གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྩོམ་རིག་གི་གཞི་རྐང་ཚུགས་ཐབས།

2013-01-22 20:38:00 བེ་རི་འཇིགས་མེད། ཀློག་གྲངས། མཆན ཡོད།

          སྔོན་དུ་གླེང་པ།
རྩོམ་རིག་མཁས་པ་རྣམས་ལ་ཕྱག་འཚལ་ལོ།  །  
སྔོན་བྱོན་མཁས་པ་མཐའ་དག་འཇུག་པའི་གནས།  །  
དེང་དུས་དམ་པ་རྣམས་ཀྱིས་བསྔགས་པའི་ལམ།  །  
སྐལ་ལྡན་རྩོམ་འདོད་རྣམས་ཀྱི་འཇུག་ངོགས་མཆོག།  
ཇི་ལྟར་ནུས་བཞིན་བདག་གིས་བཤད་པར་བྱ།  །  
  རྩོམ་རིག་ནི་ཤེས་བྱའི་རྣམ་གྲངས་ཤིན་ཏུ་མང་པོའི་ཁྲོད་ནས་འབུར་དུ་ཐོན་པའི་རྣམ་གྲངས་བྱེ་བྲག་པ་ཞིག་ཡིན།  དེ་ནི་གཞི་རྒྱ་ཆེ་ས་ནས་བཤད་ན་འཇིག་རྟེན་ཁམས་འདིའི་སྣོད་བཅུད་ཆ་ལག་དང་། འཁོར་འདས་དངོས་པོ་ཡོངས་རྫོག་བརྗོད་གཞིར་བསྡུས་པའི་ཚིག་སྦྱོར་གྱི་རྣམ་གྲངས་ཤིག་ཡིན་ལ།  ཆུང་ས་ནས་བཤད་ན་སྒྱུ་རྩལ་གྱིས་བསསྡུས་པའི་ངག་གི་འདུ་བྱེད་བྱེ་བྲག་པ་ཞིག་སྟེ།  སྙན་ངག་དང་རྟོགས་བརྗོད།  འཁྲབ་གཞུང་།  སྒྲུང་གཏམ་བཅས་ཚུད་པའི་སེམས་ཀྱི་ཚོར་འདུ་ངག་གི་སྣང་བརྙན་དུ་འཆར་བའི་རྣམ་འགྱུར་ཙམ་ཞིག་རེད་ཟེར་དགོས་པ་འདྲ།  དེ་འདྲའི་རྩོམ་རིག་སྨྲ་བའི་གང་ཟག་དེ་ལ་སྙན་ངག་པ་དང་རྩོམ་པ་པོ།  ངག་གི་སྒྱུ་རྩལ་བ་སོགས་ཀྱི་ཐ་སྙད་བྱེད་ཅིང་།  དེའི་སྨྱུག་འོག་ནས་ཐོན་པའི་རྩོམ་རིག་ནི་འཇིག་རྟེན་གཡོ་འགུལ་གཏོང་བའི་ནུས་པ་ལྡན་ལ།  ཚོར་བའི་བཟི་ཁ་འཕར་བའི་བསྐྱུར་རྩི་མང་།  དེ་ནི་སྐབས་དང་སྟོབས་ལ་ལྟོས་ནས་སྦྲང་རྩི་ལྟར་མངར་ལ།  སྤུ་གྲི་ལྟར་རྣོ་བའི་བྱེད་ལས་ལྡན་པས།  དེས་ན་རྩོམ་པོ་དང་སྙན་ངག་པ་ནི་དམག་དཔུང་མེད་པའི་དམག་སྤྱི་རེ་ཡིན་ལ།  ཟད་རྙིང་དང་ཆག་གྲུམ་སོང་བའི་སྨྱུ་གུ་གོག་ཏོ་དེ་དག་ཀྱང་དེང་རབས་ཐེངས་གསར་ཐོན་པའི་ལྕགས་ཁྲབ་འཁོར་ལོ་ལས་ཀྱང་ལྡབ་མང་པོའི་ནུས་ཤུགས་ལྡན།  སྙན་ངག་པའི་སྨྱུག་རྩེ་ནས་འཕྱུར་འོང་བའི་ངན་སྲོལ་ཐེར་འདོན་དང་།  སྐྱོན་ཡོན་ཡོ་བསྲང་།  གོ་སྐོན་ར་སྤྲོད། བདེན་རྫུན་ཤན་འབྱེད་ཀྱི་རྩོམ་རིག་རེ་རེ་བཞིན་དུས་རབས་ཀྱི་རྡུལ་ཕྲན་མཚོན་ཆ་ལས་ལྡབ་མང་པོའི་གཏོར་ཤུགས་དང་སྒུལ་ཤུགས་ཆེ་བའི་ནུས་པ་ལྡན་པས།  དཔོན་ངན་རུལ་སོང་དང་།  ངན་ལངས་གཅེས་ཤོར་ཚོའི་སྙིང་རྩར་སྤུ་གྲི་ལས་རྣོ་ཞིང་།  སྲོག་རྩར་འབར་རྫས་བཞིན་རྔམས་པས།  འཇིག་རྟེན་འདིའི་ཐོག་གི་དཔའ་བོའི་ཡང་རྩེ་དང་།  དཔུང་པའི་ཤུགས་རྩ་ཕུ་མཐར་སོན་པ་དེ་ཡིན་ཟེར་ན་མི་འགྲིག་པ་མེད།  
འོ་ན་རྩོམ་པ་པོ་དང་སྙན་ངག་པའི་གོ་འཕང་ལ་ཇི་ལྟར་སྙེགས་དགོས་སམ་ཞེ་ན།  འཇམ་མགོན་ས་པཎ་གྱིས།  མ་བསླབས་པ་ལ་ཀུན་མཁྱེན་དུ།  །  གྱུར་ན་ལས་འབྲས་ག་ལ་བདེན།  །  ཞེས་དང་རྒྱ་ནག་གོང་མ་ཞིག་གིས།  སྦྱངས་ནས་ཤེས་པ་འཇིག་རྟེན་འདིར་ཡོད་ཀྱི།  །  སྐྱེས་ནས་ཤེས་པ་འཇིག་རྟེན་འདི་ན་མེད།  །  ཅེས་པའི་བསྡོམས་ཚིག་བཀོད་མྱོང་བ་ལྟར།  འབྲས་བུའི་ཆེད་དུ་རྒྱུ་ལ་འབད་དགོས་པ་ནི་རྟེན་འབྲེལ་ལྟོས་གྲུབ་ཀྱི་ལྟ་གྲུབ་སྨྲ་བའི་སྤྱི་སྐད་ཡིན་པས།  དེ་ལ་འགྲེལ་བརྗོད་གང་ཡང་དགོས་པ་མེད།  འོ་ན་བསླབ་པའི་རིམ་པ་ཇི་ལྟ་བུ་ཡིན་ཞེ་ན།  དང་པོ་སྡེབ་སྦྱོར་གྱི་ལུས་བསླབ།  གཉིས་པ་བརྗོད་གཞིའི་སྲོག་བསླབ།  གསུམ་པ་མཛེས་དཔྱད་ཀྱི་རྒྱན་བསླབ་དགོས་པས་དེ་དག་རིམ་པར་བཞིན་འཆད་དོ།  །  

         (གཅིག)  སྡེབ་སྦྱོར་གྱི་རྐང་སྟེགས།
རྣམ་དག་སྡེབ་སྦྱོར་མེད་པར་གཏམ་སྙོག་གི  །  
ཚིག་ལོ་དོན་གཉེར་ཞི་བའི་ཐབས་མེད་ལ།  །  
གོ་བཟློག་ཚིག་ལ་ཆགས་པས་བློ་གསར་ཚོ།  །  
ཀུན་ནས་ཆིངས་ཕྱིར་ཐོག་མར་སྡེབ་སྦྱོར་འཚོལ།  །  
རྒྱལ་བའི་བཀའ་དང་དགོངས་འགྲེལ་གྱི་བསྟན་བཅོས་ནས་བཟུང་། སོ་སྐྱེ་ཕལ་པའི་ཚིག་ཐོ་སབ་སིབ་བཀོད་པ་ཡན་ཆད་ཚིག་གི་སྒྲོམ་གཞི་གང་ཡང་རུང་བ་ཞིག་གི་ནང་དུ་འཇུག་པ་མ་གཏོགས།  རང་རྐྱ་བའི་རྩོམ་ཡིག་ཅིག་མ་བྱུང་མི་འབྱུང་ཕྱིས་ཀྱང་མི་འབྱུང་ལ།  ཚིག་གི་སྒྲོམ་གཞི་ནི། ཅ་དངོས་བླུག་སའི་སྣོད་ཀ་དང་མཚུངས་པ་ཡིན།  དེ་ལ་དབྱེ་བ་ཕྱེས་ན། ཚིགས་བཅད།  ཚིག་ལྷུག  སྤེལ་མ་གསུམ་ཡོད་པ་ལས།  དང་པོ།  ཚིགས་བཅད་ལ་མཚོན་ན།  ཚེག་བར་གསུམ་པ་ཅན་ནས་མགོ་བཙུགས་ཏེ་མ་མཐར་ཡང་ཚེག་བར་བཅོ་ལྔའི་བར་དུ་ཨུ་ཚུགས་མཐར་བསྐྱལ་གྱིས་ཉིན་སྦྱོང་མཚན་སྦྱོང་གནང་ནས།  གང་ཞིག་བརྗོད་འདོད་པ་དེ་ཉིད་ཚེག་བར་གང་འདྲ་ཞིག་གི་ནང་དུ་འཇུག་ནའང་ལག་མི་ཐོགས་པའི་ཚོད་དུ་མ་སླེབས་བར་དུ་བསླབ་དགོས།  དེས་ཚིག་ལྷུག་དང་སྤེལ་མ་ལའང་རིགས་འགྲེ།  
དཔེར་ན།  བརྗོད་གཞི་ཝཱཎའི་མཐོ་སློབ་ལྟ་བུ་ཞིག་བཟུང་བ་ཆ་བཞག་ན།  
ཚེག་བར་གསུམ་པ།  ཝཱ་ཎ་ཡི།  །མཐོ་སློབ་འདི།  །མཁས་མང་གི  །ལྟེ་གནས་ཡིན།  །ལྟ་བུ།  
ཚེག་བར་བཞི་པ་ཅན།  ཝྭ་ར་ཎཱ་སིའི།  གཙུག་ལག་སློབ་གླིང་།  །མཁས་མང་ཚོགས་པའི།  །ལྟེ་གནས་རང་ཡིན།  །
ཚེག་བར་ལྔ་པ་ཅན།  དྲང་སྲོང་གི་ནགས་འདབས།  །ཝཱ་ཎཱ་ཡི་སློབ་ཆེན།  །འཕགས་བོད་ཀྱི་མཁས་མང།  །འཛོམས་ས་ཡི་གནས་མཆོག །
ཚེག་བར་དྲུག་པ་ཅན།  གནས་མཆོག་ཝཱ་རཱ་ཎཱ་སིའི།  །གཙུག་ལག་སློབ་གྲྭ་ཆེན་མོ།  །འཕགས་བོད་གནའ་དེང་མཁས་མང་།  །ཚོགས་པའི་ལྟེ་གནས་རང་ཡིན།  །
ཚེག་བར་བདུན་པ་ཅན།  གནས་མཆོག་དྲང་སྲོང་གི་ནགས་འདབས།  །ཆེས་མཐོའི་གཙུག་ལག་གི་སློབ་གྲྭར།  །འཕགས་བོད་གནའ་དེང་གི་མཁས་པ།  །འདུས་པའི་ལྟེ་གནས་རང་ཆགས་ཡོད།  །
ཚེག་བར་བརྒྱད་པ།  གནས་མཆོག་དྲང་སྲོང་ལྷུང་བའི་ནགས་འདབས།  །ཝཱ་ཎའི་ཆེས་མཐོའི་གཙུག་ལག་སློབ་གྲྭ།  །འཕགས་བོད་གནའ་དེང་མཁས་པ་དུ་མ།  །མཉམ་དུ་འཛོམས་སའི་ལྟེ་གནས་རང་ཡིན།  །
ཚེག་བར་དགུ་པ།  །རྨད་བྱུང་དྲང་སྲོང་ལྷུང་བའི་ནགས་ཀླུང་འདབས།  །ཡིད་འོང་ལྟ་ན་སྡུག་པའི་མཐོ་སློབ་འདིར།  །  
འཕགས་བོད་གནའ་དེང་མཁས་མང་བྱེ་བ་ཕྲག།ལྷན་ཅིག་ཚོགས་པའི་ལྟེ་གནས་ཉིད་དུ་ངེས།  །  ལྟ་བུ།  
སྡེབ་སྦྱོར་ཚེག་བར་བརྒྱ་ཕྲག་དུ་མ་ཅན་ཡོད་པ་ལས། མ་མཐར་ཡང་བཅོ་ལྔ་པ་ཡན་ཆད། ནར་ནར་དང་རིལ་རིལ། གོར་གོར་དང་འཇོང་འཇོང་། གྲུ་གསུམ་དང་ཟླུམ་པོ་གང་ཞིག་བཟོ་ནའང་བཟོ་ཐུབ་པ་ཞིག་བསླབ་དགོས། དེ་ལྟར་བརྗོད་གཞི་གཅིག་ལ་ཚེག་བར་མང་ཉུང་གི་ཚིག་སྒྲོམ་གྱི་སྡེབ་སྦྱོར་གང་འདྲ་ཞིག་གི་ནང་དུ་འཇུག་ནའང་།  དཀའ་ཚེགས་མེད་པའི་སྒོ་ནས་འཇུག་ཐུབ་པ་ཞིག་བྱུང་ན།  དེའི་ཚེ་གཞི་ནས་སྡེབ་སྦྱོར་གྱི་རྐང་པ་ཚུགས་ཐུབ་པ་ཡིན་པས།  ཚོད་དེ་མ་འཁྱོངས་ཀྱི་བར་དུ་བསླབ་དགོས།  

         (གཉིས)  བརྗོད་གཞིའི་གོམ་སྟབས།
སྡེབ་སྦྱོར་དེ་ཡང་རྣམ་དག་བརྗོད་གཞི་ཡིས།  །  
ཟིན་པ་མེད་ན་བླ་མེད་སྒྱུ་རྩལ་གྱི།  །  
ཕུན་ཚོགས་རྩོམ་གྱི་ཚོད་གཞིར་མི་རུང་བས།  །  
བློ་གསར་རྣམས་ཀྱིས་བརྗོད་གཞི་འཚོལ་བར་མཛོད།  །  
སྡེབ་སྦྱོར་ལ་ཇི་ཙམ་བྱང་ནའང་བརྗོད་གཞི་ཞིག་གཏན་འཁེལ་མེད་ན། རྩམ་སྒམ་དང་མར་སྒམ་སྟོང་པ་སྒྲིག་པའི་མགྲོན་སྟོན་དང་འདྲ་བར་སྙིང་པོ་གང་ཡང་མེད།  འོ་ན་བརྗོད་གཞི་ཞེས་པ་དེ་གང་ཞིག་ཡིན་པ་དང་དེ་གང་ལས་ཇི་ལྟར་འཚོལ་སྒྲུག་བྱེད་དགོས་སམ་ཞེ་ན།  འཁོར་འདས་བརྟན་གཡོས་བསྡུས་པའི་ཤེས་བྱ་ཡོངས་རྫོགས་རྩོམ་རིག་དང་སྙན་ངག་གི་བརྗོད་གཞི་ཡིན་མོད།  དེ་ལ་སྔོན་གྱི་མཁས་པ་ཚོས།  ཆོས་དང་ཐར་པ་འདོད་པ་ནོར་བཅས་བཞི་རུ་དབྱེ་བ་བྱེད།  ཧ་ཅང་རྒྱ་ཆེ་ལ་མཐའ་ཀླས་པའི་བརྗོད་གཞི་དེ་དག་གི་ནང་ནས་སྐབས་སུ་གང་བབ་པ་དེ་འདེམས་སྒྲུག་བྱེད་དགོས།  དེ་ཡང་དངོས་ཡོད་གནས་ལུགས་ཀྱི་བརྗོད་གཞི་འཚོལ་ལུགས་དང་།  རྟོག་པའི་འཆར་སྣང་གི་བརྗོད་གཞི་འཚོལ་ལུགས།  བརྗོད་མེད་རྟོག་བྲལ་གྱི་བརྗོད་གཞི་འཚོལ་ལུགས་གསུམ་དུ་ངེས་པ་ལས།  
  ༡༽དངོས་ཡོད་གནས་ལུགས་ཀྱི་བརྗོད་གཞི་འཚོལ་ལུགས།  
བརྗོད་གཞི་གང་ཞིག་གཟུང་བ་དེའི་ངོ་བོ་དང་རྒྱུ་རྐྱེན། བྱེད་ལས་དང་ཆ་ལག  གནས་བབ་དང་མཇུག་འབྲས་བཅས་ལ་བསམ་བློས་ཞིབ་རྟོག་ནན་པོར་བྱས་ཏེ། སྐབས་བབ་ཀྱི་བརྗོད་གཞི་དེའི་གནད་དོན་རིམ་པ་བཞིན་གཏན་འབེབས་གནང་དགོས།  
འདིར་རང་རེའི་མཐོ་སློབ་ལྟ་བུ་དཔེ་མཚོན་དུ་བཀོད་ན།  བརྗོད་གཞི་འཚོལ་སྒྲུག་ཇི་ལྟར་བྱེད་ཚུལ་ཐད།
གནས་ཀྱི་ཁྱད་པར།  
གནས་མཆོག་དྲང་སྲོང་ལྷུང་བའི་ནགས་འདབས་ན།  །  
དྭངས་གཙང་ཆུ་བོ་གང་གཱའི་འགྲམ་ངོགས་ན།  །  
གནའ་བོའི་ཀ་ཤིའི་གྲོང་གི་འདབས་འབྲེལ་ན།  །  
ཝཱ་ཎཱའི་བོད་ཀྱི་གཙུག་ལག་སློབ་ཆེན་ཡོད།  །  
དུས་ཀྱི་ཁྱད་པར།  
གནམ་ས་བླ་འོག་བསྒྱུར་པའི་དུས་འགྱུར་ཁྲོད།  །  
མེས་པོའི་ཕ་ས་ཤོར་བའི་ལོ་ཟླའི་ནང་།  །  
ཕྱག་ན་པདྨོ་བཞད་པའི་འཛུམ་མདངས་ལས།  །  
གཙུག་ལག་གཏེར་གྱི་ཟེའུ་འབྲུའི་ཟོལ་དུ་སྨིན།  །  
ངོ་བའི་ཁྱད་པར།  
གནའ་རབས་མེས་པོས་བཞག་པའི་ཞབས་རྗེས་དང་།  །  
དེང་རབས་མཁས་པས་མཛད་པའི་གཞུང་ལུགས་གཉིས།  །  
ཟུང་འབྲེལ་བཀའ་སྲོལ་བརྒྱུད་པའི་སློབ་གླིང་འདིར།  །  
འགྲན་པའི་དཔེ་ཟླ་གཉིས་པ་གཞན་ན་མེད།  །  
མཐུན་རྐྱེན་གྱི་ཁྱད་པར།  
དབུས་ལྗོངས་དབུས་ཀྱི་མི་རྗེ་དམ་པ་ཚོས།  །  
ཐུགས་བསྐྱེད་ཐུགས་ཀྱི་དགོངས་པ་ལས་འཕྲོ་བའི།  །  
གཞུང་དངུལ་གཞུང་འགྲེལ་ལམ་ནས་གཏོང་བ་དག།  
དུས་ཐོག་དུས་ཀྱི་ཆར་པ་བཞིན་དུ་འབེབས།  །  
དགེ་རྒན་གྱི་ཁྱད་པར།
གནའ་དེང་མཁས་པས་མཛད་པའི་ལྟ་གྲུབ་དང་།  །  
ཤར་ནུབ་ཚན་རིག་མཁས་པའི་ལག་ལེན་སོགས།  །  
སྐད་དང་ཆོས་ལུགས་ལྟ་གྲུབ་ལ་མཁས་པའི།  །  
ཉི་ཟླ་སྐར་གསུམ་འདྲ་བའི་སློབ་དགེ་མང་།  །  
སློབ་ཕྲུག་གི་ཁྱད་པར།
མཐོ་བརྗིད་ཧི་མ་ལ་ཡའི་རི་རྒྱུད་ཀྱི།  །  
མེས་པོའི་རུས་རྐང་འཆང་བའི་ཚ་རྒྱུད་སོགས།  །  
སྐད་དང་ཤ་མདོག་མ་ངེས་ཅི་རིགས་པའི།  །  
སློབ་མའི་འཁོར་ཚོགས་འདུ་བ་ཉུང་ཉུང་མིན།  །  
སློབ་ཚན་གྱི་ཁྱད་པར།  
ཁ་ཅིག་སྲིད་འབྱོར་ལོ་རྒྱུས་བྱུང་རབས་བསླབ།  །  
ལ་ལ་ལྟ་གྲུབ་སྨན་རྩིས་ལག་རྩལ་བརྩོན།  །  
ཀུན་ཀྱང་སྐད་ཡིག་ཆོས་རིག་ལ་གཞོལ་བའི།  །  
སྣ་འཛོམས་སློབ་ཚན་འདི་འདྲ་གཞན་དུ་དཀོན།  །  
དེ་བཞིན་མཇུག་འབྲས་དང་དམིགས་ཡུལ།  བྱེད་ལས།  ཕན་ཐོགས་སོགས་རེ་རེ་བཞིན་བསམ་བློའི་ངོས་ནས་སྔོན་ལ་གཏན་འབེབས་གནང་།  དེ་རྗེས་བརྗོད་གཞི་དེ་ཉིད་མཚོན་པའི་ཚིག་སྦྱོར་བསྒྲིག་དགོས།  
  ༢།  རྟོག་པའི་འཆར་སྣང་གི་བརྗོད་གཞི་འཚོལ་ལུགས།  
རྟོག་འཆར་གྱི་བརྗོད་གཞི་འཚོལ་བ་ནི་སྙན་ངག་པ་དང་སྒྱུ་རྩལ་བས་རྒྱུན་རིང་འབད་པའི་འཆར་སྣང་ཞིག་ཡིན་ལ།  དེ་ཡང་གཞི་གཅིག་གི་ཐོག་ལ་དག་སྣང་སྦྱངས་པའི་འཆར་སྣང་མཐར་ཐུག་པ་དེ་ནི།  ལས་དག་གམ།  ཡང་ན་སངས་རྒྱས་བྱང་སེམས་ཚོས་དག་པའི་འཆར་སྣང་ཡིན་ལ།  འཆར་སྣང་དེའི་ངོར་སྣོད་ཐམས་ཅད་གཞལ་ཡས་ཁང་དང།  བཅུད་ཐམས་ཅད་ལྷ་དང་ལྷ་མོའི་རྣམ་པར་འཆར་འོང་།  འཁོར་བ་པ་ཚོས་གཞི་དེ་ཉིད་ལ་དམིགས་ནས་མ་དག་པ་ཁོ་ན་འཆར།  སྙན་ངག་པ་ཚོས་དེ་གཉིས་ལས་འདས་པའི་ཕུང་གསུམ་པ་ཞིག་འཆར་འོང་།  དེ་ལ་སེམས་ཅན་དང་སངས་རྒྱས་གཉིས་ཀས་རྒོལ་བ་མི་རུང་སྟེ།  སངས་རྒྱས་ཀྱིས་དག་སྣང་འཆར་བ་ལ། སེམས་ཅན་དང་སྙན་ངག་པས་འགོག་དོན་མེད།  སེམས་ཅན་གྱིས་མ་དག་པ་མཐོང་བར་སངས་རྒྱས་དང་སྙན་ངག་པ་གཉིས་ཀས་རྒོལ་དུ་མི་རུང་བའི་གནས་ལུགས་འདི་ཤེས་དགོས།  
འདིར་རྟོག་འཆར་སྙན་ངག་འགའ་ཞིག་དཔེ་མཚོན་དུ་བཀོད་ན།  (བརྗོད་གཞི་གོང་ལྟར་དེ་རིང་ཁ་སང་གི་ཝཱ་ཎའི་གནམ་གཤིས་གཅིག་པོ་གཟུང་ནས།)
གང་གཱའི་གཙང་པོ་ཐུར་ནས་ཐུར་དུ་རྒྱུག།  
ཝཱ་ཎཱའི་ཐལ་འཚུབ་གྱེན་ནས་གྱེན་དུ་འཕྱུར།  །  
གྷན་དྷེ་ཇི་ཡིས་གནང་བའི་དམངས་གཙོ་འདི།  །  
སྣོད་བཅུད་འཇིག་རྟེན་ཀུན་ལ་མཉམ་པ་ཉིད།  །  
ཡང་ན།  གཟུགས་མེད་ཇག་ཚོགས་སྟོང་གི་ཁྲེལ་རྒོད་ཀྱིས། །
གཅེས་པའི་མཛའ་བོ་འབུམ་ཕྲག་བསད་པའི་ཤུལ།  །  
ཡུགས་མོ་འབུམ་ཕྲག་ངུས་པའི་མིག་ཆུའི་རྒྱུན།  །  
ཆད་མེད་འཇོ་བས་འཇིག་རྟེན་ཡོངས་སུ་བརླན།  །  
ལྟ་བུ་དཔེ་མཚོན་ཙམ་སྟེ།  རྟོག་པའི་འཆར་ཡན་ལ་མུ་མཐའ་དང་ཚོད་འཛིན་མེད་ཅིང་།  ཇི་ཙམ་འཆར་ཡན་གྱི་བཟོ་བཀོད་བསྐྲུན་ཐུབ་པ་དེ་ཙམ་གྱིས་ངག་གི་རྩལ་རྫོགས་པ་ཡིན་པས།  ཧ་ཅང་ཚད་མཐོའི་སྙན་ངག་པ་ཞིག་བཟོ་འདོད་ན་རྟོག་འཆར་གྱི་ས་བོན་གང་མང་འདེབས་ཐབས་གནང་དགོས།  
  ༣།  བརྗོད་མེད་རྟོག་བྲལ་གྱི་བརྗོད་གཞི་འཚོལ་ལུགས།  
བརྗོད་མེད་རྟོག་བྲལ་ནི་འཕགས་པའི་གཟིགས་ངོར་གྲུབ་པའི་མཐོང་སྣང་རང་ཡིན་མོད། དེ་དག་ང་ཚོའི་སྣང་ངོར་ཁུར་ནས་འགྲེལ་ན། དག་སྣང་གི་འཆར་སྒོ་ཞེས་བརྗོད་དགོས་པ་འདྲ། དེ་ནི་སྣོད་བཅུད་ཐམས་ཅད་སྟོང་པས་སྦྱངས་ནས་སྟོང་པའི་ངང་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་སོགས་སྣོད་ཀྱི་བཀོད་པ་དང་། དཀྱིལ་འཁོར་གྱི་ལྷ་ལྷ་མོ་ཞལ་གསུམ་ཕྱག་དྲུག་ལ་སོགས་པ་དང་།  ཁྱི་གདོང་དང་ཕག་གདོང་།  སེང་གདོང་དང་སྟག་གདོང་སོགས་ཀྱི་བཀོད་པ་ཅི་རིགས་སྣ་ཚོགས་པའི་གླེགས་བམ་རྟ་ཁལ་དང་མཛོ་ཁལ་མང་པོ་ལོངས་པ་དེ་རིགས་ནི་དག་སྣང་རྩོམ་རིག་ཡིན་ཞིང་།  དེའི་བརྗོད་གཞི་རེ་རེ་བཞིན་སོ་སྐྱེས་དང་སྙན་ངག་པས་ཇི་ལྟ་བ་བཞིན་མཐོང་ཐོས་ཀྱི་ཡུལ་དུ་མི་རུང་ཡང།  མཐོང་ཐོས་མི་རུང་བ་དེ་རྒྱུ་མཚན་དུ་བྱས་ནས་མེད་ཅེས་བསྙོན་མི་ཆོག འཇིག་རྟེན་ཧྲིལ་པོ་འདིར་རྫོགས་པའི་སངས་རྒྱས་ཀྱིས་དག་པའི་སྣང་བ་འབའ་ཞིག་གཟིགས་པ་དང༌། མ་དག་འཁོར་བར་འཁྱམས་པའི་སེམས་ཅན་ཚོས་མ་དག་པ་ཁོ་ནའི་སྣང་བ་འཆར་ཆོག་ན། སྙན་ངག་པ་ཚོས་རྟོག་འཆར་གྱི་ཀློང་ནས་མཐོང་ཚུལ་གཞན་ཞིག་ཡོད་མི་ཆོག་པའི་རྒྱུ་མཚན་གང་ཡང་མེད། ལྷ་མི་ཡི་དྭགས་གསུམ་གྱིས་ཆུ་ཕོར་བ་གང་ལ་མཐོང་ཚུལ་མི་འདྲ་བ་གསུམ་ཡོད་ཆོག་ན། སངས་རྒྱས་སེམས་ཅན་སྙན་ངག་པ་གསུམ་ལ་མཐོང་ཚུལ་མི་འདྲ་བ་གསུམ་ཡོད་ཆོག ཁྲ་གླག་འུག་པ་གསུམ་ལ་འཕུར་སྟངས་མི་འདྲ་བ་གསུམ་ཡོད་ན། སངས་རྒྱས་སེམས་ཅན་སྙན་ངག་པ་གསུམ་ལ་མཐོང་སྣང་དང་འབྲེལ་བའི་འགྲེལ་བརྗོད་མི་འདྲ་བ་གསུམ་ཡོད་ཆོག སྟག་གཟིག་དོམ་གསུམ་ལ་མཆོང་ལུགས་མི་འདྲ་བ་གསུམ་ཡོད་ན་གང་ཟག་མི་འདྲ་བ་གསུམ་ལ་བྱ་སྤྱོད་མི་འདྲ་བ་གསུམ་ཡོད་ཆོག ཉི་ཟླ་སྐར་གསུམ་ལ་འོད་ཁྱིམ་མི་འདྲ་བ་གསུམ་ཡོད་ན། གང་ཟག་མི་འདྲ་བ་གསུམ་ལ་ཚོར་སྙེག་མི་འདྲ་བ་གསུམ་ཡོད་ལོས་ཆོག སྙན་ངག་པས་རྟོག་འཆར་གྱིས་བསྐྲུན་པའི་འཇིག་རྟེན་ནི་སྙན་ངག་པ་རང་ཉིད་ཀྱི་འཇིག་རྟེན་ཡིན་ལ། འཇིག་རྟེན་གྱི་གྲུ་ག་དེ་སྙན་ངག་པ་ཁོ་ནར་དབང་བ་ལས་དེ་ལ་སངས་རྒྱས་དང་སེམས་ཅན་སུས་ཀྱང་ཐེ་གཏོགས་བྱེད་ནུས་མིན། སངས་རྒྱས་ཀྱིས་དག་ཞིང་བསྐྲུན་པ་ལས་སླ་བོ་མེད་ལ། སྙན་ངག་པས་རང་གི་འཇིག་རྟེན་སྐྲུན་པའང་དེ་བས་ལས་སླ་བོ་མིན། དག་ཞིང་ནི་འཇིག་རྟེན་རང་ག་བས་མཐོང་ཐོས་ཀྱི་ཡུལ་ལས་འགོངས་པ་ཡིན་ལ། སྙན་ངག་པས་རྟོག་འཆར་དང་སྒྱུ་རྩལ་གྱིས་བསྐྲུན་པའི་འཇིག་རྟེན་ཡང་སྐྱེ་བོ་ཕལ་བའི་བསམ་བློའི་ར་བའི་ནང་ཤོང་ཐབས་མེད་ངེས་ཡིན། དེར་བརྟེན་འཇིག་རྟེན་ཕལ་བའི་མིག་སྔར་མེད་ན་མེད་ངེས་ཡིན་མི་དགོས་ལ། སྙན་ངག་པའི་རྟོག་ངོར་གྲུབ་ན་ཡོད་པ་ཡིན་པའི་ངེས་པའང་དེ་བས་ཡོད་མི་དགོས།
རྩེད་མཚར་ཙམ་གྱི་དཔེ་མཚོན་ཞིག་བཀོད་ན།  
བརྗོད་གཞི་བོད་པའི་སེམས་ཁམས་ཀྱི་དག་སྣང་གཅིག་པོ་ལ།
ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷ་རྨཿ སྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པ་ཉིད་དུ་གྱུར།
ཆོས་ཀུན་རང་བཞིན་སྟོང་པའི་ངང་ཉིད་ལས།  །  
རང་ཉིད་ཨོ་བྷ་མ་ཡི་སྐུར་གྱུར་པ།  །  
ཞལ་གཅིག་ཕྱག་གཉིས་སྐུ་མདོག་ཅུང་ཟད་ནག།  
ཕྱག་གཡས་སྐྱབས་སྦྱིན་ཕྱག་རྒྱ་གྱེན་དུ་འཕྱར།  །  
གཡོན་པས་མཛུབ་མོ་གྱེན་དུ་སྒྲེང་བཞིན་དུ།  །  
སྙན་འཇེབས་གསུང་གིས་འཇིག་རྟེན་ཡོངས་སུ་འཆིང་།  །  
སྟོབས་འབྱོར་དབང་གིས་སྲིད་གསུམ་ཟིལ་གྱིས་གནོན།  །  
སྤྱན་གྱི་ཞགས་པས་གཟིགས་སྟངས་གཅིག་གིས་ཀྱང་།  །  
དཔལ་དང་འབྱོར་པའི་དངོས་གྲུབ་འདོད་རྒུའི་ཆར།  །  
འབད་མེད་ཡིད་བཞིན་འཇོ་བའི་འཕྲིན་ལས་མྱུར།  །  
བདག་དང་བདག་གི་སྤུན་མཆེད་ཉེ་འབྲེལ་ཀུན།  །  
སྐད་ཅིག་ཉིད་ལ་ཨ་རིའི་ཞིང་དུ་དྲངས།  །  
དེ་མ་ཐག་ཏུ་སྐྱབས་བཅོལ་ལག་ཁྱེར་ཐོབ།  །  
ཌོ་ལར་ས་ཡ་ལྡན་པའི་སྦྱིན་བདག་མདུན།  །  
གསང་སྤྱོད་ཁྲུས་ཁང་ཟ་ཁང་གང་ས་ལ།  །  
དཀའ་ཚེགས་མེད་པའི་ལས་ཀ་འབད་མེད་ཐོབ།  །  
དུས་ཡུན་མི་རིང་གཟའ་འཁོར་འགའ་ཞིག་ནང་།  །  
ཌོ་ལར་ཁྲི་ཁྲག་བསགས་པའི་དངོས་གྲུབ་ཐོབ།  །  
མཛེས་ལྡན་དགའ་མ་གཏན་གྱི་གྲོགས་སུ་བསུས།  །  
བསམ་པའི་དོན་ཀུན་འབད་མེད་ལྷུན་གྱིས་འགྲུབ།  །
པར་བསམས་ལ།   ཨོྃ་ཨོ་བྷ་མ།   ཨོ་བྷ་མ།   མཱ་ཧཱ་ཨོ་བྷ་མ་སྭཱ་ཧཱ།  གང་མང་བཟློས་མཐར།
དགེ་བ་འདི་ཡིས་མྱུར་དུ་བདག  །  
ཨོ་བྷ་མ་དབང་འགྲུབ་གྱུར་ནས།  །  
བོད་མི་གཅིག་ཀྱང་མ་ལུས་པ།  །  
ཨ་མི་རི་ཁར་ཐར་བར་ཤོག།  
ལྟ་བུ་ལ་དག་སྣང་རྩོམ་རིག་ཟེར་དགོས་པ་འདྲ།  
 
           (གསུམ)  ཚིག་རྒྱན་གྱི་རྒྱས་སྤྲོས།
ཚིག་རྒྱན་སྦྱོར་བའི་ཤེས་རབ་མི་ལྡན་ན།།
སྡེབ་སྦྱོར་བརྗོད་གཞི་གཉིས་ལ་གོམས་བྱས་ཀྱང་།  །  
གྲོང་ཚིག་ཕལ་སྐད་གཅོད་པ་མི་ནུས་པས།  །  
དེ་ཕྱིར་ཚིག་རྒྱན་ཤེས་པའི་ཐབས་ལ་འབད།  །  
རྩོམ་ཡིག་གང་འདྲ་ཞིག་འབྲི་བ་ཆ་བཞག་ན་སྡེབ་སྦྱོར་གྱི་ལུས་དང་བརྗོད་གཞིའི་སྲོལ་གཉིས་ཀ་ལྡན་ནའང་།  དེའི་ཐོག་ལ་ཚིག་རྒྱན་གྱི་མཛེས་དཔྱོད་དང་མི་ལྡན་ན་དེ་ནི་ཕན་ཚུན་གོ་བརྡ་འཕྲོད་ཙམ་གྱི་ལྐུགས་པའི་ལག་བརྡ་ལས་དྲག་ཙམ་ལས་གསོན་ཉམས་ལྡན་པ་དང་ཡིད་ག་འཇོ་བའི་སྒོ་ནས་ཕན་ཚུན་གོ་བརྡ་འཕྲོད་པའི་ནུས་པ་དང་མི་ལྡན་པས།  དེས་ན་ཕན་ཚུན་གོ་བརྡ་འཕྲོད་ཙམ་གྱིས་ནི་མི་ཆོག་པར་ཉན་སྤྲོ་བ་དང་བསམ་སླ་བ།  གོ་བདེ་བ་བཅས་ཀྱི་ཁྱད་ཆོས་ལྡན་པའི་སྒོ་ནས་ཀློག་པ་པོའམ་ཉན་པ་པོའི་སེམས་ལ་བག་ཆགས་གཏིང་ཟབ་ལྡན་པའི་སྒོ་ནས་འཇུག་ཐུབ་པ་དང་།  དོན་ཡིད་ལ་ལྷམ་མེར་འཆར་ཐུབ་པ་དང་།  ཚིག་ངག་ལ་ན་རེར་སྐྱོར་ཐུབ་པའི་ཁྱད་ཆོས་འདི་ཚོ། སྡེབ་སྦྱོར་དང་།   ཚིག་རྒྱན་གྱིས་སྤྲས་པ་ལ་རག་ལས་པ་ཡིན་པས་ཚིག་རྒྱན་ལ་འབད་དགོས།   དེ་ཡང་དཔེར་ན།   འབྱོར་པ་ཅན་གྱི་ཁྱིམ་ཚང་ཞིག་ཡིན་ན་དཀོར་མཛོད་རེ་རེའི་ནང་དུའང་རྒྱ་དཀར་ནག་སེར་གསུམ་གྱི་རྒྱན་ཆའི་རྣམ་གྲངས་མི་འདྲ་བ་དུ་མ་ལེན་ཆོག་ཆོག་ཡོད་པ་ལྟར།   ཚིག་རྒྱན་གྱིས་ཕྱུག་པའི་རྩོམ་པ་པོ་ཞིག་ཡིན་ན།   བརྗོད་གཞི་གཅིག་གི་ཐོག་ལ་རྒྱ་གར་ལྷོ་ཤར་དང་བོད་གནའ་དེང་གང་གི་ལུགས་སུ་བྱེད་ནའང་བྱས་ཆོག་ཆོག་གི་ཆ་རྐྱེན་ལྡན་ལ།   ཚིག་རྒྱན་ལ་སྦྱོང་བ་མེད་ན།   གར་འགྲོ་གོས་གཅིག་གི་དཔེ་ལྟར།   ལྟ་ན་ལྟད་མོ་དང་།   ཉན་ན་སྙན་པོ་དེ་ཙམ་ཡོང་ཐབས་མེད།   ཚིག་རྒྱན་གྱི་རྣམ་གྲངས་ལ་མུ་དང་མཐའ་མེད་པས་ཆ་ཚང་བ་ཞིག་འགྲེལ་བརྗོད་ཞུ་བ་མི་ནུས་ཀྱང་ཕྱོགས་བསྡོམས་ཙམ་བྱས་ན།   དྲང་པོར་བརྗོད་པའི་ཚིག་རྒྱན་དང་།   དཔེའི་ལམ་ནས་བརྗོད་པའི་རྒྱན་ཚིག  སྒྲོ་བཏགས་ཀྱིས་བརྗོད་པའི་ཚིག་རྒྱན།   རྒྱུ་འབྲས་ལྟོས་གྲུབ་ཀྱི་ཚིག་རྒྱན།   ཡུལ་དུས་ངོ་བོ་མཚོན་པའི་ཚིག་རྒྱན།   སྒྲ་སྦྱོར་མཚུངས་པའི་ཚིག་རྒྱན།   གབ་ཚིག་གི་ཚིག་རྒྱན་བཅས་སུ་དབྱེར་རུང་བར་སེམས།   ད་དུང་བོད་ཀྱི་གདོད་མའི་ཚིག་རྒྱན་དང་།   སྲོལ་རྒྱུན་གྱི་ཚིག་རྒྱན།   དེང་རབས་ཚིག་རྒྱན་གསུམ་དུ་དབྱེ་ནའང་དེ་གསུམ་དུ་འདུ་བར་སེམས།  
འདིར་དེ་རིང་ཁ་སང་གི་གནམ་གཤིས་གཅིག་པོ་བརྗོད་གཞིར་བཟུང་ནས་ཚིག་རྒྱན་མི་འདྲ་བའི་དཔེ་མཚོན་འགའ་ཞིག་འགོད་ན།  
བོད་གདོད་མའི་ཚིག་རྒྱན།  
དུས་དེང་སང་ཝཱ་ཎཱའི་གནམ་གཤིས་འདི།   །  
སྤྲིན་སྨུག་པ་འདྲེ་མོ་འདུར་འདུར་རེད།   །  
གནམ་ཨ་སྔོན་ཡུགས་མོ་ངུ་ངུ་རེད།   །  
ཆུ་ཆར་པ་མིག་ཆུ་འབབ་འབབ་རེད།   །  
སྲོལ་རྒྱུན་གྱི་དཔེ་རྒྱན་དང་སྒྲ་རྒྱན།  
མུ་མེད༵་ཆུ་འཛིན་གྱི་ཀློང་ནས།   །  
ཟག་མེད༵་བདུད་རྩི་དང་འདྲ་བའི།   །  
ཆད་མེད༵་ཆར་རྒྱུན་འདི་འབབ་པས།   །  
གཟུགས་མེད༵་སེམས་ཁམས་འདི་སྤྲོ་བྱུང་།   །  
སྒྲོ་བཏགས་ཀྱི་ཚིག་རྒྱན།  
གནམ་གྱི་རྒྱལ་མོའི་ཁོག་ལ་འཁྱིལ་བའི།   །  
ཆར་ཆུ་ཟིལ་མའི་གཅིན་པ་ཚ་བོ།   །  
སྐྱེ་འགྲོ་ཡོངས་ཀྱི་མགོ་ཐོག་བཏང་བས།   །  
ཉོབ་ཏོ་ཆགས་པ་གྲིབ་ཀྱིས་ཡིན་ངེས།  །   
ཏིང་ངེ་འཛིན་གྱི་ཡོན་ཏན། (ལེའུ་དང་པོའི་སྐབས)
སྟེང་ཕྱོགས་ལྷ་ལ་ངོ་ལོག་བྱས་པའི་རྗེས།   །  
མགོ་ནག་མི་ཡུལ་བྲོས་པའི་རྗེས་ཤུལ་ནས།   །  
ཁྱོ་བྲལ་ལྷ་མོ་འབུམ་གྱི་མིག་ཆུ་ཡིས།   །  
གང་གཱ་ཐུར་དུ་དོད་པ་མ་ཡིན་ནམ།   །  
ཡང་ན།
སྟེང་ཕྱོགས་ལྷ་དང་ལྷ་མོའི་དགོད་སྒྲ་ལས།  །  
འགྲམ་ཆང་བདུད་རྩི་ཆར་པའི་ཟོལ་འཆང་ནས།   །  
མི་ཡི་འཇིག་རྟེན་ཡུལ་དུ་འགྲིམ་པ་ལ།   །  
སྣ་མང་མེ་ཏོག་དགའ་བའི་སོ་ཕྲེང་རྒོད།   །  
ལྟ་བུ་སྟེ།   མདོར་ན་བརྗོད་གཞི་གཅིག་བཟུང་ནས་དེ་ལ་བསྟོད་སྨོད་དང་རིང་ཐུང་།   ཆེ་ཆུང།   སྦོམ་ཕྲ།   དཀར་ནག་ཅི་རིགས་སྣ་ཚོགས་པའི་འགྲེལ་བརྗོད་གང་བྱུང་བརྒྱབ་ནས་ཚིག་སྦྱོར་གྱི་སྒྱུ་རྩལ་ལ་ནན་ཏན་ཆེན་པོའི་སྒོ་ནས་བསླབ་དགོས།  

            མཐའ་བསྡོམས།
དེ་ལྟར་རྩོམ་གྱི་མ་ལག་རྣམ་གསུམ་གྱི།   །  
གནད་རྣམས་རང་གིས་ཇི་བཞིན་རྟོགས་བྱས་ཏེ།   །  
ལག་ལེན་བསྟེན་ནས་བརྩོན་པའི་སྟོབས་བསྐྱེད་དེ།   །  
རྩོམ་གྱིས་འགྲོ་དོན་མྱུར་དུ་སྐྱོངས་ཤིག་བུ།   །  
དེ་ལྟར་སྡེབ་སྦྱོར་དང་བརྗོད་གཞི།   ཚིག་རྒྱན་གསུམ་ཀའི་ཆ་ནས་ཡོངས་སུ་ཚང་བའི་གདེངས་ཚད་དངོས་གནས་དེ་ཐོབ་པ་ན།   རྩོམ་རིག་གི་ལག་ལེན་ལ་དངོས་སུ་འཇུག་ནས་དངོས་ཤུགས་བརྒྱུད་གསུམ་དང།   ཉིན་མཚན་དུས་དྲུག་ཏུ་རྩོམ་རིག་གི་བྱ་བའི་ལམ་ནས་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན།   ཆོས་ལུགས་དང་རིག་གཞུང་གི་རྨང་གཞི།   སྤྱི་ཚོགས་དང་བདེན་དོན་གྱི་ཆ་ལག་གང་ཞིག་སྐབས་སུ་བབ་པ་དེ་ཉིད་བརྗོད་གཞིར་བཟུང་ནས།   དུས་ཐོག་ཆར་པ་དང་རྣག་ཐོག་ཙག་འཁེལ་གྱི་སུན་འབྱིན་རྩོམ་རིག་དང་། སྙན་ངག  སྒྲུང་གཏམ།   ཚན་རིག  ལག་རྩལ།   ལོ་རྒྱུས།   རྒྱལ་རབས།   དེབ་ཐེར་ཆོས་འབྱུང་སོགས་འབྲི་དགོས།  
རིག་པའི་རླབས་ཕྲེང་གཡོ་བའི་ཚོགས་ར་ན།   །  
རྩོམ་རིག་གཞི་རྐང་ཚུགས་པའི་ཐབས་ལམ་འགའ།   །  
ཤ་ཟིན་སྤུ་ཟིན་ཙམ་དུ་བཀོད་པ་འདིས།   །  
ཕན་ན་དགེ་བསྔོ་ཉེས་ན་སྙིང་ནས་འཆག  །  
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།