན་ན་མིང་ཡིན་པས་མི་ཁྱབ་བོ།། དེ་ཡང་ཡིན་ཏེ་མིང་ཡིན་ན་རྗོད་བྱེད་ཀྱི་སྒྲ་ཡིན་པས་ཁྱབ་ཀྱང་བརྡ་ཡིན་ན་རྗོད་བྱེད་ཀྱི་སྒྲ་ཡིན་པས་མ་ཁྱབ་སྟེ། དཔེར་ན། ལྐུགས་པ་ལ་ལུས་བརྡ་སྣ་ཚོགས་སྟོན་པ་ལྟ་བུའོ།།
   དེ་བཞིན་དུ་མིང་ཡིན་ན་ཐ་སྙད་ཡིན་པས་ཁྱབ་ཀྱང་ཐ་སྙད་ཡིན་ན་མིང་ཡིན་པས་མ་ཁྱབ་སྟེ། ཐ་སྙད་ཅེས་པ་སྒྲའི་ཐ་སྙད་ཙམ་ལ་གོ་བ་བླངས་ན་ཁྱབ་ཆུང་ཞིང་། ཐ་སྙད་ནི་ཡུལ་དེ་ཡུལ་ཅན་གྱིས་མཚོན་པའི་བརྡ་ཡིན་པ་མ་ཟད། ཤེས་བྱ་དང་ཤེས་པའི་དབང་དུ་བཏང་ན་ཤེས་བྱ་དེ་ལས་སྐྱེས་པའི་རྟོག་པའམ་བློ་ངོར་སྣང་བའི་ཡུལ་གྱི་ཚབ་མ་སྒྲ་དོན་འདྲེས་རུང་གི་རྟོག་པ་དེ་ཡང་ཐ་སྙད་ཡིན་ལ། སྒྲ་སྤྱི་དང་དོན་སྤྱིའི་རྟོག་པ་ཕྱི་དོན་ག་གེ་མོ་ཞིག་གི་ཚབ་མ་ངག་ཏུ་མ་ཤར་བར་གནས་པ་དེ་གཞན་གྱིས་ཤེས་ཕྱིར་ངག་གི་བརྡ་བྱས་ནས་སྟོན་པ་དེའང་ཐ་སྙད་ཡིན་པ་མ་ཟད། ད་དུང་ཐ་སྙད་དུ་གྱུར་བ་མང་པོ་ཡོད་དེ། བློའི་ཐ་སྙད་ལ་རྐྱེན་བྱས་ཏེ་ཐིག་རིས་དང་ཚོན་མདངས་སོགས་ཀྱིས་བསྟན་བྱ་སྟོན་པའི་རི་མོ་དང་། སྐད་ཀྱི་མཐོ་དམན་དྲག་ཞན་སོགས་ཀྱིས་བསྟན་བྱ་སྟོན་པའི་རོལ་མོ་སོགས་ཀྱང་ཐ་སྙད་ཡིན་པར་འདོད་དོ།། དེར་མ་ཟད་ཐ་སྙད་ལ་བློའི་ཐ་སྙད་དང་སྒྲའི་ཐ་སྙད་གཉིས་སུའང་དབྱེ་རུང་སྟེ། མཉན་བྱ་ལ་སྒྲའོ་སྙམ་པའི་རྟོག་པ་དང་། རྒྱུ་ཡོད་ན་འབྲས་བུ་འབྱུང་ངོ་སྙམ་པའི་རྟོག་པ་ལྟ་བུ་བློའི་ཐ་སྙད་དང་། སྒྲའི་ཐ་སྙད་ལ་མིང་ཚིག་གི་ཐ་སྙད་གཉིས་ཏེ། མཉན་བྱ་ལ་སྒྲ་ཞེས་བརྗོད་པ་ནི་མིང་གི་ཐ་སྙད་དང་། རྒྱུ་ཡོད་ན་འབྲས་བུ་འབྱུང་ངོ་ཞེས་པའི་རྗོད་བྱེད་ཀྱི་སྒྲ་ནི་ཚིག་གི་ཐ་སྙད་དུ་འཇོག་འོས་སོ།། དེས་ན་ཐ་སྙད་ནི་མིང་ཙམ་མིན་པ་ཤིན་ཏུ་གསལ་ལོ།།
   བརྡ་དང་ཐ་སྙད་གཉིས་ལའང་ཁྱད་པར་ཡོད་དེ། ས་སྐྱ་པཎ་ཆེན་གྱི<<མཁས་འཇུག>>ལས། མིང་ཚིག་འདི་དག་རྒན་པོ་ཡི།། ཐོག་མར་སྦྱར་བ་བརྡ་ཡིན་ལ།། ཕྱི་ནས་དཔྱོད་པ་ཐ་སྙད་ཡིན།། ཞེས་དེ་གཉིས་ལ་ཁྱད་པར་ཡོད་པ་གསུངས་ཡོད་ལ།  “དེའི་དོན་ནི་ཐ་སྙད་ལ་རིགས་མང་ཡང་སྒྲ་རིག་པའི་དོན་ལ་མཚོན་ན། དངོས་པོའམ་ཤེས་བྱ་སྣ་ཚོགས་ལ་ཐོག་མར་འདོད་པ་ལྟར་སྦྱར་བའི་མིང་དང་ཚིག་སོགས་ནི་བརྡ་ཙམ་ཡིན་ལ། དེ་ལྟར་བརྡའི་ཆེད་དུ་བཏགས་ཤིང་ཕྱིས་སུ་ཡང་བརྡ་དེ་ལ་བརྟེན་ནས་ཐོག་མའི་དངོས་པོ་དེ་དང་དེའི་རིགས་ལ་རྗེས་སུ་དཔྱོད་པའམ་ཆོས་དེའི་ངོ་བོར་འཛིན་བྱེད་དུ་གྱུར་ཅིང་མཚོན་བྱ་མཚོན་བྱེད་ཀྱི་ངེས་པ་མི་རྣམས་ལ་གཏན་འཇགས་སུ་གོམས་པར་གྱུར་པའི་བརྡའམ་བརྡ་ཙམ་པོ་བ་མ་ཡིན་པ་དེ་ལའང་ཐ་སྙད་དུ་བཞེད་དེ། དཔེར་ན། སྔོན་གྱི་རྒན་པོ་དེ་དག་གིས་མདུན་གྱི་གསོམ་ཤིང་ལ་བལྟས་ཏེ་འདི་སྡོ་བོའོ་ཞེས་བརྡ་སྦྱར་བས་སྐབས་ཀྱི་དོན་ཤེས་ཤིང་། ཕྱིས་ཀྱང་མི་གཞན་གྱིས་སྡོང་བོ་ཞེས་པ་དེ་གསོམ་ཤིང་སོགས་ཤིང་གི་ངོ་བོར་འཛིན་བྱེད་ཀྱི་ཚབ་མར་བྱེད་པ་ནི་ཐ་སྙད་ཡིན་ནོ།།” ཞེས་བཤད་ཡོད་པ་ལྟར་ལགས་ཤིང་། ཆོས་གང་ཞིག་ལ་ཐ་སྙད་བྱ་བའི་སླད་དུ་རྒྱུ་ཡི་དོན་ཅན་གྱི་མིང་ཐོག་མར་སྦྱར་བ་ཐམས་ཅད་གོ་བར་བྱེད་པར་བརྡ་ཡི་ཁོངས་སུ་བསྡུས་ལ། དེ་ལ་འབྲས་བུའི་དོན་ཅན་གྱི་རྗེས་སུ་དཔྱོད་ཅིང་བརྗོད་པ་དང་འཇུག་པར་བྱེད་པ་ཐམས་ཅད་ཐ་སྙད་ཀྱི་དོན་ཡིན་ནོ།། དེར་མ་ཟད། “མཚོན་བྱ་མཚོན་བྱེད་དུ་གོམས་པའི་ཐ་སྙད་ཀྱི་ཐབས་ཏེ། ལུས་ཀྱི་རྣམ་འགྱུར་དང་། སྐད་གདངས། ཡུལ་དུས། དྲི་མ། རེག་བྱ། གྱོན་ཆས་ལ་སོགས་པ་སྐད་མ་ཡིན་པའི་ཐབས་ལམ60%ཡིས་དོན་སྟོན་ཞེས་དེང་རབས་རིག་གཞུང་ལ་གྲགས་ཤིང་། དེ་ལྟ་བུའི་སྐད་ཆ་མ་ཡིན་པའི་ཐ་སྙད་ཀུན་ནི་འཇུག་པའི་ཐ་སྙད་དུ་བཞག་ཆོག་པར་འདོད།” ཅེས་པ་ལྟར་ན། ཐ་སྙད་ནི་བརྡ་ཙམ་མིན་པ་ཤིན་ཏུ་གསལ་ལོ།།
   ཡང་བརྡ་ནི་ཕ་རོལ་བོ་ལ་བསམ་དོན་རྟོགས་པའམ་ཤེས་པར་བྱེད་པའི་ཆེད་དུ་ངག་གིས་སྨྲ་བ་དང་། ལུས་ཀྱི་རྣམ་འགྱུར་གང་རུང་སྟོན་པའི་སྒོ་ནས་གོ་བརྡ་འཕྲོད་པར་བྱེད་པའི་བདག་ཉིད་དེ།  དཔེར་ན། མི་ཞིག་གིས་མེ་ཞེས་བརྗོད་ཚེ། སྨྲ་ཡུལ་དེ་སྨྲ་ཤེས་ཤིང་དོན་གོ་བ་མིང་བརྡ་ལ་བྱང་བ་ཞིག་ཡིན་ཚེ། ཚ་ཞིང་སྲེག་པའི་དོན་སྤྱི་ཡིད་ལ་ལམ་གྱིས་འཆར་ལ། ཡང་མི་ཞིག་གིས་མི་གཞན་ཞིག་ལ། ད་ལྟ་མགྲོན་པོ་གལ་ཆེན་ཞིག་ཡོང་རྒྱུ་ཡིན་པས་ཟས་ཞིམ་པོ་ཞིག་གཡོས་ཤིག་ཅེས་བརྗོད་པ་ན། ཕ་རོལ་བོས་ཟས་གཡོ་བའི་རྒྱུ་ཆ་སྣ་ཚོགས་གྲ་སྒྲིག་བྱེད་པའི་བར་གྱི་བྱ་བའི་རིམ་པ་ཡིད་ལ་ལམ་གྱིས་ཤར་ཏེ་བྱ་བ་ལ་འཇུག་པར་རྩོམ་པ་ལྟ་བུ་ནི་ངག་གིས་བརྡ་འཕྲོད་པ་ཡིན་ལ། སྐབས་དེའི་ངག་གི་འདུ་བྱེད་དེ་ནི་ངག་གི་བརྡ་ཡིན་ནོ།། དེ་བཞིན་དུ་མི་ཞིག་གིས་མི་གཞན་ཞིག་ལ། ཚུར་ཤོག་ཅེས་པའི་ལག་གཡུག་བྱེད་པ་ན། ཕ་རོལ་བོ་དེའི་སེམས་ལ་འབོད་པའི་རྟོག་པ་འཆར་ཏེ་ལག་གཡུག་བྱེད་མཁན་གྱི་གམ་དུ་སླེབས་པ་ནི་ལུས་ཀྱི་རྣམ་འགྱུར་གྱིས་བརྡ་འཕྲོད་པ་ཡིན་ལ། སྐབས་དེའི་ལག་གཡུག་བྱེད་པའི་རྣམ་འགྱུར་དེ་ལ་ལུས་ཀྱི་བརྡ་ཟེར་བ་དང་། མིང་དང་ཚིག་སོགས་ཀྱི་དོན་ཅི་ཡང་མི་ཤེས་པའི་བྱིས་པ་ལྟ་བུ་ལ། བརྡ་ལ་མ་བྱང་བའི་གང་ཟག་ཟེར་རོ།། ཡང་དཔེར་ན། བུམ་པའི་དོན་དང་ཐ་སྙད་གང་ལའང་མ་བྱང་བའི་གང་ཟག་ཅིག་ལ་བུམ་པ་ཞིག་བསྟན་ནས། འདི་ནི་ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ་ཞིག་རེད་ཅེས་བརྗོད་པ་དེ་ལ་བརྡ་སྤྲད་ཟེར་ཞིང་། ཕ་རོལ་བོའི་རྒྱུད་ལ། འོ། དེ་ལྟ་བུའི་དངོས་པོ་ཞིག་རེད་སྙམ་པའི་རྟོག་པ་ཞིག་སྐྱེས་པ་དེ་ལ་བརྡ་དུས་ཀྱི་རྟོག་པ་ཟེར། ཡང་བུམ་པ་ཞིག་བསྟན་ནས་འདི་ལ་བུམ་པ་ཟེར་བ་རེད་ཅེས་བརྗོད་པ་ལ་ཐ་སྙད་བརྗོད་པ་ཟེར་ཞིང་། དེའི་ཚེ་ཕ་རོལ་བའི་རྒྱུད་ལ་འདི་ནི་བུམ་པའོ་སྙམ་པའི་རྟོག་པ་ཞིག་སྐྱེས་པ་དེ་ལ་ཐ་སྙད་དུས་ཀྱི་རྟོག་པ་ཟེར་རོ།།
   མདོར་ན།  ངག་གི་བརྡ་ལ་མིང་དང་ཚིག་གི་བརྡ་གཉིས་ཡོད་པས། མིང་ཡིན་ན་བརྡ་ཡིན་ལ། བརྡ་ཡིན་ན་མིང་མིན་པ་མ་ཟད། ཚིག་ཀྱང་མིན་པ་མིག་བརྡ་དང་ལག་བརྡ་ལྟ་བུ་ཡོད་པའི་ཕྱིར་དང་། སྒྲའི་ཐ་སྙད་ལ་མིང་དང་ཚིག་གི་ཐ་སྙད་གཉིས་ཡོད་པས། མིང་ཡིན་ན་ཐ་སྙད་ཡིན་ལ། ཐ་སྙད་ཡིན་ན་མིང་མིན་པ་མ་ཟད། ཚིག་ཀྱང་མིན་པ་བློའི་ཐ་སྙད་ལྟ་བུ་བཞག་ཏུ་ཡོད་པའི་ཕྱིར་དང་། ཡང་བརྡ་དང་ཐ་སྙད་ལའང་ཁྱད་པར་ཡོད་དེ། བརྡ་ནི་ཕ་རོལ་བོར་དོན་གོ་བར་བྱེད་པའི་ངག་གི་སྒྲ་དང་ལུས་ཀྱི་རྣམ་འགྱུར་ཙམ་ཡིན་ལ། ཐ་སྙད་ནི་ཤེས་བརྗོད་འཇུག་གསུམ་ཚང་བའི་བདག་ཉིད་ཅན་ཞིག་ཏུ་གོ་དགོས་པར་གསུངས་སོ།།

          གསུམ་པ། མཇུག་བསྡུ་བའི་གཏམ།
   བརྡ་དང་ཐ་སྙད། མིང་གསུམ་གྱི་གོ་དོན་གཅིག་ཏུ་འཁྲུལ་བའི་རྒྱུ་རྐྱེན་ནི། རང་རེའི་ཁ་སྐད་དུ་གནམ་ནས་ཆར་འབབ་པ་ལ་གནམ་འབབ་ཅེས་དང་། ཞིང་ནང་ནས་ལོ་ཏོག་འབྲེག་པ་ལ་ཞིང་འབྲེག་ཅེས་པ་ལྟ་བུའི་གཏན་ཚིགས་རིག་པའི་དོན་གྱི་ཞིབ་ཆ་མ་ཐོན་པ་ལྟ་བུ་ཡིན་ལ། གོང་དུ་ཁོ་བོས་བརྡ་དང་ཐ་སྙད། མིང་གསུམ་གྱི་གོ་དོན་དང་ཁྱད་པར་བརྗོད་པའི་དམིགས་ཡུལ་ནི། དེང་གི་དཔེ་དེབ་སྣ་ཚོགས་སུ་དེ་དག་ཁྱད་མེད་དུ་བཀོལ་སྤྱོད་བྱེད་བཞིན་ཡོད་པས། གསར་སློབ་ཀྱི་སྐྱེ་བོ་རེ་འགའི་སེམས་སུ་དེ་དག་ནི་དོན་གཅིག་མིང་གི་རྣམ་གྲངས་ཡིན་པར་སྙམ་པའི་ལོག་རྟོག་བཟློག་པའི་ཕྱིར་དང་། ལྷག་པར་དུ་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་མང་པོར། ཐ་སྙད་ནི་མིང་ཚིག་ཙམ་དུ་འགྲེལ་བ་ནི་སྐད་ཆའི་རྣམ་པའམ་སྒྲིག་སྟངས་ལ་གཙིགས་ཆེན་གནང་ནས་དོན་གྱི་འཇུག་ཡུལ་དངོས་ལ་ཐུགས་མཉམ་མ་བཞག་པའི་ཞན་ཆ་ཡོད་པར་སྙམ་པས་ཆེད་དུ་བྲིས་པ་ཡིན་མོད། བོད་ཀྱི་མཁས་པས་བརྩམས་པའི་གཞུང་རྣམས་སུ་ཐ་སྙད་ཀྱི་གོ་དོན་བྱེ་བྲག་ཏུ་བགར་ཏེ་མཚན་ཉིད་འགོད་པ་དང་གོ་དོན་གསལ་བོར་འགྲེལ་བའི་གཞུང་མཐོང་ཆོས་སུ་མ་གྱུར་བས། འདིར་འོལ་ཚོད་ཀྱིས་བྲིས་པ་ལ་མ་བཤད་དང་། ལོག་བཤད། ཉེས་བཤད་གསུམ་གྱི་སྐྱོན་མཚང་གྲོག་ཚང་བརྡོལ་བ་བཞིན་ཡོད་ངེས་ན་གཟུར་གནས་དཔྱོད་ལྡན་དག་གིས་དགོངས་འཆར་ལྷུག་སྩོལ་དང་ནོར་བ་ཡོ་བསྲང་གནང་བར་བཀའ་དྲིན་ཆེ་ཞུ།
 
ཟུར་ལྟའི་དཔྱད་གཞི།
① ②《དག་གཡིག་གསར་བསྒྲིགས།》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1994ལོའི་པར་ཐེངས་གསུམ་པ།        
ཤོག་ངོས323སྟེང་གསལ།
《བརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལ།》རྩོམ་པ་པོ། དཔའ་རིས་སངས་རྒྱས་། 2008ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཤོག་ངོས74སྟེང་གསལ།
《མངོན་བརྗོད་ཉིང་ཐིག་དང་། སྙན་ངག་སྤྱི་དོན་གཅེས་བསྡུས་བཞུགས་སོ།།》གློག་རྡུལ་དཔེ་ཆ། ཤོག་ངོས129སྟེང་ཡོད།
⑤⑨⑩《རྗོད་བྱེད་སྒྲའི་གོ་དོན་ལ་གསར་དུ་བརྟག་པ།》རྩོམ་པ་པོ། ནོར་བུ་རྒྱ་མཚོ། 2003ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཤོག་ངོསP12.P6.P7
《གནས་བརྒྱད་ཆེན་མོ་རྩ་འགྲེལ།》1998ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། 
ཤོག་ངོས 24སྟེང་གསལ།
《བོད་ཀྱི་བརྡ་སྤྲོད་ཀྱི་གནད་དོན་ཁ་ཤས་ལ་དཔྱད་པ་རིག་འཕྲུལ་མེ་ལོང་།》རྩོམ་པ་པོ། ལྕགས་ཐར་རྒྱལ། 2008ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཤོག་ངོས24སྟེང་གསལ།
《བོད་ཀྱི་བརྡ་སྤྲོད་སྤྱི་རྣམ་རིག་འཕྲུལ་སྣང་མཛོད།》རྩོམ་པ་པོ། ལྕགས་ཐར་རྒྱལ། 2000ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།   ཤོག་ངོས99ནས100བར་གསལ།
 
  རྩོམ་པ་པོ་མཚམས་སྦྱོར་མདོར་བསྡུས།
  མགོན་པོ་སྐྱབས། ད་ལྟ་མཚོ་སྔོན་ཞིང་ཆེན་རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་དང་པོ་རུ་དགེ་རྒན་གྱི་བྱ་བ་གཉེར་བཞིན་ཡོད།
   ས་གནས། མཚོ་སྔོན་ཞིང་ཆེན་རྩེ་ཁོག་རྫོང་བདེ་འཇགས་ལམ་སྒོ་རྟགས་ཨང4པ་རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་དང་པོ།  སྦྲགས་སྲིད། 811499
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།