གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱུང་ཕྲུག་བློ་བཟང་དར་རྒྱས་ཀྱིས་གློའུ་བཤད་བྱེད་ཀྱིན་འདུག

2012-08-30 17:35:00 མགོན་པོ་ཕྱག་གཉིས་པ། ཀློག་གྲངས། མཆན ཡོད།

       ༼བོད་རིག་པར་ཐོས་བསམ་བྱས་པའི་དཔེ་ཀློག་ཟིན་ཐོ་རིག་པའི་བཤུལ་ལམ༽ཞེས་པ་བཀླགས་རྗེས།
   ཁྱེད་ཀྱི་གློའུ་བཤད་དང་པོ།
   ད་གློའུ་བཤད་མ་ཡེད། ཨ་དྲིན་ཆེན་པོ། འདི་འདྲའི་གློའུ་བཤད་ལ་གསལ་བཤད་ཅིག་མ་བྱས་ན་མི་རྣམས་ལོག་ལམ་དུ་འཕྱན་འཇུག་པའི་ཉེན་ཁ་ཆེ། རྗེ་རིན་པོ་ཆེས་གསུངས་པ་ལྟར་རྒྱ་ཆེན་ཐོས་པ་མང་དུ་བསགས་པར་བར་ཆད་གཏོང་གི་འདུག མིས་དཔེ་ཆ་ཀློག་པར་དམིགས་ཡུལ་མི་འདྲ་བ་རེ་ཡོད་རྒྱུ་རེད་མོད། དཔེ་ཆ་མི་འདྲ་བ་རེ་རེ་ཀློག་ན་བསམ་ཚུལ་མི་འདྲ་བ་རེ། ཤེས་བྱ་མི་འདྲ་བ་རེ། བསམ་གཞིགས་གསར་པ་དང་དོགས་དཔྱོད་གསར་བ་བྱེད་དགོས་ས་གསར་པ་རེ་རྙེད་རྒྱུ་རེད་མོད། དཔེ་ཆ་མང་ང་ཀློག་ན་ཤེས་རབ་འཆལ་བའི་རྒྱུ་ཟེར་བ་ནི་བླུན་པོ་ཆུ་སྣ་གར་ཁྲིད་དང་རང་ཉིད་ལ་རང་གི་ཀླད་པ་མེད་པ་རྣམས་ལ་དེ་འདྲ་ཡིན་ནའང་ཐང་། ཁྱེད་རང་ས་ཆ་མི་འདྲ་བ་མང་པོ་ཞིག་ཏུ་ཕྱིན་ན་གནས་ཚུལ་གསར་པ་མང་པོ་ཤེས་པ་དང་གོ་རྟོགས་གསར་པ་མང་པོ་འབྱུང་རྒྱུ་ཡིན་པ་ལྟར་རེད། རྗེ་རིན་པོ་ཆེས་ལེགས་བཤད་གསེར་ཕྲེང་ལྟ་བུ་ཞིག་བརྩམས་པ་དེའང་ཐོས་ཀློག་མང་པོ་བྱས་པ་དང་དོགས་དཔྱོད་ཡང་ཡང་བྱས་པའི་བཀའ་དྲིན་གྱིས་རེད། ཁྱེད་ཀྱིས་ཀྱང་དཔེ་ཆ་མང་པོ་ཞིག་མཇལ་ཀློག་བྱས་པ་ལས་སྔོན་ཆད་རྙེད་མ་བྱུང་བའི་གོ་བ་དང་། རྟོགས་མ་མྱོང་བའི་ངེས་ཤེས་གྲངས་མེད་པ་ཞིག་རང་བློ་ལ་ཐོབ་སྟེ་སྤྲོ་བས་མྱོས་པར་གྱུར།་་ ཟེར་ནས་བྲིས་འདུག་ག
  ཡང་དམིགས་ཡུལ་དཔེ་ཆ་དེ་རང་ལ་ཉམས་ཞིབ་དང་རྩོམ་པ་པོའི་དགོངས་པ་དངོས་འཚོལ་ཐབས་ལྟ་བུའི་ཆེད་ཡིན་ན་ལྟ་ཀློག་ཞིབ་ཚགས་དང་ཡང་ཀློག་སྐྱར་ཀློག་བྱེད་དགོས་པ་ནི་དངོས་ཡོད་རེད། ག་ཚོད་རིག་རྡིབ་ཅིག་ཡིན་ན་དེའི་ཚོད་ཀྱིས་མང་ང་ཀློག་ལོས་དགོས། གློའུ་ཁ་ནག་ཅིག་ཡིན་ན་དཔེ་ཆ་གཅིག་ཐེངས་མ་བརྒྱ་ཀློག་ནའང་ཡར་སྐྱེར་ཆེར་ཡོད་པ་མ་རེད།
  དཔེ་ཆ་བྱེ་བྲག་པ་རེ་དང་ལྟ་གྲུབ་བྱེ་བྲག་པ་རེའི་ནང་མགོ་འཁོར་བསྡད་ན་རང་གི་བསམ་བློ་རང་གིས་གཅུན་པ་དང་རང་ཉིད་ལ་རང་གིས་སྒྲོག་བརྒྱབ་པ་ཡིན་པ་དེའང་ཤེས་པར་གྱིས། མདོར་དེད་ན་དཔེ་ཆ་གཅིག་ཐེངས་མ་བརྒྱ་ཀློག་པ་ལས་དཔེ་ཆ་མི་འདྲ་བ་བརྒྱ་ཀློག་ན་བཟང་།

  ཁྱེད་ཀྱི་གློའུ་བཤད་གཉིས་པ།
  སྤྱིར་ཐོས་བསམ་བྱེད་པར་སྐུལ་བ་ནི་ཡ་རབས་ཀྱི་ལས་ཤིག་ཡིན་མོད།  བསྡུས་གྲྭའི་སྤྱི་དོན་དེ་ཉིད་ནི་ད་ལྟའི་བོད་རིག་པ་སྤྱི་དང་བྱེ་བྲག་དེང་དུས་ཀྱི་རྩོམ་རིག་སྨྲ་བ་དང་བརྡ་སྤྲོད་མཁན་པོ། ལོ་རྒྱུས་ཞིབ་འཇུག་གི་ལས་ལ་འཇུག་པ་དག་ལ་མཚོན་ན་ངེས་པར་དུ་ཀློག་ཀྱང་དགོས་་ ཞེས་སྨྲ་བ་ནི་གློའི་བཤད་ཅིག་ལས་མ་འདས། ནང་ཆོས་ཀྱི་མཚན་ཉིད་རིགས་པ་སྦྱོངས་པ་དང་དེ་ལ་ཞིབ་འཇུག་བྱེད་ན་འདི་ནི་ངེས་པར་དུ་སྦྱོང་དགོས་པ་ཞིག་ལོས་ཡིན། བོད་རིག་པ་ཟེར་ན་ཧ་ལས་པའི་རྒྱ་ཆེ་བའི་མིང་བྱང་ཞིག་རེད། བསྡུས་གྲྭ་ལ་རྩ་ནས་འབྲེལ་བ་མེད་པའི་དོན་དག་ཅིག་ལ་སློབ་འདོད་ཡོད་པའམ་ཉམས་ཞིབ་བྱེད་མཁན་ཞིག་ཡིན་ན་ཅི་ཡི་ཕྱིར་ཡིན་གཅིག་མིན་གཅིག་བསྡུས་གྲྭ་སྦྱོངས་དགོས་པ་རེད། རྩོམ་རིག་སྨྲ་བ་དང་། ལོ་རྒྱུས་ཞིབ་འཇུག། བརྡ་སྤྲོད་མཁན་པོ་དག་བསྡུས་གྲྭ་ལ་ག་རེ་བྱས་ནས་འབྲེལ་བ་ཡོད་པ་རེད། སྤྱིར་རིག་གནས་ཀྱི་རྣམ་གྲངས་ཅི་ཙམ་མང་པོ་ཤེས་ན་དེ་ཙམ་བཟང་མོད། ཁྱེད་རང་ལྟ་བུ་ཚེ་གང་བསྡུས་གྲྭ་དང་ནང་ཆོས་ཀྱི་མཚན་ཉིད་རིགས་པ་སྦྱོང་ཡོང་མཁན་ཞིག་ནས་འདི་ལྟར་གློའུ་བཤད་དང་ནང་འགལ་ཅན་གྱི་སྐད་ཆ། དོན་དངོས་དང་མི་མཚུངས་པ། མི་འཚམས་པ་རྐྱང་བཤད་ཡོང་ན་ལྷག་ཏུའང་བསྡུས་གྲྭ་དང་མཚན་ཉིད་རིགས་པ་སྦྱོངས་པར་དོན་དག་མི་འདུག་སྙམ་པ་སྟེར། གསལ་བཤད་བྱེད་དགོས་པ་ཞིག་ནི། བསྡུས་གྲྭ་དང་མཚན་ཉིད་རིགས་པ་མ་སྦྱོངས་ཟེར་གྱི་མེད། དེ་བོད་རིག་པའི་ཁྱབ་ཁོངས་ཚང་མར་འབྲེལ་བ་ཡོད་པ་མ་རེད་ཟེར་གྱི་ཡོད།

  ཁྱེད་ཀྱི་གློའུ་བཤད་གསུམ་པ།
 བོད་རིག་པ་ལ་སྦྱངས་འདོད་དང་ཞིབ་འཇུག་བྱ་མཁན་ཞིག་ཡིན་ན་ནང་བསྟན་རིག་གནས་ལ་ཁ་འབྲལ་ཐབས་མེད་པའི་གནས་སུ་ཆགས་འདུག་་ ཅེས་པ་ནི་ཁྱེད་ཀྱི་གློའུ་བཤད་གསུམ་པའོ། གོང་དུ་བཤད་པ་ལྟར་བོད་རིག་པ་ཟེར་ན་རྒྱ་ཆེན་པོ་རེད། དེའི་ནང་ནང་བསྟན་དང་འབྲེལ་བ་མེད་པ་མང་པོ་ཡོད་པ་རེད། འདྲེ་མོ་ལྕགས་མཆུ་ཅན་དང་སྲིན་པོ་མགོ་དགུ་དེ་ནང་ཆོས་དང་འབྲེལ་བ་ག་འདྲ་བྱས་ནས་ཡོད་པ་རེད། ཕ་བསད་ཀྱི་དགྲ་ཤ་བུ་ཡིས་རྩོད་དགོས་པ། ཕོ་རོག་གིས་ཨག་ཤད་བྱས་ན་རྣམ་རྟོག་ཟ་བ། ཟོ་སྟོང་ཁུར་བར་ལམ་ཐུག་བརྒྱབ་ན་རྣམ་རྟོག་ཟ་བ། ལྷ་འདྲེ་ནག་ཕྱོགས་རྣམས་ལ་དམར་བསང་འབུལ་བ། ཨ་མཚར་མཚར་ར་མཚར་དགུ ཨ་ཐེ་ཐེ་ཡ་ཐེ་དགུ། ཁེད་ན་རུ་སྟེར་དགོས་པ། མཛུབ་མོ་ནང་བཀུག་གིས་མནའ་ཤག་སྒྲིག་པ་སོགས་གྲངས་ཀྱིས་མི་ལོན་པའི་ཡུལ་གོམས་གཤིས་ལུགས་དང་རྣམ་རྟོག གཞན་གདོད་མའི་སྤྱི་ཚོགས་ཀྱི་རྣམ་པ་མང་པོ་ནང་ཆོས་དང་འབྲེལ་བ་མི་འདུག་ག ཁྱེད་ཀྱི་སྐད་ཆ་བཤད་སྟངས་འདི་དག་ལ་བལྟས་ཡོང་ན། ཁྱེད་ཀྱིས་ད་བར་བློ་རྨོངས་བྱེད་ཀྱི་རིག་གནས་ཤིག་སྦྱངས་ཡོང་པ་ལས་ཟབ་གསལ་ཆེ་མྱུར་གྱི་ཤེས་རབ་འཕེལ་ཞིང་རིག་པའི་རྩལ་རྒྱས་བྱེད་ཀྱི་རིག་པ་ཞིག་སྦྱངས་མེད་པ་འདྲ་བ་དེ་ཅི་མ་འགྲིགས་པ་རེད།

  ཁྱེད་ཀྱི་གློའུ་བཤད་བཞི་པ།
  ཆོས་ལུགས་རིག་གནས་འདི་ལ་ཚད་ཅུང་ཟད་མཐོ་ཤོས་ཀྱི་སྒོ་ནས་ངེས་ཤེས་འཚོལ་པ་དང་ཞིབ་འཇུག་དཔྱད་འཇོག་རེ་བྱ་འདོད་ན། ཐོག་མར་སྒྲ་ཚད་ཀྱི་རིགས་པའི་སྤྱི་འགྲོས་དང་ནང་བསྟན་རྒྱུན་ཤེས་ཀྱི་གོ་བ་ཆགས་པའི་རྨང་གཞི་ངེས་ཅན་ཞིག་སྔོན་དུ་མ་སོང་ཐུ་མེད་ཡིན་་ ཞེས་པ་ནི་གློའུ་བཤད་བཞི་པ་དེ། ནང་ཆོས་ཟེར་ན་རྒྱ་ཆེན་པོ་ཞིག་རེད་ལ་ཆོས་ལུགས་ཟེར་ན་དེ་ལས་ཀྱང་རྒྱ་ཆེན་པོ་ཞིག་རེད། བོད་ཀྱི་ཆོས་ལུགས་ནང་། ནང་ཆོས། བོན་ཆོས། ཁ་ཆེའི་ཆོས། ཡེ་ཤུའི་ཆོས་སོགས་མང་པོ་ཞིག་ཡོད་པ་རེད་ལ། དེ་རེ་རེ་ལ་ནང་གསེས་ཀྱིས་དབྱེ་བ་འབྱེད་རྒྱུ་མང་པོ་ཞིག་ཡོད་པ་རེད། སྨོན་ལམ་གསོལ་འདེབས་མཆོད་བསྟོད། ལྷ་མཆོད་འདྲེ་མཆོད། ཞབས་བརྟན་རིམ་གྲོ གཤིན་ཆོག་དུར་ལས། རྔ་རྡུང་དར་ཕྱར་ལབ་ཙེ་བསྟོད་པ། བསང་གསུར་གཏོང་པ། གཏོ་འཕེན་གླུད་གཏོང་། ལྷ་འབེབས་གདོན་དཀྲོལ་སོགས་སྲོལ་འདྲ་མིན། ཆོས་ལུགས་རེ་རེའི་དར་ཚུལ། ཕན་ཚུན་ཤན་ཞུགས་སོགས་ཀྱི་ལོ་རྒྱུས་འཕེལ་རིམ་སོགས་མི་འདྲ་བའི་དབྱེ་སྒོ་བསམ་གྱིས་མི་ཁྱབ་པ་མང་པོ་ཡོད་པ་རེད། འདི་ཚོ་ཚང་མ་སྦྱོངས་པའམ་ཉམས་ཞིབ་བྱེད་པར་སྒྲ་དང་ཚད་མ་དགོས་པ་རེད་ཟེར་ན་དེ་ལས་གློའི་བཤད་ཅིག་ཨ་དྲིན་ཆེན་པོ་གང་ན་ཡོད་པ་རེད། ད་ལྟ་འཛམ་གླིང་ཐོག་ཞིབ་འཇུག་པ་གྲངས་ཀྱིས་མི་ལོངས་པ་ཞིག་ཡོད་པ་རེད། རང་གིས་ཞིབ་འཇུག་བྱ་ཡུལ་དེ་ལ་ཞིབ་འཇུག་ཡག་པོ་དང་ཞིབ་ཚགས་ཤིག་བྱེད་ཐུབ་ན་དེ་གས་འཐུས་པ་རེད། དེ་ལ་ཞིབ་འཇུག་བྱེད་པར་སྒྲ་དང་ཚད་མ་སོགས་ལ་འབྲེལ་བ་མེད་ན་དེ་དང་དེ་མ་ཤེས་ཀྱང་ཆོག་པ་རེད།  སྐད་ཆ་འདི་འདྲ་རྫབ་ཆེན་རྐྱང་བཤད་པ་དེ་གློའུ་བཤད་ཆུང་ཆུང་ཞིག་མིན་པར་ཆེན་པོ་ཡིན་པ་རེད།

  ཁྱེད་ཀྱི་གློའུ་བཤད་ལྔ་པ།
  རིག་པའི་རྣམ་གྲངས་མང་པོ་རེད། རང་རང་གང་ལ་དགའ་བ་དེར་སློབ་སྦྱོང་བྱེད་རྒྱུ་དེ་ཨང་དང་པོ་རེད། རང་རང་དགའ་ས་དང་འཐད་སའི་རིག་པའི་རྣམ་གྲངས་ལ་སློབ་པ་དེ་ནི་གང་དེའི་རང་གཤིས་དང་སེམས་ཁམས། མོས་པ་སོགས་ལ་འབྲེལ་བ་ཞིག་ཡོད་པ་རེད། རང་རང་གང་ལ་དགའ་བ་གཞིར་བཟུང་ནས་གཞན་པ་ལའང་དེ་དང་དེ་སློབ་ཟེར་ནས་ཨུ་ཚུགས་བརྒྱབ་ནས་བཤད་པ་ནི་གློའུ་བཤད་ལྔ་པའོ། དེ་ནི་གཞན་གྱི་དགའ་མོས་དང་རང་གཤིས་ལ་བརྩི་འཇོག་མ་བྱས་པ་ཞིག་ཀྱང་རེད། དེ་ནི་རང་རེ་རྣམས་ལ་སྲོལ་རྒྱུན་ནས་ཡོད་པའི་ཕ་མ་དང་དགེ་རྒན་གྱི་རང་ཆེ་རང་མཆོག་གི་བསམ་བློ་དང་གཅིག་གཅོད་ཀྱི་འདུ་ཤེས་ལས་བྱུང་བ་ཞིག་ཀྱང་ཡིན་པ་འདྲ། རང་ལྟ་མཆོག་འཛིན་གྱི་དབང་དུ་ཤོར་བའི་སྐད་ཆ་འདིའང་གཞན་སེམས་དང་གཞན་གྱི་དགའ་མོས་ལ་རྒྱུས་ལོན་བྱེད་མི་ཤེས་པ་དང་སྣང་ཆུང་བྱས་པའི་གློའུ་བཤད་ཅིག་རེད། རིག་པའི་རྣམ་གྲངས་མང་པོ་ཞིག་ཤེས་ན་དེ་ནི་ཡག་ཐོག་ཡག་བརྩེགས་ཡིན་པ་བཤད་མ་དགོས་ཀྱང་། དོན་དག་བྱེ་བྲག་པ་རེར་ཞིབ་འཇུག་བྱེད་པར་དེ་དང་འབྲེལ་མེད་ཀྱི་རིག་པའི་རྣམ་གྲངས་དག་ཡིན་གཅིག་མིན་གཅིག་བསླབ་དགོས་པ་ལྟ་བུར་བཤད་ན་དེ་ནི་གློའུ་བཤད་རང་རེད།

  ཁྱེད་ཀྱི་གློའུ་བཤད་དྲུག་པ།
  རང་ཉིད་ཀྱིས་སྐད་ཆ་ཁ་ཤས་བཤད་པར་ཡང་གློའུ་བཤད་དང་རྫོབ་རྟགས་ཀྱིས་ཁེངས་བཞིན་དུ། གཞན་དང་གཞན་ལ་ ་་ངེད་ཅག་བོད་རིག་པའི་ཆེད་ལས་རྩོམ་པ་པོའམ་ཞིབ་འཇུག་པ་མང་པོ་ཞིག་གི་ཆེད་རྩོམ་དག་བཀླགས་ན། དཔྱད་འཇོག་གི་ཟླ་བའི་བཞིན་རས་སུ་འགལ་མ་ངེས་མ་གྲུབ་ཀྱི་མཚན་མ་སྟེ་སབ་སོབ་རབ་རིབ་དང་། སྤྱི་ཁྱབ་སྒོས་ཁྱབ་མ་ཕྱེད་པའི་སྤྲིན་ཚོགས་ཀྱིས་རེ་ཞིག་མོག་པོར་བགྱིས་དང་བགྱི་བཞིན་པའི་སྣང་བ་འགོག་མེད་དུ་སྟེར་་་ ཞེས་པ་ལྟ་བུ། ཡང་།  ་་དེང་གི་བོད་རིག་པའི་གླེང་སྟེགས་ན་མཚན་གྱི་རོལ་མོ་དཀྲོལ་པ་དང་རིག་པ་དོན་དུ་གཉེར་པ་ཕལ་མོ་ཆེ་དག་གིས་དེ་འདྲ་བློ་ལ་བཟུང་དང་འཛིན་པ་ལྟ་ཅི། དཔེ་ཀློག་རེ་འགའ་བྱས་ཙམ་དང་། ལ་ལས་བམ་ཀློག་ཙམ་གྱི་སྐལ་བ་ཡང་རག་མེད་པར་སྔ་རབས་པའི་བསམ་བློ་དང་ལྟ་བ། རིགས་པ་རྣམས་ལ་ཉམས་རྒྱུས་རིང་ནས་བྲལ་བཞིན་ད་དུང་སྙིང་ཁམས་གང་ཆེས་ཞིབ་འཇུག་གི་སྔོ་ལོ་འཕྱར་བཞིན་འདུག་པ་ནི་རེ་ཞིག་སེམས་པ་གྲང་བའི་རྒྱུ་ཉིད་ལས་གཞན་དུ་མ་དམིགས་སོ་་ སོགས་ནི་ཁ་ཤོ་ཞིག་གིས་བཞི་ཤོ་ཞིག་ལ་འཕྱ་དགོད་བྱེད་པ་དང་གཉིས་སུ་མ་མཆིས་ན་དེའང་གློའུ་བཤད་བྱས་པ་ཞིག་ལོས་ཀྱང་ཡིན།

  ཁྱེད་ཀྱི་གློའུ་རྟགས་བདུན་པ།
  ཞིབ་ཚགས་ཀྱིས་སྐྱར་དུ་ཀློག་ཁོམ་མ་བྱུང་ཡང་། ཨག་གསར་ནོར། ཨ་གསར། བགྱིས་དང་བགྱི་བཞིན་ནོར། བགྱིད་བཞིན། བྱ་མཁན་མ་རེད་བྱེད་མཁན་རེད། གྲོ་ལུང་བ་ཞེས་བྲིས་པ་དང་རང་རྐྱ་པ་ཞེས་བྲིས་པ་འགལ། ས་སྐྱ་བ་ཞེས་བྲིས་པ་དང་ཙོང་ཁ་པ་ཞེས་བྲིས་པ་འགལ། བཀླགས་རྒྱུ་ནོར། བཀླག་ཕྲིས། རྒྱལ་པ་མ་རེད་རྒྱལ་བ་རེད། སྤྱན་འབེབ་ནོར། འབེབས། རྒྱུགས་ནོར། རྒྱུག  གཞུང་རྙིང་མང་པོ་ཞིག་ལྟར་ན། བཅུ་དགུ་བ། ཉི་ཤུ་བ་སོགས་ནོར། པ་ཕྲིས། གྲངས་ཀ་ཞིག་ཡིན་ཕྱིན་ཆ་ཡ་གཉིས་ཀྱི་མཐར་པ་བྲིས་པ་སྔོན་གྱི་ལུགས། འབུམ་རམས་དང་མཚན་ཉིད་རིགས་པ་བ་ཡིན་ཞེས་འུད་བཤད་བྱེད་མཁན་ནང་ཡང་འདི་འདྲ་གློའུ་ཁ་ནག་ཡོད་པ་ཡ་མཚན་རེད། རྩོམ་མིང་དང་བཅས་པར་གློའུ་བཤད་ཅེས་བྲིས་ན་རྩོམ་པ་པོར་བརྩི་འཇོག་མ་བྱས་པ་ལྟ་བུར་མཐོང་ཡང་། བསམ་བློ་ཞིག་བཏང་ན་འདི་ལས་གཞན་པའི་ཚིག་ཅིག་ང་ལ་འབྲི་རྒྱུ་མ་རྙེད་པས་ཚིག་དེ་དག་རང་བཀོལ་དགོས་བྱུང་བར་དགོངས་པ་ཆེ་བཞེས་ཡོང་བ་ཞུ།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།