གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་ཀྱི་སྤྱི་སྐད་ཆེན་མོའི་སྒྲ་གདངས་ཀྱི་ཕུགས་བསམ་རྣམ་པ་དང་དོན་དངོས་ལག་ལེན་སྐོར་གླེང་བ།

2013-03-21 12:42:00 རྟ་མགྲིན་སྐྱབས། ཀློག་གྲངས། མཆན ཡོད།

          གླེང་སློང་པ།
  བོད་ཀྱི་སྤྱི་སྐད་ཆེན་མོ་མ་བཤད་གོང་དུ་ཐོག་མར་མི་རིགས་གཞན་པའི་སྐད་ཡིག་དག་ཐེར་དང་གཅིག་གྱུར་བྱས་ཚུལ་ལ་ལྟོས་ན་ངེས་ཤེས་འགའ་རེ་རྙེད་སྲིད་པས། ཐོག་མར་དབྱིན་ཇི་དང་འཇའ་ཕན། རྒྱ་ནག་བཅས་ཀྱི་སྐད་ཡིག་བཅོས་སྒྱུར་སྐོར་གྱི་གནས་ཚུལ་རགས་ཙམ་གླེང་བ་བརྒྱུད་ནས་རང་གིས་སྒྲུབ་འདོད་པའི་བསམ་ཚུལ་འགའ་བཤད་པར་བྱ་སྟེ།
 དབྱིན་སྐད་ནི་ཆེས་ཐོག་མར་གདོད་མའི་དབྱིན་ཇི་ནས་དར་མོད།  ཕྱིས་སུ་གནའ་བོའི་ཨང་གི་ལོ་ས་ཁོ་ཞོན་ཞེས་པའི་མཚོ་ཐོག་མི་རིགས་ཀྱིས་འདུལ་ནས། དབྱིན་སྐད་འདི་ཉིད་ལ་ཏིན་ཡི་གེར་ཕཔའི་མགོ་བརྩམས་པ་རེད། དབྱིན་སྐད་ཁྲོད་དུ་ཆེས་དེང་མ་ནས་སྐད་རིགས་འདྲེས་མའི་རུ་རྩི་བཞག་ཅིང་རྗེས་སུ་སླར་ཡང་ཧྥ་རན་སིའི་རྒྱལ་བོས་དབང་བསྒྱུར་བྱས་ལ། དབྱིན་ཡིག་ཁྲོད་དུ་ཧྥ་རན་སིའི་མིང་ཚིག་གྲངས་མེད་ནང་འདྲེན་བྱས་པ་དང་། ཧྥ་རན་སིའི་ཡི་གེ་ཕལ་ཆེར་སོར་འཇོག་བྱས་པ་མ་ཟད། ཚེག་བརྡར་བྱེད་སྟངས་ཀྱང་ཧྥ་རན་སིའི་ཡི་གེ་དང་འདྲ་མཚུངས་ལྟར་བཞག་ཡོད་དོ། དེ་མིན་དབྱིན་སྐད་ཀྱི་སྒྲ་གདངས་དེ་གདོད་མའི་དབྱིན་སྐད་ནས་འགྱུར་ལྡོག་ཆེན་མོ་བྱུང་བ་དང་། དེང་ཐོག་དབྱངས་ཡིག་རྐྱང་མ་ལས་མེད་ཅིང་། དབྱངས་གསལ་ཡི་གེ་རྣམས་ཀྱིས་སྐད་ཆའི་ཁྲོད་ཀྱི་སྒྲ་གདངས་རྣམས་ཞིབ་འབྲི་བྱས་ཐུབ་མོད། ཕྱིས་སུ་སྐད་གདངས་ལ་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་མོ་བྱུང་སྟེ་མཚམས་སྦྱོར་རང་བཞིན་གྱི་དབྱངས་སྐོར་ཞིག་གསར་དུ་བྱུང་བས། གསལ་བྱེད་ཡི་གེ་ཡིས་སྐད་སྒྲ་མཚོན་མི་ནུས་བར་གྱུར་ལ། དབྱངས་ཅིག་ལ་འབྲི་ཚུལ་ཁ་ཤས་སྤྱད་པ་དང་དབྱངས་མི་འདྲ་བ་ལ་འབྲི་ཚུལ་གཅིག་སྤྱད་པའི་གནས་ཚུལ་བྱུང་བ་རེད།དེ་མིན།དབྱིན་ཇི་ཡི་གེ་འདི་ཉིད་ཁ་སྐད་དང་བསྟུན་ན་ལེགས་པའམ་གནའ་བོའི་ཡིག་རྒྱུན་དེ་ཉིད་རྒྱུན་འཁྱོངས་བྱེད་ན་ལེགས་པའི་སྐོར་ལ་དུས་རབས་ཁ་ཤས་དབར་དུ་མཁས་པ་རྣམས་ཀྱིས་ཐེ་ཚོམ་དང་རྩོད་གླེང་བྱས་པར་སུས་ཀྱང་རྒྱལ་ཁ་མ་ལོན། མཐའ་མར་དབྱིན་ཡིག་འདི་ཉིད་ཁ་སྐད་ལ་མི་འབྱོར་བ་ཞིང་སྲོལ་རྒྱུན་གྱི་ཡིག་སྲོལ་ལ་ཡང་མི་བསྟུན་པའི་ཡི་གེ་ཕུང་གསུམ་པ་ཞིག་ཏུ་གྱུར་བ་རེད། ཉེ་རབས་ལོ་རྒྱུས་སུ་ཐོན་དུས། དབྱིན་ཇིའི་བརྡ་སྤྲོད་རིག་པ་གང་མང་གིས་དབྱིན་སྐད་ཀྱི་སྒྲ་གནས་གསལ་བར་མཚོན་ཆོག་ལ་དག་ཡིག་གི་རྣམ་བཞག་ཧ་ཅང་ཚན་རིག་དང་མཐུན་པ་ཞིག་ཡོང་ཆེད་དུ་འབད་བརྩོན་ལྷོད་མེད་བྱས་མོད། འོན་ཀྱང་། ལོ་རྒྱུས་ཀྱི་ཡིག་རྒྱུན་རྣམས་མ་དག་རྒྱུན་འབྱམས་སུ་སོང་ཞིང་བརྡ་སྤྲོད་རིག་པའི་མཁས་པ་རྣམས་ལ་སྲིད་འཛིན་གྱི་དབང་ཆ་མེད་པ་དང་། མང་ཚོགས་དང་ཤེས་ཡོན་པའི་སྡེ་ནས་དག་ཡིག་གི་རྣམ་བཞག་ཚད་ལྡན་ཞིག་བཅོས་པའི་འདུན་པ་མེད་པས།
དབྱིན་ཡིག་འདི་ཉིད་ཧ་ཅང་རྙོག་འཛིང་གི་གནས་སུ་བབས་སོང་བ་ནི་ད་ལྟ་ང་ཚོའི་མིག་ལམ་དུ་མཐོང་བ་ནང་བཞིན་ནོ། དེང་རབས་དབྱིན་ཡིག་ནི་འཛམ་གླིང་རང་བཞིན་གྱི་སྐད་ཡིག་ཞིག་ཏུ་གྱུར་བས། དག་ཡིག་རྣམ་བཞག་དག་ཐེར་དང་ཚད་ལྡན་ཅན་དུ་བཟོ་བའི་རེ་བ་ནི་ལྷག་པར་ཉག་ཕྲའོ། འོན་ཀྱང་། དབྱིན་ཡིག་དང་དབྱིན་སྐད་འདི་ཉིད། གནའ་བོའི་དུས་ཡོ་རོབ་གླིང་དུ་གོ་གནས་མཐོན་པོ་ཞིག་མེད་པས།  བརྡ་སྤྲོད་ཀྱི་རྣམ་བཞག་བཙུན་མོ་ཞིག་མ་ཆགས་ལ་ཡོ་རོབ་གླིང་གི་རྒྱལ་ཁབ་གཞན་པའི་མིང་ཚིག་གང་མང་གཡར་བས། ཡོ་རོབ་ཀྱི་སྐད་ཡིག་སོ་སོའི་ཁྲོད་ནས་བརྡ་སྤྲོད་ཀྱི་འཆིང་རྒྱ་ཆེན་པོ་མེད་ཅིང་། མི་ཆོས་རིག་གནས་དང་ཚན་རིག་ལག་རྩལ་སྐོར་གྱི་མང་ཚིག་གསར་བ་རྣམས་ཆེས་ཐོག་མར་བེད་སྤྱོད་ཐུབ་པས། དབྱིན་ཇིའི་བཟོ་ལས་གསར་བརྗེ་ལ་བྱས་རྗེས་བླ་མེད་བཞག་ཡོད་དོ། ཕྱིས་སུ། ལོན་ཏུན་གྱི་དབྱིན་སྐད་དེ་ཉིད་སྲིད་འབྱོར་རིག་གསུམ་གྱི་སྟོབས་འབྱོར་ཆེ་བས། སྤྱི་སྐད་དེ་ཉིད་ལོན་ཏུན་སྐད་དུ་གྱུར་མོད། ཨ་རིའི་དཔལ་འབྱོར་ཡར་རྒྱས་འགྲོ་བ་དང་བསྟུན་ནས། སྔར་དབྱིན་སྐད་ཀྱི་ཡུལ་སྐད་དཀྱིལ་མ་ཞིག་ནས་འཛམ་གླིང་རང་བཞིན་གྱི་སྤྱི་སྐད་ཅིག་ཏུ་གྱུར་བ་དང་། དེང་གི་དུས་འདིར་དབྱིན་ཇི་དབྱིན་སྐད་དང་ཨ་རིའི་དབྱིན་སྐད་ཞེས་དབྱིན་སྐད་ཀྱི་སྤྱི་སྐད་ཆེན་མོ་གཉིས་སུ་མཆེད་པ་ནི་དོན་དངོས་སུ་གྱུར་འདུག
   མདོར་ན། སྒྲ་སྦྱོར་ཡི་གེའི་སྒྲ་སྦྱོར་ནུས་པ་ཧ་ཅང་ཉམས་དམས་སུ་འགྲོ་བའི་དུས་སུ། སྤྱི་སྐད་དེའང་ཡུལ་སྐད་ཀྱི་རྗེས་སུ་འགྲོ་བ་ནི་ཆོས་ཉིད་ཡིན་པ་དང་། དུས་རབས་རེ་ལ་རྒྱུགས་ཚད་ཆེ་བའི་ཡུལ་སྐད་རེ་ཡོད་ལ། ཡི་གེ་དེ་ཡང་ཁ་སྐད་ཀྱི་རྗེས་སུ་སྙེག་དགོས་བྱུང་ལ། དུས་རབས་སོ་སོའི་ཡིག་རྒྱུན་ལ་གཅིག་གྱུར་གྱི་བདེན་དབང་མེད་པ་མ་ཟད། ལོ་རྒྱུས་ཀྱི་ཡིག་རྒྱུན་དང་དག་ཡིག་རྣམ་བཞག་རྙིང་བ་རྣམས་མི་དོར་ཐབས་མེད་ཡིན་པ་ནི་དངོས་གནས་ཡིད་ཕངས་པ་ཞིག་རེད་དོ།འཇའ་ཕན་གྱི་ཉི་ཧོང་སྐད་ཀྱི་མཆེད་ཁུངས་ལ་ད་རེག་དབར་མཁས་པ་རྣམས་ཀྱི་བཞེད་ཚུལ་མི་མཐུན་ཡང་། གནའ་བོའི་འཇའ་ཕན་ནི་གླིང་ཕྲན་གཅིག་ལ་རྒྱལ་ཕྲན་བཅུ་ཕྲག་ཡོད་པ་ནི་རྒྱུན་ལྡན་ཡིན་ཞིང་། རྒྱལ་ཕྲན་རེ་ལ་སྐད་ལུགས་རེ་ཡོད་པ་དང་། ཕན་ཚུན་གྱི་མིང་བརྡ་ལ་ཁྱད་པར་ཤིན་ཏུ་ཆེ་བ་ནི་སྨྲས་མ་དགོས་སོ། ཕྱིས་སུ་འཇའ་ཕན་གཅིག་གྱུར་བྱུང་རྗེས། གཅིག་གྱུར་གྱི་ཡི་གེ་མེད་པས་རྒྱ་ཡིག་ཐད་ཀར་ནང་འདྲེན་བྱས་མོད། འཇའ་སྐད་ཀྱི་གནས་ཚུལ་དང་བར་ཐག་ཧ་ཅང་ཆེ་བས། འཇའ་སྐད་ཁྲོད་ཀྱི་མིང་ཚིག་སྐོར་ཞིག་རིམ་བཞིན་ཉམས་ཞན་དུ་སོང་ལ། རྒྱ་ཡིག་གི་མིང་ཚིག་གཡར་མ་གྲངས་མེད་ཅིག་ནང་འདྲེན་བྱས་མོད། དུས་རབས་སོ་སོའི་རྒྱ་ཡིག་གི་སྒྲ་གདངས་མི་འདྲ་བས། འཇའ་ཡིག་ལས་རྒྱ་ཡིག་གི་སྒྲ་གདངས་གཡར་མ་མང་པོ་བྱུང་ལ། གཅིག་གྱུར་གྱི་སྒྲ་གདངས་ཞིག་གཏན་འབེབས་བྱས་མ་ཐུབ། རྒྱ་ཡིག་དེ་ཡང་འཇའ་སྐད་ཞིབ་འབྲི་བྱས་པར་སྐྱོན་ཆ་མི་ཉུང་བ་ཞིག་མཐོང་བས། རྒྱ་ཡིག་འཁྱུག་བྲིས་ལྔ་བཅུ་ཡིས་འཇའ་སྐད་ཀྱི་སྒྲ་གདངས་ཞིབ་འབྲི་བྱས་འགོ་བརྩམས་པ་དང་། འཁྱིག་བྲིས་ལྔ་བཅུས་འཇའ་སྐད་ཁྲོད་ཀྱི་ཕྲད་རྣམས་མཚོན་པར་བྱས་པ་མ་ཟད་རྒྱ་ཡིག་དང་སྦྲགས་མར་སྤྱད་པ་རེད། འོན་ཀྱང་། གནའ་བོའི་དུས་སུ་རྒྱ་ཡིག་ཉེ་བར་བླངས་ཤིང་རྒྱ་ནག་རིག་གནས་ཀྱི་ལེགས་ཆ་གང་མང་སློབ་སྦྱོང་དང་བསྡུ་ལེན་བྱས་པ་དང་། ཉེ་རབས་ལོ་རྒྱུས་སུ་ཡ་གླིང་ནས་ཆེས་ཐོག་མར་ནུབ་ཕྱོགས་རིག་གནས་ནང་འདྲེན་བྱས་པས། འཇའ་ཡིག་ཁྲོད་དུ་དབྱིན་སྐད་ཀྱི་མིང་བརྡ་གྲངས་མེད་ཅིག་ནང་འདྲེན་བྱས་པས་མ་རྩ་རིང་ལུགས་ཅན་གྱི་རྒྱལ་ཁབ་སྟོབས་འབྱོར་ཅན་ཞིག་ཏུ་དར་རྒྱས་ཡོང་བ་བྱས་རྗེས་བཞག་ཡོད་པ་རེད།
  དེང་གི་འཇའ་སྐད་ཀྱི་སྤྱི་སྐད་དེ་ཡང་དབྱིན་ཇི་དང་འདྲ་བར་འཇའ་ཕན་གྱི་རྒྱལ་ས་སྟེ་ཏུང་ཅིན་གྱི་ཁ་སྐད་དེ་སྤྱི་སྐད་དུ་བཞག་མོད། ཡི་གེའི་སྒྲ་གདངས་ལ་ཡུལ་སྐད་ཀྱི་ཁྱད་པར་ཆེན་པོ་མི་འདུག་པས། ཁ་སྐད་ཁྲོད་ཀྱི་ཕྲད་འགའ་ཡི་གེར་མཚོན་པ་དེ་ཙམ་མོ།མདོར་ན། འཇའ་ཡིག་འདི་ཉིད་གནའ་བོའི་འཇའ་སྐད་ཀྱི་བརྡ་སྤྲོད་རིག་པས་ཕྱོགས་སྡོམ་ནན་མོ་བགྱི་བའི་ཚུན་ནས། དག་ཡིག་གི་རྣམ་བཞག་རྒྱུན་འཁྱོངས་བྱེད་པ་ཅུང་ཆ་ཚང་ཞིང་། རྒྱ་ནག་དང་དབྱིན་ཇི་ནས་གཡར་མིང་གང་མང་ཞིག་ནང་འདྲེན་བྱས་རུང་། སྤྱི་སྐད་ཀྱི་ནུས་བ་མ་ཉམས་ལ་དུས་རབས་དང་མཐུན་པའི་བླངས་དོར་དང་ལེགས་བཅོས་བྱས་ཐུབ་པས། འཇའ་ཕན་གྱི་མི་རིགས་འདི་ཉིད་དར་རྒྱས་ཡོང་བར་སྐད་ཡིག་གི་མཐུན་རྐྱེན་ལེགས་པོ་ཞིག་ཐོབ་པ་རེད།རྒྱ་ནག་ཡི་གེ་འདི་ཉིད་ཆེས་ཐོག་མར་འདྲ་གཟུགས་ཡི་གེ་ནས་མཆེད་ཅིང་། གྲལ་རིམ་རང་བཞིན་ཧ་ཅང་ཆེ་ལ། ཡི་གེའི་འབྲི་གཟུགས་རྙོག་འཛིང་ཆེ་བས། ཕྱིས་ཀྱི་གོང་མ་རིམ་བྱོན་གྱིས་རྒྱ་ཡིག་ཡིག་གཟུགས་ཐད་ལ་དག་ཐེར་དང་གཅིག་གྱུར་མཛད་པ་རེད། རྒྱ་ཡིག་གི་སྲོལ་རྒྱུན་གྱི་དག་ཡིག་རིག་པའང་མདོར་ན་ཡིག་གཟུགས་དག་ཐེར་བྱས་པ་ཡིན་ཏེ། རྒྱ་ཡིག་ལ་སྒྲ་སྦྱོར་གྱི་བྱེད་ནུས་མི་ལྡན་ལ། ཐད་ཀར་ཁ་སྐད་ཀྱི་སྒྲ་གདངས་ཞིབ་འབྲི་བྱས་ཐབས་བྲལ་བས། སྒྲ་གདངས་ཕྱོགས་མཚུངས་ཀྱི་ཡི་གེ་རྣམས་ཕན་ཚུན་གཡར་སྤྱོད་བྱས་པས། ལོ་རྒྱུས་སྟེང་དུ་རྒྱ་ཡིག་ལ་གཅིག་གྱུར་གྱི་སྒྲ་ཀློག་སྲོལ་རྒྱུན་ཞིག་ཆགས་མེད་ལ།སྒྲ་གདངས་ཐད་དུ་སྲོལ་རྒྱུན་གྱི་སྒྲ་ཀློག་རྩ་དོན་ནམ་དག་ཡིགརྣམ་བཞག་རྒྱུན་འཁྱོངས་བྱེད་པའི་དགོས་པ་མི་འདུག་པས་སྲིད་འབྱོར་རིག་གསུམ་གྱི་སྟོབས་འབྱོར་ལྡན་པའི་རྒྱལ་སའི་ཁ་སྐད་ཀྱི་སྒྲ་གདངས་དེ་ནམ་ཡང་སྤྱི་སྐད་དག་མ་ཡིན་ནོ། གཞན་ཡང་རྒྱ་ཡིག་ལ་གནའ་བོའི་དུས་ནས་བརྡ་སྤྲོད་ཀྱི་རྣམ་བཞག་ཆ་ཚང་ཞིག་མེད་པས། དུས་རབས་སོ་སོའི་ཁ་སྐད་ཀྱི་སྒྲ་གདངས་ལ་བསྟུན་ཆོག་རུང་།  ཡི་གེའི་ཡིག་རྒྱུན་སྐྱུར་མི་ཆོག་པས་ཁ་སྐད་ཀྱི་མིང་ཚིག་བསྡུ་ལེན་མི་བྱེད་པས་དུས་ཡུན་རིང་པོ་སོང་ཙ་ན་ཁ་སྐད་དང་ཡིག་སྐད་གཉིས་ཀྱི་བར་ཐག་ཇེ་ཆེར་སོང་སྟེ། ཡིག་སྐད་ལ་ཆེད་སྦྱོང་མ་བྱེད་ན་ཡི་གེ་འབྲི་མི་ཤེས་པའི་གནས་སུ་ལྷུང་བ་རེད།
    ཉེ་རབས་ལོ་རྒྱུས་སུ། རྒྱའི་མཁས་པ་རྣམ་པས་ཡིག་སྐད་དེ་ཉིད་ཁ་སྐད་དང་བསྟུན་དགོས་པའི་བླངས་བྱ་བཏོན་ནས། དབྱིན་ཡིག་དང་འཇའ་ཡིག་སོགས་ནས་ཁ་སྐད་ཀྱི་ཁྱད་ཆོས་མཚོན་པའི་རྐྱེན་གྱི་ཡི་གེ་དང་ལེན་བྱས་པ་དང་། ཁ་སྐད་དང་ཡིག་སྐད་གཉིས་ཀ་རུང་བའི་མིང་ཚིག་འབོར་ཆེན་གཏན་འབེབས་བྱས་པས་སྐད་ཡིག་གཉིས་ལ་ཐ་དད་མེད་པའི་གནས་སུ་སོན་པ་དང་། བཅིངས་འགྲོལ་བྱས་ཚུན་ནས་རྒྱལ་སའི་ཁ་སྐད་དེ་སྤྱི་སྐད་ཀྱི་སྒྲ་གདངས་ཚད་གཞིར་བླངས་པ་རེད།
    མདོར་ན། གནའ་བོའི་རྒྱ་ཡིག་གིས་དག་ཡིག་གི་ལོ་རྒྱུས་རྩ་དོན་རྒྱུན་འཁྱོངས་བྱས་པ་བཟང་མོད། རྒྱ་ཡིག་གི་དག་ཡིག་རྣམ་བཞག་ལ་རྒྱུན་འཛིན་ལས་ལེགས་བཅོས་མ་བྱས་པའི་རྐྱེན་གྱིས་དེང་གི་རྒྱ་ཡིག་འདི་ཉིད་ཧ་ཅང་སྦྱོང་དཀའ་བའི་གནས་སུ་གྱར་བ་དང་། ཡི་གེས་སྒྲ་གདངས་ཞིབ་འབྲི་བྱས་པའི་ནུས་པ་མེད་པས། རྒྱ་ཡིག་དེའང་ལོ་རྒྱུས་ཀྱི་དུས་ཡུན་ཆེས་རིང་བ་དང་། རིག་གནས་ཀྱི་ཤུལ་བཞག་ཆེས་མང་བ་ཞིག་ཏུ་གྱུར་བ་ནི་ལོ་རྒྱུས་ཀྱི་ཆོས་ཉིད་དུ་འཁུམས་ཆོག
    དེ་བས། སྐད་ཡིག་གི་སྤྱི་བཏང་ཆོས་ཉིད་ཅིག་ཕྱོགས་སྡོམ་བྱས་ཁུལ་བྱས་ན། ཐོག་མར་ཡི་གེ་འདི་ཉིད་ཚན་རིག་ལྡན་པའི་སྒོ་ནས་སྐད་ཆ་འདི་ཉིད་ཞིབ་འབྲི་བྱས་ཐུབ་དགོས། གཉིས་ནས་ཁ་སྐད་ཅིག་ལས་མ་ཟད་པའི་སྐད་རིགས་ཅིག་གི་བརྡ་སྤྲོད་རྣམ་བཞག་དང་དག་ཡིག་རྣམ་བཞག་རྣམ་བཞག་ཆ་ཚང་ཞིག་ཡོད་དགོས། གསུམ་ནས་ལོ་རྒྱུས་ཀྱི་འཕོ་འགྱུར་ཁྲོད་དུ། སྔར་ཡོད་ཀྱི་ཡིག་རྒྱུན་འདི་རྣམས་ཅུང་ཆ་ཚང་བའི་སྒོ་ནས་རྒྱུན་འཛིན་དང་དང་ལེན་བྱེད་དགོས། དཔེར་ན་རྒྱ་ཡིག་དང་འཇའ་ཡིག་ལྟ་བུ། བཞི་ན་ཁ་སྐད་ཀྱི་འགྱུར་བ་ཚ་དྲག་དུས། སྲོལ་རྒྱུན་གྱི་དག་ཡིག་རྣམ་བཞག་ལ་འོས་འཚམ་གྱི་ལེགས་བཅོས་བྱེད་དགོས། དཔེར་ན་རྒྱ་ཡིག་དང་འཇའ་ཡིག་ལྟ་བུ། ལྔ་ན་ཡིག་སྐད་ཁྲོད་དུ་ཁ་སྐད་ཀྱི་བརྡ་སྤྲོད་ཁྱད་ཆོས་དང་ཀློག་འདོན་ཁྱད་ཆོས་བསྡུ་ལེན་བྱས་ནས་སྐད་ཡིག་དབྱེ་མེད་ཀྱི་གནས་སུ་ཐོན་དགོས། དྲུག་ན་སྤྱི་སྐད་ཀྱི་གཏན་འབེབས་ལ་སྲིད་འབྱོར་རིག་གསུམ་གྱིས་ཆུ་ཚད་མཐོ་བའི་སྤྱི་ཚོགས་རྣམ་པས་རྒྱབ་སྐྱོར་བྱེད་དགོས།
  དེའང་མདོར་ན་མི་རིགས་ཅིག་གི་ནང་ཁུལ་དུ་ཧ་ཅང་ཚགས་དམ་པའི་ཐུན་མོང་གི་ཚོང་ར་ཆེན་མོ་ཞིག་ཆགས་རྒྱུའོ། བདུན་ན་སྐད་བརྡ་ཞིབ་འཇུག་དང་བརྡ་སྤྲོད་ཞིབ་འཇུག་གི་རིག་གཞུང་རྨང་གཞི་ཡོད་དགོས། རྟག་པར་ལོ་རྒྱུས་ཀྱི་རྩ་དོན་ལ་ཁ་གཡར་ནས་གནའ་བོའི་ཡིག་རྒྱུན་གྱིས་ཁ་སྐད་ཀྱི་ཚབ་བྱེད་མི་ཆོག་གོ བརྒྱད་ན་མི་རིགས་ཕན་ཚུན་དབར་དུ་མིང་ཚིག་གཡར་བསྐྱི་བྱས་པ་ནི་རིག་གནས་བརྗེ་རེས་བྱས་པའི་ཐོག་མའི་རྣམ་པ་ཡིན་ཏེ། སྒྲ་བསྒྱུར་གྱི་རྣམ་པ་ནི་ཆེས་སྤྱི་བཏང་ཡིན་ཞིང་། རང་མི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་བསྟུན་ནས་སྒྲ་བསྒྱུར་གྱི་གཡར་ཚིག་རྣམས་རང་བཞིན་དུ་རང་སྐད་ཀྱི་མིང་བརྡ་རུ་གྱུར་འགྲོ དེ་ལས་ལོ་ཙཱའི་བྱ་བཞག་ནི་ཧ་ཅང་གནད་འགག་ཡིན་ཏེ། མིང་ཚིག་གཡར་མ་ཤེས་ན་རང་གི་སྐད་ཡིག་བརླག་པའི་ཉེན་ཁ་ཡོད་དོ། དགུ་ན་སྐད་ཡིག་ཁྱབ་བརྡལ་དང་སྤྱི་སྐད་ཞིབ་འཇུག་གི་ལས་གཞི་ནི་དུས་ཡུན་རིང་བོའི་
ལས་གྲྭ་ཞིག་ཡིན་པས། མི་སོ་སོའི་སེམས་ལ་ཟུག་ཅིང་ལག་ལ་འབེབ་དགོས།
    མདོར་ན་སྤྱི་སྐད་ཆེན་མོའི་བཟོ་བཀོད་ཁྲོད་དུ་ཁ་སྐད་ཀྱི་རྩ་དོན་དང་ཡིག་རྒྱུན་གྱི་རྩ་དོན་གཉིས་ནི་རྟག་པར་འགལ་བ་ལྟག་སྤྲོད་དུ་སོང་བས། དེ་གཉིས་ཀྱི་འབྲེལ་བ་ཐག་གཅོད་ལེགས་པོ་ཞིག་ཡོང་རྒྱུ་ནི་ཧ་
ཅང་དཀའ་མོ་ཞིག་རེད།
     དང་པོ།སྤྱི་སྐད་ཆེན་མོ་ནི་མི་རིགས་འདིའི་ཁ་ཡིས་བཤད་ཅིང་རྣ་ཡིས་ཉན་པའི་སྒྲ་གདངས་གོམས་གཤིས་དེ་དག་གཅིག་གྱུར་ཡོང་རྒྱུ་དེ་རེད།  དེ་བས་སྤྱི་སྐད་ཆེན་མོ་ནི་བོད་ཀྱི་ཡུལ་སྐད་ཀུན་གྱི་སྒྲ་གདངས་གོམས་གཤིས་ལས་མཐུན་པའི་ཆ་རྣམས་ཕྱོགས་སྡོམ་དང་དར་སྤེལ་བྱེད་རྒྱུ་ཡིན་པ་དང་། མི་མཐུན་པའི་ཆ་རྣམས་བཏང་སྙོམས་དང་སོར་འཇོག་བྱེད་པ། ཕན་ཚུན་འགལ་བའི་ཆ་རྣམས་ཉམས་ཞན་དུ་གཏོང་རྒྱུ་དེ་རེད།བོད་ཀྱི་སྤྱི་སྐད་སྐོར་ལ་དཔྱད་པ་གང་མང་ཡོད་ལ། དེ་ལས་ཕལ་ཆེར་ཞིག་བོད་ལ་སྤྱི་སྐད་ཅིག་མཁོ་རབ་མཁོ་ཚུལ་གྱི་དགོས་པ་དང་སྤྱི་སྐད་དེ་ཉིད་ཇི་ལྟར་ལག་བསྟར་བྱ་རྒྱུ་སྐོར་ལ་ཐོགས་ཡོད་པས། ཕྲན་གྱི་བསམ་ཚུལ་ནི་སྤྱི་སྐད་ཅིག་དགོས་པ་ནི་གཞིར་བཞག་ཡིན་པ་དང་། ཇི་ལྟ་བུའི་སྤྱི་སྐད་ཅིག་དགོས་པ་ནི་གནད་དམ་པ་ཡིན་
པར་སྙམ།
     དེ་ལ་འགའ་རེས་སྲོལ་རྒྱུན་ཡིག་སྐད་དང་བསྟུན་དགོས་ཟེར། དེ་ལ་སྲོལ་རྒྱུན་ཡིག་སྐད་དེ་ནི་བོད་རྒྱལ་སྲོང་བཙན་གྱི་སྔོན་ལ་གོ་དགོས་སམ། ཡང་ན་ས་སྐྱ་བའི་སྔོན་ལ་གཏུགས་དགོས་སམ། ཡང་ན་ཨ་མདོའི་འབྲོག་སྐད་ལ་གཏུགས་དགོས། སྲོལ་རྒྱུན་ཡིག་སྐད་ནི་བསྟན་དོན་ཧ་ཅང་ཁྱབ་ཆེ་བའི་མཚན་ཉིད་ཅིག་ཡིན་ལ། གལ་ཏེ་སྲོལ་རྒྱུན་ཡིག་སྐད་ནི་ད་རེག་བར་ཡིག་ཐོག་ཏུ་སྤྱོད་བཞིན་པའི་སྐད་ཆ་འདི་ཉིད་ཡིན་ཟེར་ན། བཙན་པོའི་རྒྱལ་རབས་མཇུག་རྫོགས་པའི་ཚུན་ནས་ཡིག་སྐད་འདི་ཉིད་ཁ་སྐད་དུ་དོན་འཁྱོལ་བྱེད་མ་མྱོང་ལ། བཙན་པོའི་རྒྱལ་རབས་ཀྱི་སྐབས་སུའང་ཕྲད་སྦྱོར་གྱི་རྣམ་བཞག་འདི་འདྲའི་ཞིབ་ཚགས་ཅིག་བཤད་མ་མྱོང་བ་ནི་ལོ་རྒྱུས་ཀྱི་ཡིག་ཚགས་སུ་གསལ་བས་བསམ་འཆར་འདི་རིགས་ཀྱིས་སྤྱི་སྐད་ཆེན་པོའི་གནད་ཐོག་ལ་མ་བབས་ཏེ། སྤྱི་སྐད་ཆེན་མོ་ནི་བོད་པ་ཡོངས་ཀྱི་བོད་ཡིག་སྒྲ་གདངས་ཀློག་ཚུལ་གཅིག་གྱུར་བྱེད་རྒྱུ་ནི་གནད་དོན་གྱི་རྩ་བ་ཡིན་ནོ།།
   དེ་ན་སྲོལ་རྒྱུན་གྱི་ཡིག་སྐད་ཀྱི་སྒྲ་ཀློག་རྣམ་བཞག་དེ་དེང་གི་ཁ་སྐད་ཁྲོད་དུ་བརྒྱ་ཆ་བརྒྱ་ཡིས་མ་ཉམས་སོར་འཇོག་བྱེད་པ་གཅིག་ཀྱང་མེད་ལ། གནའ་བོའི་སྒྲ་ཚོམ་ཅན་གྱི་ཀློག་རྣམས་དེང་གི་ཡུལ་སྐད་རྒྱུགས་ཆེན་ཁྲོད་དུ་སྔ་མོ་ནས་ཡོངས་སུ་སྒྲ་ཚིགས་ཅན་གྱི་ཀློག་ཏུ་གྱུར་ཟིན་པས། གནའ་བོའི་ཀློག་རྣམས་སོར་འཇོག་བྱེད་རྒྱུ་ལོ་རྒྱུས་ཀྱི་འཕོ་འགྱུར་མཐའ་དག་ཕྱིར་ལྡོག་པར་སྙམ་པའི་སྟོང་བསམ་ཁོ་ན་ཡིན། དེང་རབས་བོད་སྐད་ཀྱི་ལས་གནའ་བོའི་ཀློག་གི་མགོ་འཕུལ་འདོགས་རྟེན་རྣམས་ཚད་མི་མཐུན་པའི་ཉམས་ཞན་དང་ཟུར་ཆག་བྱུང་བ་དང་། ཡུལ་སྐད་ཁ་ཤས་སུ་ལུས་ཡོད་པའི་སྒྲ་ཟུར་དེ་དག་ཀྱང་གནའ་བོའི་ཀློག་རྣལ་མ་མིན་ཏེ། སྒྲ་ཟུར་གྱི་སྒྲ་རྒྱུ་ཉམས་པའི་ཤུལ་དུ་སྒྲ་རླུང་དང་སྒྲ་དབྱིབས་རེ་ཡོད་པ་དེ་ཙམ་ཡིན་པ་རེད། སྤྱི་སྐད་འདི་ཉིད་སྒྲ་གདངས་གཅིག་གྱུར་ལ་རེག་ལས་མོད། གནའ་བོའི་ཡིག་སྐད་ཀྱི་ཀློག་རྣལ་མ་ཕྱོགས་ཡོངས་ནས་ཉམས་ཚར་བའི་དེང་དུས་ལ་མཚོན་ན། འདས་ཟིན་པའི་ལོ་རྒྱུས་ཀྱིས་རང་ཅག་ལ་སྤྱི་སྐད་ཅིག་གནང་དཀའ་བས། ད་ཡོད་ཀྱི་ཡུལ་སྐད་སོ་སོའི་ཀློག་ལ་བསྡུར་བ་དང་། དེ་དག་ལས་ཐུན་མོང་གི་ཆ་རྣམས་དང་ལེན་དང་།  ཐ་དད་པའི་ཆ་ལ་བླངས་དོར་བྱས་རྒྱུ་ནི་སྨྲས་མ་དགོས་སོ།
   དེ་མིན་ཡུལ་སྐད་སོ་སོ་ལས་གནའ་བོའི་སྐད་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་སྒྲ་ཟུར་རྣམས་ཡུལ་སྐད་སྤྱི་ལ་མཚོན་ལ་དར་ཁྱབ་མིན་པས་རིམ་བཞིན་བཏང་སྙོམས་དང་ཉམས་ཞན་དུ་གཏོང་རྒྱུ་ནི་ལོ་རྒྱུས་ཀྱི་ཆོས་ཉིད་ཡིན་ནོ། །
   མདོར་ན་སྤྱི་སྐད་འདི་ཉིད་ད་ཡོད་བོད་པ་སྤྱི་ཡི་ཁ་དང་རྣ་ལ་ཨོ་བརྒྱལ་གཏོད་དགོས་པས། ཚང་མའི་ཁ་ལ་ལེན་བདེ་ཞིང་རྣ་བས་དབྱེ་ཐུབ་པའི་ཚད་དུ་ཐོན་རྒྱུ་ནི་མཐར་ཐུག་གི་དམིགས་ཡུལ་དང་དངོས་ཡོད་ཀྱི་བླངས་བྱ་ཡིན་མོད། སུམ་རྟགས་ཀྱི་ཕྲད་རྣམས་ཁ་སྐད་ལ་མ་བླངས་ན་མགོ་ན་བའི་ལོ་རྒྱུས་རྒན་པོ་རྣམས་ཀྱིས་དེ་མིན་གྱི་སྤྱི་སྐད་ཅིག་རྙེད་ཅིང་གདོན་མི་ཟའོ།
   གཉིས་པ།  སྤྱི་སྐད་ཆེན་མོ་ནི་སྔ་ན་མེད་པའི་ཡིག་སྲོལ་དང་སྐད་སྲོལ་སོགས་ཀྱི་རྣམ་བཞག་གསར་བ་འགའ་རེ་གསོ་སྐྱོང་བྱེད་པའི་ལོ་རྒྱུས་ལས་འགུལ་ཞིག་ཡིན་པས། ཁ་སྐད་ལ་ཡིག་སྐད་ཀྱིས་དག་ཆ་འབྱིན་དགོས་པ་དང་། ཡིག་སྐད་ཁྲོད་ཁ་སྐད་ཀྱི་གྲུབ་ཆ་མང་པོ་སྡུད་ལེན་བྱེད་དགོས་སོ།
    དེང་གི་བོད་ཡིག་ཁྲོད་དུ། སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་ནས། ཆོས་ལུགས་མ་ཡིན་པའི་སྤྱི་ཚོགས་ཚན་རིག་དང་། རང་བྱུང་ཚན་རིག་སྐོར་གྱི་མིང་བརྡ་གང་མང་གསར་དུ་བྱུང་བཞིན་ཡོད་ཀྱང་། སྤྱི་ཚོགས་ཀྱི་འཕེལ་རྒྱས་ཆུ་ཚད་དམན་པ་དང་། ཆབ་སྲིད་ཀྱི་ངེས་དོན་ལག་ལེན་ཉུང་ཞིང་། ཚོང་ལས་ཀྱི་ཁྲོམ་ར་གཞི་ཁྱོན་ཆེན་པོ་མེད་པ་མ་ཟད། ཞིང་འབྲོག་གི་དཔལ་འབྱོར་རྣམ་པ་ལ་རྩ་བའི་སྟེང་ནས་འགྱུར་ལྡོག་མ་བྱུང་བས། གསར་བྱུང་གི་མིང་བརྡ་ཐམས་ཅད་སློབ་མའི་སློབ་དེབ་ཏུ་འཇོག་པ་ཙམ་ལས་
སྤྱི་ཚོགས་བྱེད་སྒོའི་ནང་དུ་རྒྱ་ཁྱབ་དུ་མ་དར་བས། མང་ཚོགས་ཀྱི་སྐད་བརྡ་ཁྲོད་དུ་རྒྱ་སྐད་ཀྱི་ཤན་ཆེན་པོ་ཞུགས་པ་དང་། སྔར་གྱི་གཏམ་དཔེ་དང་ཁ་མཚར་བཤད་པ་སོགས་ཀྱི་ཁ་སྐད་སྒྱུ་རྩལ་རྣམས་ཀྱང་རིམ་བཞིན་ཉམས་དམས་སུ་མཆིས་བཞིན་པ་དང་། དེང་གི་སྤྱི་ཚོགས་འགྲོ་ལུགས་དང་འཚམ་པའི་སྐད་ཆའི་སྒྱུ་རྩལ་ཆགས་བཞིན་པའི་སྒང་ཡིན་ལ། གསར་བྱུང་གི་སྤྱི་ཚོགས་སྣང་ཚུལ་དང་དུས་རབས་དང་མཐུན་པའི་སྐད་ཆ་བཤད་ལུགས་འཐུས་ཚང་ཞིང་གྱ་ནོམ་པ་དར་མ་ཐུབ་པས། བོད་ཀྱི་ཁ་སྐད་གཅིག་གྱུར་མིན་པ་མ་ཟད། སྤྱི་ཚོགས་བྱ་དངོས་སམ་སྣང་ཚུལ་རིགས་འདྲ་ལ་སྐད་ཆའི་བརྗོད་ལུགས་ཀྱང་རང་རང་སོ་སོའི་ཕྱོགས་ནས་བཤད་ཚུལ་རེ་ཡོད་པས། ཆབ་སྲིད་རང་བཞིན་གྱི་གསར་འགྱུར་མ་གཏོགས། འཚོ་བ་ལ་ཁ་ཕྱོགས་པའི་བརྗོད་བྱེད་ཚིག་སྦྱོར་ཡང་ཆོལ་གསུམ་སྐད་དུ་སོ་སོར་གྱུར་འདུག དེ་ལ་དཔེ་འཇོག་ཅིག་ཡོད་པ་ནི་རྒྱ་ཡིག་གི་གཏམ་དཔེ་ཡིན་ཏེ། རྒྱ་ཡིག་གི་ཡིག་ཐོག་གཏམ་དཔེ་ལ་རབ་བྱེད་གཏམ་རྒྱུད་དང་། མཁས་པའི་གདམས་ངག སྙན་ངག་སྙན་ཚིག(རྦེཁྭུ)་སོགས་མང་པོ་ཡོད་རུང་། བཅིངས་འགྲོལ་བྱས་ཚུན་ནས་གཏམ་དཔེ་དེ་དག་རྒྱུན་ལྡན་གྱི་ཁ་སྐད་དུ་དར་ཁྱབ་ཆེན་པོ་མ་བྱུང་ལ། ཡིག་འབྲུ་བཞི་ཅན་གྱི་ཡིག་སྐད་གཏམ་དཔེ་རྣམས་རིམ་བཞིན་མི་རྣམས་ཀྱི་ཁ་སྐད་དུ་རྒྱུན་འབྱམས་སུ་སོང་བ་རེད། གཞན་ཡང་ཁ་སྐད་དུ་ཡོད་པའི་ཁ་མཚར་གཏམ་དཔེ་སོགས་རིམ་བཞིན་སྤྱི་དམངས་ཡོངས་ཀྱི་སློབ་གསོའི་བྱང་ཚད་མཐོ་རུ་སོང་བ་དང་བསྟུན་ནས་ཇེ་ཉུང་དུ་སོང་བ་རེད། དེ་ལས་ང་ཚོས་ཤེས་ཐུབ་པ་ནི་སྔར་ཡོད་ཀྱི་ཡིག་སྐད་རྣམ་པའི་རྗོད་བྱེད་དག་ཚིག་ཐུང་ལ་དོན་བསྡུས་མོད། འོན་ཀྱང་ཁ་སྐད་ཁྲོད་དུ་ཁ་བརྡ་ཡི་རིན་ཐང་ཆེས་ཆེར་མེད་པས་མང་ཚོགས་ཀྱི་ཁྲོད་དུ་ཁྱབ་བརྡལ་དུ་མ་སོང་ཞིང་། སྲོལ་རྒྱུན་ཁ་སྐད་ཁྲོད་ཀྱི་ཁ་མཚར་གཏམ་དཔེ་ཡང་དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས་བརྗོད་པ་མང་ཡང་ནང་དོན་ཉུང་བའི་སྐྱོན་ཆ་མཐོང་བ་དང་། ཆེས་མཐའ་མར་ཡིག་འབྲི་བཞི་ཅན་གྱི་ཡིག་སྐད་གཏམ་དཔེ་དེ་རིགས་སྐད་ཆ་ཐུང་ཡང་ནང་དོན་ཟབ་ལ། བརྗོད་པར་སླ་ཞིང་ཡོན་ཏན་མང་པས་ཆེས་ཆེར་དར་ཁྱབ་བྱུང་པ་རེད། དེ་ལ་དཔེ་ཞིག་བཞག་ན། སྲོལ་རྒྱུན་ཁ་སྐད་ཁྲོད་ཀྱི་ཁ་མཚར་རིང་བཞིན་
གྱི་གཏམ་དཔེ་དག་ནི་མེ་སྒྱོགས་ལྟ་བུ་ཡིན་ཏེ། སྐད་ཆའི་རྣོ་ངར་ཡང་ལྗིད་རྫོབ་ཆེ་བ་དང་། ཡིག་སྐད་རང་བཞིན་གྱི་གཏམ་དཔེ་ནི་སྐད་ཆའི་འཕང་མཐོ་ཡང་འབེན་ན་འཕག་དཀའ་བ་དང་།  ཡིག་འབྲུ་བཞི་ཡི་ཡིག་སྐད་གཏམ་དཔེ་ནི་མེ་མདའ་ལག་ཐོགས་མ་ལྟ་བུ་ཡིན་ཏེ། ལག་ལ་བཀོལ་བདེ་ཞིང་། ལུས་ལ་ཁྱེར་སླ་བ་དང་། ཚིག་གི་རྣོ་ངར་ལ་ཕན་ཚུན་གོ་བདེ་བས་སྐད་ཆའི་མཚོན་ཆ་ཁྲོད་དུ་ཆེས་རྒྱུན་སྤྱོད་ཀྱི་ལག་ཆ་ཞིག་ཏུ་གྱུར་བ་རེད།
    དེ་ན་ཐོག་མར་སྐད་ཆའི་བརྗོད་སྟངས་གཅིག་གྱུར་བྱུང་ན། ད་གཟོད་སྒྲ་གདངས་གཅིག་གྱུར་གྱི་རྨང་གཞི་ཡོད་ལ། སྒྲ་གདངས་གཅིག་གྱུར་གྱི་སྤྱི་ཚོགས་བླངས་བྱ་ཡོད་འགྲོ་བས། ཡུལ་ཕྱོགས་གཅིག་གི་ལྟ་བ་མི་འཛིན་པར། ཡུལ་ལུང་སོ་སོའི་བརྗོད་ལུགས་ཐམས་ཅད་ཕན་ཚུན་རྒྱུས་ལོན་དང་འབྲེལ་འདྲིས་བྱེད་དགོས་ཤིང་། ཁ་སྐད་ཁྲོད་ཀྱི་མིང་བརྡ་ཕན་ཚུན་བརྗེ་རེས་བྱས་ན་རང་བཞིན་དུ་ཅུང་ཙམ་གཅིག་གྱུར་ཅན་གྱི་བརྗོད་ལུགས་དང་རྗོད་བྱེད་ཚིག་སྦྱོར་ཐོན་ཐུབ་པ་དང་། ཁ་སྐད་སོ་སོ་ནས་མང་ཚོགས་ཀུན་གྱིས་གོ་སླ་ཤིང་སྤྱོད་པར་འདོད་པའི་མིང་བརྡ་རྒྱུགས་ཆེ་རྣམས་རེ་རེ་བཞིན་ཡིག་སྐད་ཀྱི་ཁྲོད་དུ་བསྡུ་ལེན་དང་དག་སྒྲིག་བྱ་རྒྱུ་ནི་སྤྱི་སྐད་ཆེན་མོ་ཆགས་པའི་སྐད་ཆའི་རྨང་གཞི་ཡིན་པ་དང་། ཁ་སྐད་དང་ཡིག་སྐད་ཕན་ཚུན་སྐུལ་འདེད་དང་
ལག་ལེན་དུ་འདེབ་པའི་སྤྱི་ཚོགས་སྒུལ་ཤུགས་ཡིན་པ་རེད།
    དེ་བས། ཁ་སྐད་ཀྱི་ལག་ལེན་ལ་སྐུལ་འདེད་དང་རྒྱབ་སྐྱོར་བྱེད་རྒྱུ་ནི་རྩ་བ་ཡིན་ཞིང་། ཁ་སྐད་ཀྱི་ལས་ལ་འཇུག་པའི་ལས་དོན་ཐམས་ཅད་ཡིག་སྐད་ཁ་ཐོར་དུ་གཏོང་པའི་ལས་ལ་འཛིན་མི་རུང་སྟེ། ཁ་སྐད་ཀྱི་ལག་ལེན་ཇི་ཙམ་དར་སྤེལ་བྱུང་ན་ཡིག་སྐད་ཀྱི་བེད་སྤྱོད་ལ་དེ་ཙམ་གྱི་རྒྱབ་སྐྱོར་བྱས་པ་དང་། སླར་ཡང་ཡིག་སྐད་ཀྱི་བྱེད་ནུས་དང་རིན་ཐང་མི་ཉུང་བ་ཁ་སྐད་དུ་ནང་འདྲེན་བྱས་ཐུབ་སྟེ། སྲོལ་རྒྱུན་བརྡ་སྤྲོད་ལྟ་བུར་ཁ་སྐད་དང་ཡིག་སྐད་ཕན་ཚུན་འགྲོ་འོང་དང་སྐུལ་འདེད་མེད་པའི་རྣམ་པ་ཡོ་བསྲིང་བྱས་ཐུབ་བོ།
    གསུམ་པ།  སྤྱི་སྐད་ཆེན་མོ་ནི་དེང་གི་འཛམ་གླིང་ཕལ་མོའི་ལུགས་ལྟར་ཡིག་སྐད་དང་ཁ་སྐད་གཅིག་གྱུར་དང་ཕན་ཚུན་རྟེན་འབྱུང་དུ་བྱེད་རྒྱུ་དེ་རེད། དེ་བས་སྲོལ་རྒྱུན་གྱི་བརྡ་སྤྲོད་ལ་ལེགས་བཅོས་བྱ་རྒྱུ་ནི་སྨྲས་མ་དགོས་ཤིང་། ལེགས་བཅོས་མེད་པར་སྔོན་ཐོན་དུ་འགྲོ་བའི་རེ་བ་མེད་ལ། ལེགས་བཅོས་ཀྱི་བརྒྱུད་རིམ་ཁྲོད་དུ་སྲོལ་རྒྱུན་གྱི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས།
  དེང་གི་རྒྱ་ནག་མཁས་པ་ལི་ཨོ་ཡིས་བོད་བཅིངས་འགྲོལ་མ་བྱེད་གོང་གི་སློབ་གསོ་གནས་ཚུལ་གླེང་པའི་དུས་སུ། བོད་མི་བརྒྱ་ཆ་དགུ་བཅུ་ལྷག་ནི་ཡིག་རྨོངས་ཡིན་ཅེས་གསུངས་འདུག བཤད་ཚུལ་འདི་ནི་བོད་ཡིག་གི་གནས་ཚུལ་ཧ་མ་གོ་བའི་སྐྱོན་ཡིན་པར་སྙམ་ཏེ། བོད་ཡིག་ནི་སྒྲ་སྦྱོར་ཅན་གྱི་ཡི་གེ་ཡིན་རུང་། ཡི་གེའི་དག་ཆ་ལོན་རྒྱུ་ནི་ཧ་ཅང་དཀའ་མོ་ཡིན་ལ། ལོ་རྒྱུས་ཀྱི་འཕེལ་འགྱུར་ཁྲོད་དུ། ཡི་གེ་སྐོར་ཞིག་གི་སྒྲ་གནས་ནུས་བ་ཁ་སྐད་ཁྲོད་དུ་གཏན་ནས་ཉམས་ཟིན་པས། དག་ཡིག་མ་སྦྱངས་པའི་ཕ་ཡུལ་གྱི་ཡུལ་མི་རང་ག་བ་ཞིག་ལ་མཚོན་ན། མི་ཎི་འདོན་པ་དང་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་དུ་བོད་ཡིག་ཚེག་བརྡར་ཐན་ཐུན་རེ་སྦྱངས་ཡོད་རུང་། གཅིག་ན་ཡིག་གཟུགས་མི་ལེགས་པ་དང་། གཉིས་ན་དག་ཆ་མི་ཐོན་པ། གསུམ་ན་ཡིག་སྐད་ཀྱི་བརྡ་སྤྲོད་ཧ་ཅང་ཞིབ་ཚགས་ལ་རྙོག་འཛིང་ཆེ་བས། ཡུལ་མི་ཕལ་ཆེར་ཞིག་གིས་བོད་ཡིག་ཤེས་ཅེས་བཤད་དབང་མི་ཆོད་པ་ལ་ཐུག་པ་རེད། མདོར་ན་སྔོན་ཆད་བོད་པ་ཕལ་ཆེར་ཞིག་གིས་བོད་ཡིག་མ་ཤེས་པ་མིན་ཏེ། བོད་ཡིག་དག་མོ་ཚད་ལྡན་ཞིག་སྦྱངས་པའི་བསྐལ་བ་མེད་པས་རེད། འོན་ཀྱང་། ཡུལ་མིས་མང་པོ་ཞིག་གིས་བོད་ཡིག་ཚེག་བརྡར་ཤེས་ཡང་། ཕྲད་ཀྱི་སྦྱོར་བ་མི་ཤེས་པ་དང་། དཔེ་ཀློག་རྒྱུན་ལྡན་བྱེད་མི་ཐུབ་པ་ནི་དོན་དངོས་ཡིན་འགྲོ  དེའི་རྩ་བ་ནི་བོད་ཀྱི་སྲོལ་རྒྱུན་བརྡ་སྤྲོད་ལས་ཡིག་སྐད་ཀྱི་ཞིབ་ཚགས་ཁོ་ན་ལ་དམིགས་ནས་ཁ་སྐད་དང་བར་ཐག་རིང་བའི་གནས་ཚུལ་གསལ་བཤད་བྱས་པ་དང་། བོད་སྐད་འདི་ཉིད་ཕ་སྐད་དུ་འཛིན་པའི་བོད་མིས་ཀྱང་བོད་ཡིག་སྦྱོང་ན་དཀའ་ཁག་ཆེ་བའི་གནས་བབ་གསལ་བཤད་བྱས་པ་རེད།
   མདོར་ན།  ཁ་སྐད་དང་བསྟུན་པའི་གོ་རིམ་ཁྲོད་དུ་ཁ་སྐད་ཀྱི་ཁྱད་ཆོས་མང་པོ་ཞིག་ཡིག་སྐད་དུ་ནང་འདྲེན་བྱེད་དགོས་པ་མ་ཟད། ཡིག་སྐད་ཀྱི་ཁྲོད་དུ་ཧ་ཅང་སྦྱོང་དཀའ་ལ་དོན་སྙིང་ཆེན་པོ་མེད་པའི་"ཡིག་ཁྲིམས"མང་པོ་ཡང་ལེགས་བཅོས་དང་སླ་བསྡུས་བྱེད་དགོས་པ་ནི་མངོན་སུམ་ལག་ལེན་ཁྲོད་ཀྱི་བླངས་བྱ་ཆེས་གཙོ་བོ་ཡིན་ནོ།
     བཞི་བ། སྤྱི་སྐད་ཆེན་མོ་ནི་ལོ་རྒྱུས་ཀྱི་ཡིག་རྒྱུན་རྩ་དོན་རྒྱུན་འཁྱོངས་བྱེད་དེ་སྲོལ་རྒྱུན་ཡིག་རྒྱུན་དང་རྒྱབ་འགལ་མི་བྱུང་རྒྱུ་དེ་རེད། རྩ་དོན་འདིའི་རྨང་གཞིའི་སྟེང་དུ་མཁས་པ་རྣམ་པས་བོད་ཡིག་གི་ཕྱོགས་གང་ཐད་ནས་གསར་བཏོད་དང་ལེགས་སྒྲིག་གང་མང་བྱེད་དགོས་ལ། སྲོལ་རྒྱུན་གྱི་ཕྲད་རང་དབང་ཅན་འགའ་རེ་སླར་ཡང་ཁ་སྐད་དུ་དར་ཁྱབ་གཏོང་རྒྱུ་ནི་སྨྲས་མ་དགོས་སོ།
   དེ་འང་ཡིག་སྐད་ནི་རིན་ཐང་མེད་པར་བཤད་པ་གཏན་ནས་མིན་ཏེ། ཡིག་སྐད་ནི་སྐད་ཆའི་ཁྲོད་ཀྱི་ཉིང་བཅུད་རྣམས་བསྲེག་བཅད་བརྡར་གསུམ་བྱེད་པའི་འབྲས་བུ་ཡིན་པ་མ་ཟད། སྲོལ་རྒྱུན་ཡིག་ཕུད་རྣམས་རྒྱུན་འཛིན་དང་དར་སྤེལ་བྱེད་པའི་སྐད་ཆ་ཉག་ཅིག་རེད། འོན་ཀྱང་། སྲོལ་རྒྱུན་ཡིན་པ་ཐམས་ཅད་རྒྱུན་འཛིན་བྱས་པའི་དགོས་པ་མི་ལྡན་ཞིང་། རང་གི་ལག་ལེན་དང་མཐུན་སྦྱོར་བྱེད་རྒྱུ་ནི་ཆེས་རྩ་བ་ཡིན་ཏེ། མི་རིགས་གཞན་གྱིས་ཁ་ཡག་དང་ཟུར་ཟ་ལ་འཛེམ་པ་ནི་བསྡར་མའི་བྱ་སྤྱོད་ཡིན་ཏེ། གཏམ་དཔེ་ལ་ལྷམ་ཆེ་ཆུང་རང་གི་རྐང་པར་ཕྲིས། ལྷམ་ཡག་མཛེས་གཞན་གྱི་ཁ་ལ་ཕྲིས་ཞེས་པ་བཞིན། མི་རིགས་ཀྱི་ལ་རྒྱ་སྟོང་བའི་ཆེད་དུ་མི་རིགས་ཀྱི་དོན་དངོས་ཁེ་ཕན་རྡོག་རྫིས་བྱེད་པའི་དགོས་པ་མེད་པས། ལོ་རྒྱུས་ཀྱི་རྩ་དོན་དོན་ལ་གནས་ཅིང་ལག་ལེན་ལ་འབབ་ཐུབ་པ་རྣམས་རྒྱུན་འཁྱོངས་བྱེད་དགོས་ཀྱི། ལོ་རྒྱུས་ཀྱི་ཤུལ་བཞག་ཐམས་ཅད་སོར་འཇོག་བྱས་དགོས་པའི་བསམ་ཚུལ་གཏན་ནས་འཛིན་མི་རུང་སྙམ་མོ། རྩ་དོན་འདིའི་རྨང་གཞིའི་སྟེང་དུ་བོད་ཡིག་གི་ཡིག་གཟུགས་དང་དག་ཡིག  བརྡ་སྤྲོད་དང་སྐད་ཆ་སོགས་ལ་ཕྱོགས་གང་ཐད་ནས་དུས་རབས་དང་མཐུན་པའི་འཕེལ་རྒྱས་གཏོང་དགོས་པ་དང་། སླར་ཡང་། ཡིག་སྐད་ཁྲོད་ཀྱི་ཕྲད་རང་དབང་ཅན་དང་རྗོད་བྱེད་སྟབས་བདེ་ལ་གནད་ཕུགས་པ་རྣམས་ཁ་སྐད་དུ་ཁྱབ་བརྡལ་གཏོང་བའི་འོས་འགན་ཡོད་པ་ནི་སྨྲས་མ་དགོས་སོ།
    ལྔ་བ།   སྤྱི་སྐད་ཆེན་མོ་ནི་དུས་ཡུན་རིང་པོ་ཞིག་གི་ནང་དུ་གསོ་སྐྱོང་བྱེད་དགོས་པས། དེ་ལ་ཕུགས་བསམ་གྱི་ཁ་ཕྱོགས་དང་དོན་དངོས་ཀྱི་ལག་ལེན་མཛུབ་སྟོན་དགོས། མདོར་ན་མིག་སྔའི་གནས་ཚུལ་དང་བསྟུན་ཅིང་། མ་འོངས་པའི་ལེགས་ཆ་ཕུན་སུམ་ཚོགས་པོ་ཚང་བའི་བླངས་བྱ་ཀྱང་སྐོང་ཐུབ་པའི་འཐབ་ཇུས་ཆེན་མོ་དང་ཁ་ཕྱོགས་ཆེན་མོ། གོ་རིམ་ཆེན་མོ་དགོས།སྤྱི་སྐད་ཆེན་མོ་ནི་བོད་པ་སྤྱི་ཡི་ཁ་དང་རྣ་ལ་རེག་ལས་པའི་ལས་གཞི་ཆེན་པོ་ཞིག་ཡིན་པས། བཟོ་བཀོད་ཆེན་མོ་ཞིག་དང་འདྲ་བར་
འཐབ་ཇུས་ཀྱི་ཁ་ཕྱོགས་ཡོད་དགོས་ཏེ། ཁ་ཕྱོགས་མེད་ན་ས་གནས་སོ་སོའི་ཁ་སྐད་ཀྱི་འཕེལ་རྒྱས་དེ་རང་རང་ལམ་དུ་འགྲོ་ཉེན་ཆེ་བ་དང་། ལག་ལེན་གྱི་འཆར་གཞི་ཕན་སུམ་ཚོགས་པ་དགོས་ཏེ། ལག་ལེན་གྱི་བརྒྱུད་རིམ་ཁྲོད་དུ་གནས་ཚུལ་གང་མང་བྱུང་སྲིད་པས། དེ་ལ་ལེགས་ཉེས་བླངས་དོར་གྱི་གཞི་རྩ་ཞིག་དགོས་པ་རེད། སླར་ཡང་སྔོན་ཁྲིད་ཀྱི་གོམ་སྟབས་དགོས་ཏེ། འགྲོ་ཐེངས་ཅིག་གིས་གནད་དོན་ཐམས་ཅད་ཐག་གཅོད་བྱས་མི་སྲིད་ལ་དུས་ཡུན་རིང་པོར་ཚོད་ལྟ་དང་ལག་ལེན་བྱེད་དགོས། མཐའ་མར་ཕྱོགས་སྡོམ་དང་དག་ཐེར་གྱི་ཚད་གཞི་ཞིག་དགོས་ཏེ། ཁ་སྐད་ཁྲོད་ཀྱི་མདུན་སྐྱོད་དང་འཕེལ་རྒྱས་ཀྱི་ཆ་རྣམས་ཡར་སྐུལ་དང་དུས་ཐོག་ཏུ་ཡིག་སྐད་ཁྲོད་དུ་བསྡུ་ལེན་བྱེད་དགོས་སོ།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།