གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

"དཀྲོལ་ལེན་"ཞེས་པའི་ཐ་སྙད་འཁྲུལ་སྤོང་དང་འབྲེལ་ཏེ་ཅུང་ཙམ་དཔྱད་པ།

2015-07-05 17:15:20 ཤིས་ཚང་ལྗང་མྱུག༼ ཀླུ་ཆུ ༽ ཀློག་གྲངས། མཆན ཡོད།


              ཐོག་མར་གླེང་སློང་བ།

  ཉེ་བའི་ལོ་འདི་འགར་བོད་ཀྱི་ཡི་གེ་བའི་སྡེ་དང་། གླུ་གཞས་སྒྱུ་རྩལ་བའི་སྡེ་ཁག་གང་སར་སྔར་གྱི་རྡུང་ལེན་ཞེས་པའི་ཐ་སྙད་དེའི་ཚབ་ཏུ་དཀྲོལ་ལེན་ཞེས་པ་ཞིག་སྤང་ལ་མེ་བསྒོས་པ་བཞིན་དུ་ཁྱབ་དང་ཁྱབ་ཀྱིན་འདུག་པ་ནི། དོན་གྱིས་མ་དག་པ་རྒྱུན་འབྱམས་སུ་འགྲོ་བཞིན་པ་ཞིག་ཏུ་འདོད། ཅི་ལྟར་མ་དག་པ་རེད་ཅེ་ན། ཐོག་མར་ཐ་སྙད་དེ་གང་དུ་གདག་བྱའི་རོལ་མོ་དེ་འབུད་རྡུང་དཀྲོལ་གསུམ་ལས་གང་གི་ཁོངས་སུ་གཏོགས་པ་ཤེས་དགོས་ལ། ཡང་རྡུང་ནི་དུས་དང་རྣམ་པ་ཀུན་ཏུ་གཅིག་གི་སྟེང་ལ་གཅིག་གིས་སྣུན་པའམ་རྡེག་པ་སྟེ་རྔ་རྡུང་བ་དང་སྒོ་རྡུང་བ་ལྟ་བུར་གོ་མི་རུང་བར། རྒྱུད་མངས་བདུངས་དང་པི་ཝཾ(པི་ཝང)་བདུངས་ཞེས་པའི་དོན་དུ་གོ་བའང་ཡོད་པའི་ཁུངས་དང་ཤེས་བྱེད་མཐོང་ན་ད་གཟོད་རྡུང་ལེན་ཞེས་པའི་སྔར་གྱི་ཐ་སྙད་དེ་རང་སོར་བཞག་པ་འཐད་པའམ། ཡང་ན་དེ་དང་སྒྲ་མཚུངས་པའི་བདུང་ལེན་ཞེས་བྲིས་ནའང་ཆོག་པའི་ངེས་ཤེས་རྙེད་ལ། ཞོར་དུ་ཡིན་གཅིག་མིན་གཉིས་ངག་ལ་བདེ་མི་བདེ་བྱས་ཏེ་དཀྲོལ་ལེན་ཞེས་པའི་ཐ་སྙད་གསར་བ་ཞིག་བཙན་གྱིས་འབོད་པར་ཡང་དགོས་པ་ཆེར་མེད་པ་ཧ་གོ་ངེས།
  རྒྱུ་མཚན་དེའི་ཕྱིར། ཁོ་བོས་གཤམ་དུ་གནའ་དེང་གི་མཁས་པ་སོ་སོས་མཛད་པའི་རོལ་མོའི་ལོ་རྒྱུས་ལས་པི་ཝཾ(པི་ཝང)་འབུད་རྡུང་དཀྲོལ་གསུམ་གྱི་རོལ་མོ་གང་གི་ཁོངས་སུ་མཛད་ཚུལ་དང་། གཞན་ཡང་སྔོན་གྱི་སྙན་ངག་དང་། ཆབ་ཤོག་སོགས་སུ་པི་ཝཾ(པི་ཝང་)ལ་སྦྱར་བའི་བརྡུངས་དང་བདུངས་གཉིས་ཅི་ལྟར་ཁྱད་མེད་དུ་སྤྱད་ཡོད་པའི་སྐོར་བཅས་ཆེ་ལོང་ཙམ་ཞིག་རྣ་བའི་ཡུལ་དུ་སྦྲན་པར་འདོད།

               དང་བོ། པི་ཝང་འབུད་རྡུང་དཀྲོལ་གསུམ་གྱི་རོལ་མོ་གང་གི་ཁོངས་སུ་གཏོགས་ཚུལ་བཤད་པ།

  དེ་ཡང་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་ལུང་ཕྲན་ཚེགས་ཀྱི་འགྲེལ་བར། པི་ཝང་ནི་སིལ་སྙན་གྱི་ཁྱད་པར་ལ་བྱ་སྟེ། ད་ལྟར་ནི་མི་སྣང་ངོ་།། [1] ཞེས་གསུངས་པ་ལྟར་ན། ད་ལྟར་ང་ཚོས་པི་ཝཾ(པི་ཝང་)ཞེས་འབོད་ཀྱིན་པ་དེ་པི་ཝཾ(པི་ཝང)་དངོས་གནས་དེ་མིན་པར་ཏམ་བུ་ར་སྟེ་རྒྱུད་མངས་ལ་པི་ཝཾ(པི་ཝང)་ཞེས་པའི་མིང་གིས་བཏགས་པ་ཡིན་པར་སྙམ་ལ། ཡང་སྦུར་ལེན་མིག་ཅན་བཀྲ་ཤིས་རྒྱ་མཚོ་ཞུ་བས་མཛད་པའི་<<སྔ་འགྱུར་རྡོ་རྗེ་ཐེག་པའི་རིག་འཛིན་རྒྱ་མཚོའི་ལོངས་སྤྱོད་ཆས་གོས་རྒྱན་དང་རོལ་མོའི་རྣམ་བཤད་སྔགས་འཆང་རྒྱན་གྱི་མེ་ཏོག་>>ཅེས་པར། “ལྔ་པ་པི་ཝམ་ནི། རྒྱ་གར་སྐད་དུ་ཏམ་བུ་ར་ཞེས། བོད་སྐད་དུ་པི་ཝཾ་ངམ། རྒྱུད་མང་དུ་གྲགས་པ་” [2] ཞེས་ཏམ་བུ་ར་དང་པི་ཝང་གཉིས་དོན་གཅིག་ཏུ་ངོས་བཟུང་བའང་སྣང་།
  འུ་ཚོའི་བོད་ལ་པི་ཝང་ཞེས་པའི་ཐ་སྙད་འདི་ཡིག་ཐོག་ཏུ་ཐོན་པ་ཆེས་སྔ་ལ། འདུལ་བ་ལུང་ཕྲན་ཚེགས་སོགས་སུ་འབྱུང་བ་ལྟར། པི་ཝང་ཞེས་པ་སིལ་སྙན་གྱི་ཁྱད་པར་ཞིག་ཡིན་མིན་དང་། དེ་ཕྱིས་སུ་ནུབ་པར་གྱུར་མིན་གང་ལྟར་ཡང་། གོང་གི་བསྟན་བཅོས་དེར་པི་ཝང་དང་རྒྱུད་མངས་གཉིས་དོན་གཅིག་ཏུ་བཞེད་པ་ལྟར་ང་ཚོས་ཀྱང་དེ་ག་རང་དུ་ངོས་འཛིན་པ་ཡིན། འདི་དག་ནི་ཞོར་འཕྲོས་ཙམ་ལས་སྐབས་ཀྱི་གླེང་བྱ་དངོས་ཏེ། པི་ཝང་ནི་འབུད་བརྡུང་དཀྲོལ་གསུམ་གྱི་རོལ་མོ་གང་ཡིན་ཞེ་ན།
  རང་ཅག་བོད་ལ་སྔ་མོ་ནས་རོལ་མོའི་རྣམ་གྲངས་མང་བོ་ཞིག་ཡོད་ཀྱང་དེ་དག་ཕལ་ཆེར་འབུད་རྡུང་དཀྲོལ་གསུམ་གྱི་ཁོངས་སུ་མ་འདུས་པ་མེད་པར་གསུངས་ཤིང་། འདིར་གླེང་བྱའི་པི་ཝང་ཞེས་པའང་བརྡུང་བའི་རོལ་མོའི་གྲས་སུ་འདུ་བར་བཞེད་དེ། གོང་དུ་བརྗོད་པའི་<<རོལ་མོའི་རྣམ་བཤད་>>ཅེས་པའི་བསྟན་བཅོས་དེར། འབུད་བརྡུང་དཀྲོལ་གསུམ་གྱི་རོལ་མོའི་རྣམ་གྲངས་སོ་སོར་གསུངས་པ་ལས། “གཉིས་པ་བརྡུང་བའི་རོལ་མོ་ལའང་ལྔ་ལས་” [3] ཞེས་རྔ་དང་། ཆ་ལང་ངམ་སྦུག་ཆལ།(སྦུབ་ཆོལ།) ཏིང་ཤག གཎྜི། པི་ཝཾ་ལྔ་རེ་རེ་ནས་འགྲེལ་བཤད་དང་བཅས་ཏེ་བརྡུང་བའི་རོལ་མོའི་གྲས་སུ་བཞག་ཡོད་ལ། དེ་བཞིན་དུ་ཕྱིས་སུ་རྩོམ་པ་བོ་ཧོར་གཙང་འཇིགས་མེད་ལགས་ཀྱིས་བརྩམས་པའི་<<བོད་ཀྱི་རོལ་མོའི་ལོ་རྒྱུས་ལ་ཐོག་མར་དཔྱད་པ་>>ཞེས་པར་ཡང་། རྡུང་བའི་རོལ་མོའི་རྣམ་གྲངས་བཅུ་གཉིས་བཤད་པ་ལས་པི་ཝང་དེ་དག་གི་གཉིས་པར་བགྲང་ཡོད། ཡིན་ནའང་། ཁོང་གིས་”པི་ཝང་གི་རིགས་ལ་རྡུང་འདི་མི་འབྲི་བར་བདུངས་འདི་ཉིད་འབྲི་བས་རྡུང་བའི་རོལ་མོའི་ནང་འཇུག་པ་ལ་དོགས་པ་ཞིག་མེད་དམ་སྙམ་”[4] ཞེས་དོགས་སློང་དང་འབྲེལ་ཏེ་ཐེ་ཚོམ་གྱི་ཡུལ་དུ་བཞག་པར་བསམས་ན། ཁོང་གིས་བདུངས་ཞེས་པ་རྡུང་དཀྲོལ་གཉིས་ལས་དཀྲོལ་པའི་དོན་དུ་བསམས་པ་ཨེ་ཡིན་སྙམ།
  དེ་ལྟ་ནའང་། པི་ཝང་གི་རིགས་ལ་མཐའ་གཅིག་ཏུ་རྡུང་འདི་མི་འབྲི་བར་བདུངས་འདི་ཉིད་འབྲི་བའི་ངེས་པ་གཏན་ནས་མེད་དེ། སྔོན་གྱི་ལོ་ཙཱ་བ་དང་མཁས་པ་སོ་སོའི་གསུང་རྩོམ་ཁྲོད་དུ་པི་ཝང་ལ་སྦྱར་བའི་བརྡུངས་འདི་བྲིས་པ་ཧ་ཅང་མང་ཡང་། འདིར་ཡིག་ཚོགས་ཀྱི་དབང་གིས་རེ་རེ་ནས་འབྲིར་མི་ལངས་མོད། འོན་ཀྱང་། གཅིག་ཤེས་ཀུན་གྲོལ་གྱི་ཚུལ་དུ་དཔེ་མཚོན་འགའ་རེ་དྲངས་ན།
  <<འཕགས་པ་དུམ་བུ་ཞེ་གཉིས་པ་ཞེས་བྱ་བའི་མདོ་>>ལས། “ཁྱོད་སྔོན་ཁྱིམ་ན་གནས་པའི་ཚེ་ལས་ཅི་ཞིག་བགྱིད། གསོལ་པ། པི་ཝང་བརྡུང་བའི་ལས་བྱེད་པ་ལགས་སོ།།”[5] ཞེས་དང་། གཞན་ལོ་ཙཱ་བ་རིན་ཆེན་བཟང་བོས་བསྒྱུར་པའི་<<ཀུན་ཏུ་བཟང་བོའི་སྒྲུབ་ཐབས་ཀྱི་འགྲེལ་བ་>>ཞེས་པར། “སྒྲ་རྡོ་རྗེ་ནི་མི་བསྐྱོད་པ་ལྟར་སྐུ་མདོག་གནག་པ་ལ་རྩ་བའི་ཕྱག་གཉིས་ཀྱིས་རྡོ་རྗེ་འཛིན་པ་ལ་འཁྱུད་པ་ཕྱག་གཉིས་ཀྱིས་པི་ཝང་བརྡུངས་པ་”[6] ཞེས་དང་། ཡང་། སློབ་དཔོན་དྷརྨ་ཀིརྟིས་མཛད་པའི་<<ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རོའི་སྦྱིན་སྲེག་གི་དཀྱིལ་འཁོར་གྱི་ཆོ་ག་>>ཞེས་པ་ལས། “ཨོཾ་བཛྲ་གཱི་ཏི་བཛྲ་དྷརྨ་ཀ་རོད་བྷ་བ། ཞེས་པས་ལྷ་མོ་ཉིད་ཀྱིས་པི་ཝང་བརྡུངས་པས་མཆོད་པར་བསམ་མོ།།”[7] ཞེས་དང་། ལོ་ཙཱ་བ་ཚུལ་ཁྲིམས་འབྱུང་གནས་སྦས་པས་བསྒྱུར་པའི་<<སེང་གེ་ཞབས་འབྲིང་བའི་སྐྱེས་པ་རབས་ཀྱི་ཕྲེང་བ་>>ཞེས་པ་ལས། “གང་གི་ཚེ་དེས་མངོན་པར་རྒྱུག་པ་དེའི་ཚེ་ནོར་བཟངས་ཀྱིས་པི་ཝང་བརྡུངས་པར་གྱུར་ཏེ།” [8] ཞེས་དང་།
  དེ་མིན། རྒྱལ་དབང་ལྔ་བ་ཆེན་པོའི་<<སྟག་ལུང་ལོ་ཙཱ་བ་དབུ་མ་ཆོས་མཛད་ཀྱི་འཕྲིན་ལན་དོན་གྱི་བློ་ལྡན་ཕུར་བུ་>>ཞེས་པ་ལས། “བློ་གྲོས་མགྲིན་པའི་པི་ཝང་བརྡུངས་པ་ལས།།” [9] ཞེས་དང་། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་མཛད་པའི་དག་སྣང་སྤྲུལ་བའི་གླེགས་བམ་ལས། “སྙན་པའི་པི་ཝང་བརྡུངས་ཤིང་གླུ་ལེན་མ།།” [10] ཞེས་དང་། ཡང་ཁོང་གིས་མཛད་པའི་ངོ་མཚར་སྤྲུལ་བའི་གླེགས་བམ་དུ། “རྒྱ་གར་གྱི་རི་དྭགས་ཤིག་སྒྲ་སྙན་ལ་ཆགས་པས། མི་འགའ་ཞིག་གིས་པི་ཝང་བརྡུངས།” [11] ཞེས་དང་། གཞན་ཡང་ཇོ་ནང་ཏཱ་ར་ན་ཐ་དང་། བཙུན་པ་ཚུལ་ཁྲིམས་རིན་ཆེན་སོགས་སྔོན་གྱི་མཁས་པ་དུ་མའི་གསུང་འབུམ་ཁྲོད་དུའང་པི་ཝང་རིགས་ལ་བརྡུངས་འདི་བྲིས་པ་ཆེས་མང་བར་སྣང་བས། ང་ཚོས་པི་ཝང་ལ་བརྡུངས་འདི་ཉིད་འབྲི་བ་ནི་མཐའ་གཅིག་ཏུ་མ་དག་པ་ཞིག་ཏུ་ལར་ནས་འཆད་ཐབས་མེད་པར་སྙམ་མོ།།

              གཉིས་པ། པི་ཝང་གི་རིགས་ལ་བརྡུངས་དང་བདུངས་གཉིས་ཁྱད་མེད་དུ་བྲིས་པའི་ཁུངས་སྟོན་པ།

  གོང་དུ་བརྗོད་པ་ལྟར་པི་ཝང་ལ་སྦྱར་བའི་བརྡུངས་འདི་ཉིད་འབྲི་བ་ནི་སྔར་ནས་མཁས་པའི་ཕྱག་ལེན་དུ་ཡོད་པ་ཞིག་རེད་ལ། ཡང་བདུངས་དང་བརྡུངས་གཉིས་རྣམ་པ་ཀུན་ནས་ཐ་དད་དུ་སྨྲ་བ་ཡང་མི་རིགས་ཏེ། མཁས་པ་གཅིག་གི་གསུང་དུ། སྔ་ཕྱིར་བདུངས་དང་བརྡུངས་གཉིས་དོན་གཅིག་ལ་ཁྱད་མེད་དུ་བྲིས་པའང་མང་དུ་སྣང་། དེའང་རྒྱལ་དབང་ལྔ་བ་ཆེན་པོའི་གསུང་དུ། པི་ཝང་ལ་སྦྱར་བའི་བརྡུངས་འདི་བྲིས་པ་གོང་དུ་དྲངས་མ་ཐག་པ་དེ་ལྟར་དང་། དེ་མིན་བདུངས་འདི་ཉིད་བྲིས་པའང་མང་དུ་སྣང་སྟེ། དཔེར་ན། <<སྨོན་ལམ་ཤིས་བརྗོད་བརྟན་བཞུགས་སོགས་ཀྱི་ཚིགས་བཅད་རབ་དཀར་དགེ་བའི་ཆུ་ཀླུང་>>དུ། “ ཚངས་སྲས་ལྷ་མོས་བདུངས་པའི་པི་ཝཾ་རྒྱུད།།”[12] ཅེས་དང་། <<སྐུ་གསུང་ཐུགས་རྟེན་གསར་བཞེངས་དང་མཆོད་རྫས་ཁང་བཟང་གི་དཀར་ཆག་>>ཏུ། “བདག་གཞན་མཉམ་བརྗེའི་སེམས་ཀྱི་པི་ཝཾ་རྒྱུད།།དང་པོར་བདུངས་ཚེ་སྲིད་བདེའི་རྒྱ་མཚོ་ཆེ།།” [13] ཞེས་འབྱུང་།
  དེ་མིན་སྒིའུ་སྟེང་བློ་བཟང་དཔལ་ལྡན་གྱི་ཆབ་ཤོག་ཏུའང་། “དེ་ལྟའི་མཁས་བཙུན་བཟང་བོའི་ཡོན་ཏན་གྱིས།།རབ་མཛེས་ཤེལ་གྱི་ཏམྦུ་ར་ཡི་རྒྱུད།།གཟུར་གནས་ཡོངས་ཀྱིས་བདུངས་པའི་གྲགས་སྙན་དབྱངས།།ས་གསུམ་ལུས་ཅན་རྣ་བའི་རྒྱན་དུ་འབར།།”[14] ཞེས་དང་། “ལེགས་སྦྱར་དྲི་ཟའི་པི་ཝང་དམ་པའི་རྒྱུད།། བདུངས་ཚེ་དྲང་སྲོང་ལྷ་ཡི་བླ་མ་དེ།།”[15] ཞེས་དང་། ཡང་། <<འཇམ་དཔལ་རྣམ་རོལ་གྱི་ཏིང་ངེ་འཛིན་ལས་བྱུང་བའི་ལེགས་པར་བཤད་པ་ཆུའི་འཁྲུལ་འཁོར་>>ཞེས་པའི་བར་སྐབས་ཚིགས་བཅད་དུ། “ཕན་པའི་ལན་དུ་གུས་པ་ཡིས།། ཡང་དག་ལྟ་བའི་བ་གམ་ལས།། ལེགས་བཤད་རྒྱུད་མངས་བརྡུངས་པའི་སྒྲས།། བློ་གསལ་དགེ་བའི་དུས་སྟོན་སྤེལ།།” [16] ཞེས་སྔ་ཕྱིར་བདུངས་དང་བརྡུངས་གཉིས་ཅི་རིགས་སུ་བྲིས་ཡོད་པ་དེ་ལྟར་ལགས་ཤིང་།
  ད་དུང་། ཉེ་རབས་ཀྱི་མཁས་པའི་དབང་བོ་བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་མཆོག་གིས་མཛད་པའི་<<ཚངས་སྲས་བཞད་པའི་སྒྲ་དབྱངས་>>སུའང་། རྒྱུད་མངས་ཏེ་པི་ཝང་ལ་སྦྱར་བའི་བདུང་དང་རྡུང་གཉིས་སྔ་ཕྱིར་འབྱུང་བ་འདི་ལྟ་སྟེ། ཐེ་ཚོམ་གྱི་དཔེའི་སྐབས་སུ། “མཛེས་སྡུག་འདབ་བརྒྱ་བཞད་པའི་སྐྱེད་ཚལ་དུ།།དྲི་ཟའི་རྒྱུད་མངས་བདུང་བའི་དབྱངས་སྙན་ནམ།།ཡང་ན་སྙན་འཇེབས་མགྲིན་སྐྱེས་གླུ་ཡི་དབྱངས།།གང་ཡིན་མ་ངེས་བདག་ཡིད་འཕྱང་མོ་ཉུག།།”[17] ཅེས་དང་། འོག་ཏུ་རྫས་བརྗོད་པ་ཐོག་མའི་གསལ་བྱེད་ཀྱི་དཔེའི་སྐབས་སུ། མཚོ་བྱུང་པི་ཝང་རྡུང་བའི་རོལ་རྩེད་ཀྱིས།།དྲི་ཟའི་སྨིན་ལེགས་འབུམ་གྱི་སྙེམས་པ་འཕྲོག།།གདངས་སྙན་འགྱུར་ཁུགས་སྟོང་གི་གསུང་དབྱངས་ཀྱིས།།སྨྲ་མཁས་ངག་གི་དཔལ་ཀུན་འགྲོ་ལ་སྦྱིན།།”[18] ཞེས་གསུངས་པ་སོགས་ཀྱིས་མཚོན་པའི་བདུངས་དང་བརྡུངས་གཉིས་མཁས་པ་སོ་སོའི་ཕྱག་ལེན་ལ་ཁྱད་མེད་དུ་བྲིས་པ་མང་དུ་སྣང་། ཡིན་ཡང་། དེ་ནི་བདུངས་དང་བརྡུངས་གཉིས་དོན་གཅིག་ལ་འབྲི་ཚུལ་ཐ་དད་ཡིན་པ་ཙམ་ལ་གོ་མི་རུང་བར་གཞི་རྩའི་པི་ཝང་ངམ་རྒྱུད་མངས་ལ་བདུང་བ་སྟེ་རྒྱུད་སྐུད་ཐེན་ནས་སྒྲ་འབྱིན་པར་བྱ་བ་ཞིག་དང་། བརྡུང་བ་སྟེ་རྒྱུད་སྐུད་སྟེང་ལ་དངོས་པོ་གཞན་གྱིས་བརྡེགས་ནས་སྒྲ་འབྱིན་པར་བྱ་བ་གཉིས་ཡོད་པས་ཡིན་པར་སྙམ།

             གསུམ་པ། བདུངས་དང་བརྡུངས་གཉིས་ཀྱི་ཁྱད་པར་ལས་རྡུང་ལེན་ཞེས་པའི་ཐ་སྙད་གླེང་བ།
  
  བདུངས་དང་བརྡུངས་གཉིས་ནི་དོན་ཐ་དད་དུ་འཇུག་པའི་བྱ་ཚིག་མ་འདྲ་བ་གཉིས་ཡིན་ཏེ། གོང་དུ་ཟུར་ཙམ་བརྗོད་པ་ལྟར་བདུངས་ནི་གཞུ་རྒྱུད་སོགས་ཐེན་པའི་དོན་ཏེ། བྱེད་འབྲེལ་ལས་ཚིག་འདས་པ་དང་སྐུལ་ཚིག་ཡིན་ལ། དེའི་མ་འོངས་པ་དང་ད་ལྟ་བར་བདུང་ཞེས་འབྲི། དེ་མིིན་བརྡུངས་ཞེས་པའང་བྱེད་འབྲེལ་ལས་ཚིག་ཡིན་ལ། དོན་ནི་གཅིག་གི་སྟེང་ལ་གཅིག་གིས་བསྣུན་པའམ། བརྡེགས་པ་སྟེ། དཔེར་ན། རྔ་ལ་དབྱུ་གུས་བརྡུངས། རྐང་བས་སྒོ་བརྡུངས། དགེ་རྒན་གྱིས་སློབ་མ་བརྡུངས། ལྟ་བུས་མཚོན། གཞན་དུ། རྡུང་ཞེས་པ་བྲོ་འཁྲབ་པའི་དོན་དུ་གོ་བའི་སྐབས་ཀྱང་ཡོད། འདིའི་བརྡུངས་ཞེས་པ་འདས་པ་དང་། མ་འོངས་པར་བརྡུང་། ད་ལྟ་བར་རྡུང་། སྐུལ་ཚིག་ལ་རྡུངས་ཞེས་འབྲི།
  སྔར་གྱི་ཡིག་ཆ་ཁག་ཏུ་བདུངས་ནི་གཙོ་ཆེར་གཞུ་རྒྱུད་ཐེན་པའི་དོན་དུ་བཀོལ་ཤུགས་ཆེས་ཆེ་ཞིང་། སྐབས་འདིར་པི་ཝང་ལ་སྦྱར་བའི་བདུངས་ཞེས་པ་ཡང་རྒྱུད་མངས་སམ་པི་ཝང་གི་རྒྱུད་སྐུད་དང་འབྲེལ་ནས་དེ་ལྟར་སྦྱར་བ་ཨེ་ཡིན་སྙམ། འོན་ཏེ། འགའ་རེས་བདུངས་ཞེས་པར་དཀྲོལ་པའི་དོན་ཚང་བས་པི་ཝང་བདུངས་པ་ནི་པི་ཝང་དཀྲོལ་པའི་དོན་དང་། དེ་བཞིན་རྡུང་ལེན་ལ་བདུང་ལེན་ཞེས་བྲི་དགོས་པར་གླེང་སློང་བ་ཡོད་མོད། བདུང་ལེན་ཞེས་བྲིས་ན་སྐྱོན་མེད་ཀྱང་དེའི་བདུང་ཞེས་པ་དཀྲོལ་བའི་དོན་དུ་གོ་བ་དེ་ལྟར་ན། བོད་ཀྱི་རོལ་མོ་ཕལ་ཆེར་འབུད་རྡུང་དཀྲོལ་གསུམ་དུ་མ་འདུས་པ་མེད་པར་གསུངས་པས་པི་ཝང་འབུད་རྡུང་དཀྲོལ་གསུམ་གྱི་གང་ཡིན་ཞེས་འདྲི་བར་འདོད། པི་ཝང་འབུད་པའི་རོལ་མོ་ཡིན་མིན་ལ་དོགས་པ་མེད་པས། དཀྲོལ་བའི་རོལ་མོ་ཡིན་ཞེ་ན་མཁས་པ་སྔ་མ་ཚོས་བརྡུང་བའི་རོལ་མོར་ངོས་འཛིན་བྱས་པ་དང་འགལ་བར་མ་ཟད། དེར་བརྡུང་བའི་ཐ་སྙད་ཀྱང་འཇུག་པའི་འོས་མེད། ཡང་བརྡུང་བའི་རོལ་མོ་ཡིན་ཞེ་ན། བདུངས་ཞེས་པ་དཀྲོལ་པའི་དོན་དུ་གོ་བར་འདོད་པ་དེས་མི་འགྲིག་པས་ཡང་སྙིང་བདུངས་ཞེས་པ་དོན་གང་ལ་གོ་བར་འགྲེལ་བ་གཞན་ཞིག་བྱ་དགོས་ཚོད་མི་འདུག་གམ།
  དེ་མིན་རྡུང་ལེན་ཞེས་པའི་ཐ་སྙད་འདིའང་པི་ཝང་བརྡུང་བའི་རོལ་མོ་ཞིག་ཡིན་པའི་ཆ་ནས་བྱུང་བར་མངོན་ལ། དུས་རབས་སྔ་མའི་ལོ་རབས་བདུན་ཅུ་བ་ནས་ད་བར་གྱི་ལོ་ངོ་སུམ་ཅུ་ལྷག་གི་རིང་འདིར་བོད་ཀྱི་མཁས་པ་དང་དཔྱད་བརྗོད་པ་ཚོས་རྡུང་ལེན་ཞེས་པར་དཀྲོལ་ལེན་ཟེར་མ་ཤེས་པ་ག་ལ་ཡིན་ཏེ་ཡིན་མི་དཔེ། དཀྲོལ་ལེན་ཞེས་པའི་ཐ་སྙད་འདི་ད་སྔར་སུ་ཞིག་གིས་ཐོག་མར་གསར་དུ་ཡིག་ཐོག་ལ་བྲིས་པ་ཡིན་པའི་ཁུངས་སྣེ་ཆེད་དམིགས་ཀྱིས་འཚོལ་རྒྱུ་མ་བྱུང་མོད། ཁོ་བོས་ཤེས་ཚོད་ལྟར་ན། ༢༠༡༢ ལོའི་མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་གིས་བསྒྲུབས་པའི་སྐབས་ལྔ་བའི་མདོ་ཁམས་ཡུལ་གྱི་རྡུང་ལེན་འགྲན་བསྡུར་དངོས་གཞིའི་ཡུལ་དངོས་སུ། སྐབས་དེའི་དཔྱད་འདེམས་པ་དགེ་རྒན་རིན་ཆེན་རྒྱལ་ཟེར་བ་ཞིག་གིས། “ད་ལྟའི་བར་དུ་རང་རེའི་ཨ་མདོའི་ས་ཁུལ་ལ་མཚོན་ན། སྒྲ་སྙན་རྡུང་ལེན་ཞེས་འབོད་ཀྱང་། ང་རང་གི་ལྟ་ཚུལ་ཡིན་ན། ཐ་སྙད་ཀྱི་ཆ་ནས་རྡུང་ལེན་ཞེས་ན་མི་འགྲིག་པར་དཀྲོལ་ལེན་ཞེས་ན་འགྲིག རྒྱུ་མཚན་གང་ཞེ་ན། བོད་རང་གི་ཐ་སྙད་ངོ་མ་སྒྲ་སྙན་ནི་དཀྲོལ་རྒྱུ་མ་གཏོགས་བརྡུང་རྒྱུ་མ་རེད། རྡུང་དགོས་ན་རྔ་རེད། སྒྲ་སྙན་མ་རེད། དེའི་རྐྱེན་གྱིས་རྗེས་ཕྱོགས་ནས་འདི་ལྟ་བུའི་འགྲན་བསྡུར་གྱི་སྐབས་ལ་རང་གི་ཐ་སྙད་ངོ་མ་དེ་བཀོལ་སྤྱོད་བྱ་རྒྱུ་ཧ་ཅང་གལ་ཆེན་རེད་བསམ་གྱིན་འདུག་”[19]ཅེས་པའི་བསམ་ཚུལ་ཐུང་ངུ་དེས་ཕྱིས་སུ་མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་། བོད་ཀྱི་སྒྱུ་རྩལ་བའི་སྡེ་ཁག་སོགས་སུ་དཀྲོལ་ལེན་ཞེས་པའི་ཐ་སྙད་འདི་དར་སོ་བྱུང་བར་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད་པར་འདོད། ལྷག་པར་ ༢༠༡༤ ལོ་ནས་མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་ཚིགས་ཀྱིས་དྲ་ངོས་གསར་སྒྱུར་དང་བསྟུན་ནས་སྔར་རྡུང་ལེན་ཞེས་བྲིས་ཡོད་པ་ཕལ་ཆེར་དཀྲོལ་ལེན་ཞེས་པར་བསྒྱུར་ཅིང་། ལོ་དེ་ནས་བཟུང་རིག་རྩལ་འཁྲབ་སྟོན་སོགས་སུའང་མདོ་འཛིན་པ་དག་གིས་གཅིག་གྱུར་གྱིས་རྡུང་ལེན་ལ་དཀྲོལ་ལེན་ཞེས་བརྗོད་འགོ་བརྩམས་པས། དེའི་ཤུགས་རྐྱེན་གྱིས་བར་ལམ་ནས་མང་ཚོགས་ཁྲོད་དུའང་དཀྲོལ་ལེན་ཞེས་རྗོད་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་འདུག
  ཡིན་ནའང་། ང་ཚོས་སུ་ཞིག་གི་ལྷག་བསམ་དག་པའི་བསམ་ཚུལ་ལ་བརྩི་འཇོག་བྱ་འོས་མོད། མཐའ་གཅིག་ཏུ་དེ་ཨ་མ་ཡིན་ཤག་དང་ནུ་མ་ཡོད་ཤག་ཏུ་རྩི་མི་རུང་བར་ཐ་སྙད་ཀྱི་ཁུངས་དང་བཏགས་དོན། ལོ་རྒྱུས་ཀྱི་རྒྱབ་ལྗོངས་བཅས་ལ་ཡང་ཡང་འཚོལ་དཔྱོད་བྱ་དགོས་པར་སྙམ་ལ། ཡང་ལོ་ངོ་སུམ་ཅུ་ལྷག་ལ་དམངས་ཁྲོད་ཀྱི་བོད་ཡིག་ཤེས་མི་ཤེས་ཀུན་གྱི་ངག་ལ་འབྱམས་པའི་ཐ་སྙད་ཅིག་གློ་བུར་དུ་གསར་བརྗེ་ལྟ་བུ་བྱས་ན་དགོས་པ་ལྷག་པོ་ག་རེ་ཡོད་མེད་ལ་ཅིས་ཀྱང་བསམ་དགོས་ཤིང་། སྐྱོན་དང་དགོས་པ་ལྷག་པོ་གང་ཡང་མེད་ན་ཧོལ་རྒྱུགས་ཀྱི་རྣམ་པས་དམངས་ཁྲོད་རང་བཞིན་དུ་གྱུར་པའི་ཐ་སྙད་ཅིག་ཆེད་དུ་ངག་ནས་འཕྲོག་དགོས་དོན་ཡང་ཨེ་ཡོད་སྙམ། འདི་ལ་མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ཁང་ལྟ་བུ་དམངས་ཚོགས་ལ་ཐད་ཀར་ཤུགས་རྐྱེན་སྤྲོད་སླ་བའི་སྡེ་ཚན་ཁག་གིས་ཅིས་ཀྱང་ཡིད་གཟབ་བྱ་རྒྱུ་གལ་ཆེའོ།།

               བཞི་བ། རོལ་མོ་རྡུང་དཀྲོལ་གཉིས་ཀྱི་ཁྱད་པར་བྱེ་བྲག་ཏུ་བཤད་པ།

  སྤྱིར་རྡུང་ཞེས་བརྗོད་པའི་ཚེ་ཡིན་གཅིག་མིན་གཉིས་དབྱུ་གུས་རྔ་ལ་བསྣུན་པ་ལྟར་དངོས་པོ་གཅིག་གིས་གཅིག་ལ་ཤུགས་ཆེན་པོས་རྡུང་བའི་དོན་དུ་གོ་མི་དགོས་པར། ཤུགས་དྲག་ལྷོད་ཅི་རིགས་ཀྱིས་དངོས་པོ་གཅིག་གི་སྟེང་ལ་གཅིག་གིས་སྣུན་པའམ་རྡེག་པའི་བྱེད་ལས་ཅན་ལ་རྡུང་ཞེས་པའི་ཐ་སྙད་འདི་སྦྱར་རིགས་པར་འདོད། དེའི་ཕྱིར། སྐབས་དོན་པི་ཝང་རྡུང་ཞེས་པའི་ཚེའང་གཞི་པི་ཝང་གི་རྒྱུད་སྐུད་སྟེང་དུ་དངོས་པོ་གཞན་སེན་ལྡེ་ལྟ་བུས་རྡེག་པའི་ཆ་ནས་སྔོན་བྱོན་མཁས་པ་ཚོས་པི་ཝང་ལ་སྐབས་རེར་རྡུང་ཞེས་སྦྱར་ཅིང་། ཡང་པི་ཝང་གི་རྒྱུད་སྐུད་འཐེན་པ་དང་འབྲེལ་བས་མཚམས་རེར་བདུང་ཞེས་ཀྱང་སྦྱར་བ་སྟེ། མདོར་ན། པི་ཝང་ལ་རྡུང་དང་བདུང་གཉི་གའི་ཁྱད་པར་ཡོད་པ་གསལ་བར་མངོན།
  དཀྲོལ་ཞེས་པ་ནི་དེ་དང་མི་འདྲ་སྟེ། གཙོ་བོ་རོལ་མོ་རང་ཉིད་སྤྲུག་པ་དང་། གཡུག་པ། རྡེབ་པ་སོགས་ལས་སྒྲ་འབྱིན་པར་བྱེད་པ་ལ་ཟེར་ཞིང་། དཔེར་ན། དྲིལ་བུ་དང་ཌ་མ་རུ། སིལ་སྙན་ལྟ་བུའོ།། སྦིར་ལེན་མིག་ཅན་བཀྲ་ཤིས་རྒྱ་མཚོ་ཞུ་བས་མཛད་པའི་<<རོལ་མོའི་རྣམ་བཤད་སྔགས་འཆང་རྒྱན་གྱི་མེ་ཏོག་>>ཅེས་པར། “དང་པོ་དཀྲོལ་བའི་རོལ་མོ་ལའང་བཞི་ལས་”[20] ཞེས་རིམ་པ་བཞིན་དུ་དྲིལ་བུ་དང་། ཌ་མ་རུ། སིལ་སྙན། གཤང་ངམ་འཁྲུ་ལོར་གྲགས་པ་རྣམས་བགྲང་ཡོད་ལ། དེ་དག་ཅི་ལྟར་དཀྲོལ་བའི་ཐབས་ཚུལ་ཡང་གསུངས་ཡོད། དེ་བཞིན་དུ་རྩོམ་པ་བོ་ཧོར་གཙང་འཇིགས་མེད་ལགས་ཀྱིས་ཀྱང་། <<བོད་ཀྱི་རོལ་མོའི་ལོ་རྒྱུས་ལ་ཅུང་ཟད་དཔྱད་པ་>>ཞེས་པར། དཀྲོལ་བའི་རོལ་མོ་འཆད་པའི་སྐབས། དྲིལ་བུ་དང་། ཌ་མ་རུ། ཅང་ཏེའུ། གཤང་། ཁྲོ་རྡང་། ཁྲོ་རིལ། དྲིལ་ཆུང་། ཡེར་གདང་བཅས་རྣམ་གྲངས་སོ་སོའི་ཁྱད་པར་གསལ་བར་གསུངས་ཡོད། [21]
  དེ་ལྟར་ང་ཚོས་སྤྱིར་རོལ་མོ་དཀྲོལ་རྡུང་གི་ཁྱད་པར་དང་། སྒོས་སུ་པི་ཝང་ཞེས་པ་དཀྲོལ་རྡུང་གང་ཡིན་གྱི་གླེང་སློང་བ་ན། ཡང་སྙིང་པི་ཝང་ཞེས་པའི་རོལ་ཆ་དེ་གང་ཡིན་ལའང་བསམ་ཞིབ་ཅིག་བྱ་དགོས་པར་འདོད་དེ། ད་ལྟར་ང་ཚོས་ངོས་འཛིན་བྱས་དང་བྱེད་ཀྱིན་པའི་པི་ཝང་ཞེས་པ་ནི་”གཙང་སྡེ་སྲིད་ནས་དར་རྒྱས་ཆེ་བའི་རོལ་མོ་སྤྱིའི་མིང་བྱེ་བྲག་ཏུ་ཆགས་པའི་སྒྲ་སྙན་”[22]ཏེ་དེང་སང་ཀུན་གྱིས་མངའ་རིས་སྒྲ་སྙན་ཞེས་འབོད་པ་དེ་དང་། གཞན་དེ་དང་དབྱིབས་ཅུང་ཙམ་མི་འདྲ་བའི་རྒྱའི་སྐད་དུ་”མན་ཐོ་ལི་”ཞེས་པ་དེ་གཉིས་ཡིན་ལ། ང་ཚོས་པི་ཝང་རྡུང་དཀྲོལ་གང་ཡིན་ཞེས་རྩོད་པའང་རྣམ་པ་བག་ཙམ་མི་འདྲ་བའི་རོལ་ཆ་འདི་གཉིས་ཀྱི་སྟེང་ནས་སེམས་ཀྱིན་ཡོད་པ་རེད། ཡིན་ནའང་། སྐུ་ཚེ་ཧྲིལ་བོར་བོད་ཀྱི་སྲོལ་རྒྱུན་ཟློས་གར་རིག་རྩལ་ཉམས་སུ་མྱོང་བར་གྲགས་པའི་ཞོལ་ཁང་བསོད་ནམས་དར་རྒྱས་ཀྱིས་བརྩམས་པའི་<<གངས་ཁྲོད་ས་མཐོའི་མི་རིགས་རོལ་ཆ་རྒོད་པོ་སྟེ་སྒྲ་སྙན་ལ་རགས་ཙམ་དཔྱད་པ་>>ཞེས་པར། “ དེར་རོལ་ཆ་རིགས་འདྲ་མིན་རྔ་སྦུབ་སིལ་གྱིས་མཚོན་སྒྲ་སྙན་དང་། པི་ཝང་། གླིང་བུ་སོགས་སྣ་ཚོགས་ཡོད་ཅིང་།”ཞེས་དང་། ཡང་”སྐབས་དེར་སྒྲ་སྙན་གཅིག་པོ་མ་ཡིན་པར་པི་ཝང་ཆེ་ཆུང་འདྲ་མིན་དང་། གླིང་བུ་ཕྲེད་གཞུང་། སུར་ཎ་སོགས་རོལ་ཆ་རིགས་འདྲ་མིན་སྣ་ཚོགས་དང་” [23] ཞེས་སྔ་ཕྱིར་སྒྲ་སྙན་དང་པི་ཝང་གཉིས་རོལ་ཆ་ཐ་དད་པ་གཉིས་སུ་ངོས་འཛིན་བྱས་འདུག་པས་བོད་ཀྱི་རོལ་ཆ་ལ་རྒྱུས་ལོན་ཉམས་ཞིབ་མཁན་ཚོས་ད་སྔར་བོད་ཡིག་སྟེང་འཁོད་པའི་སྒྲ་སྙན་དང་། པི་ཝང་། རྒྱུད་མངས། ཏམྦུ་ར་ཞེས་པའི་ཐ་སྙད་འདི་ཚོའི་སྐོར་ལ་ལྗགས་ཀྱི་འདབ་མ་རེ་གཡར་ན་དགེ་མཚན་ཆེ་བར་སྙམ་པ་ནི་འདིར་ཞོར་གྱི་འཕྲོས་མོལ་ཙམ་མོ།།

               ལྔ་བ། རྩོམ་ཡིག་འདི་འབྲི་རྐྱེན་ལས་འཕྲོས་ཏེ་མཇུག་བསྡུ་བ།

  ངས་དཀྲོལ་ལེན་ཞེས་པའི་ཐ་སྙད་འདི་ཐོག་མར་གོ་ཐོས་བྱུང་བ་ནི་ཕལ་ཆེར་གོང་དུ་བརྗོད་པའི་དགེ་རྒན་རིན་ཆེན་རྒྱལ་གྱི་བསམ་ཚུལ་དེའི་ཁྲོད་ནས་ཡིན་པར་དྲན། སྐབས་དེར། ངའི་ཡིད་ལ་”རྡུང་ལེན་”ཞེས་བོས་ན་མི་འགྲིག་ནའང་། ངག་གི་སྒྲ་ལ་འགྱུར་བ་གཏོང་མི་དགོས་པར་”བདུང་ལེན་”ཞེས་ཡིག་ཐོབ་ལ་འགྱུར་བ་བཏང་བས་འགྲིག་ཨང་སྙམ། འོན་ཏེ། ཕྱིས་སུ་དཀྲོལ་ལེན་ཞེས་པའི་ཐ་སྙད་དེ་ལོ་རེ་བཞིན་ཡིག་ངག་གཉིས་ཐོག་ཏུ་སྤྱོད་པ་ཆེས་མང་བར་སྣང་བས་ད་གཟོད་ངས་རང་གི་དཔེ་ཀློག་ཁྲོད་ནས་འདིའི་སྐོར་ལ་རྒྱུན་དུ་དོ་སྣང་ཡིད་འཇོག་ཡང་ཡང་བྱས་པ་ཡིན་ལ། སྔར་གྱི་བསམ་ཚུལ་ལས་ལྡོག་སྟེ་རྡུང་ལེན་ཞེས་རང་སོར་བྲིས་ནའང་མི་འགྲིག་པ་མེད་པའི་ངེས་ཟིན་ཟབ་མོ་ཐོབ་པར་མ་ཟད། དེ་འབྲེལ་གྱི་བསམ་ཚུལ་ཞིག་ཀྱང་བྲི་དགོས་ངེས་སུ་སྙམ་མོད། ཕྱི་བཤོལ་གྱི་ལེ་ལོའི་གཞན་དབང་དུ་ཚུད་དེ་ད་བར་ལག་ལེན་དུ་འཁྱོངས་མ་སོང་།
ཉིན་འདི་ཚོར་ཅུང་ལྷོད་ཡངས་ཡིན་པའི་སྐབས་དང་བསྟུན་ཏེ་རང་གི་རྩ་ཆེའི་དུས་ཚོད་མང་བོ་ཞིག་ཆེད་དུ་གྲོན་པ་ཡིན་ལ། འདི་ལྟར་གྲོན་པ་ནི་ང་རང་དཀྲོལ་ལེན་ཞེས་པའི་ཐ་སྙད་དེར་མོས་པ་མེད་པས་མ་ཡིན་པར། ཁུངས་ཆེ་ཞིང་ངག་ལ་རྒྱུན་འབྱམས་སུ་ཕྱིན་པའི་དམངས་ཁྲོད་རང་བཞིན་གྱི་ཐ་སྙད་ཅིག་མོན་ཡུལ་རྡོར་གཅོད་ཀྱི་དཔེ་ལྟར་ག་ལེ་ག་ལེར་བརླག་འགྲོ་བར་ཕངས་ཤིང་ཞེན་པས་དང་། ཁུངས་དང་རྒྱུ་མཚན་མ་ཤེས་པར་གཞན་གྱི་ཟེར་རྗེས་ཁོ་ནར་འབྲངས་དང་འབྲང་བཞིན་པའི་ཅལ་འདྲོགས་པ་དག་ལ་ཆེད་དུ་བརྡ་ཞིག་སྦྲན་འདོད་པས་ཀྱང་ཡིན་ནོ།།

                                 ༢༠༡༥ ལོའི་ཟླ་ ༠༣ ཚེས་ ༡༣ ཉིན་རང་ཤག་ཚ་བ་འཁྱིལ་བའི་མལ་ཁང་ནས་རྫོགས་པར་བྲིས།
                                        ཟླ་ ༠༣ ཚེས་ ༡༤ སླར་ཡང་འཕྲི་སྣོན་ཅུང་ཙམ་བྱས་ཏེ་གཏན་ལ་ཕབ།

རྟེན་ཁུངས།

[1] སྒོམ་སྡེ་ལྷ་རམས་པ་ཐུབ་བསྟན་བསམ་འགྲུབ་ཀྱིས་བརྩམས། <<སྒོམ་སྡེ་ཚིག་མཛོད་ཆེན་མོ།>>(གླེགས་བམ་གཉིས་པ།) [M] (ཐའེ་ཝན།) ཐའེ་ཝན་ནང་བའི་ཤེས་ཡོན་བདེ་རྩ་ལྷན་ཚོགས་ཀྱིས་འགྲེམས་སྤེལ་བྱས། ཕྱི་ལོ་ ༢༠༡༣ ལོར་དཔར། དཔར་ཐེངས་དང་བོ། ཤོག་ངོས། (P.621)
[2] བཀྲ་ཤིས་རྒྱ་མཚོ་སོགས་ཀྱིས་བརྩམས། བུ་བྱུང་དབང་འདུས་ཀྱིས་བསྒྲིགས། <<གསང་རྙིང་རྒྱན་དང་རོལ་མོའི་བསྟན་བཅོས།>>[M] (ལྷ་ས།) བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་བསྐྲུན། ཕྱི་ལོ་ ༡༩༩༦ ལོའི་ཟླ་ ༡༢ པར་དཔར། དཔར་ཐེངས་དང་བོ། ( ཤོག་ངོས། P.139)
[3] བཀྲ་ཤིས་རྒྱ་མཚོ་སོགས་ཀྱིས་བརྩམས། བུ་བྱུང་དབང་འདུས་ཀྱིས་བསྒྲིགས། <<གསང་རྙིང་རྒྱན་དང་རོལ་མོའི་བསྟན་བཅོས།>>[M] (ལྷ་ས།) བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་བསྐྲུན། ཕྱི་ལོ་ ༡༩༩༦ ལོའི་ཟླ་ ༡༢ པར་དཔར། དཔར་ཐེངས་དང་བོ། ( ཤོག་ངོས། P.134)
[4] ཧོར་གཙང་འཇིགས་མེད་ཀྱིས་བརྩམས། <<བོད་ཀྱི་རོལ་མོའི་ལོ་རྒྱུས་ལ་ཐོག་མར་དཔྱད་པ།>>[M] (རྒྱ་གར་རྒྱལ་ས་ལྡི་ལི།) ལྡི་ལི་བོད་ཀྱི་ཁང་པས་དཔར་སྐྲུན་བྱས། ཕྱི་ལོ་ ༢༠༠༦ ལོར་དཔར། དཔར་ཐེངས་དང་བོ། ཤོག་ངོས། (P.55)
[5] <<བཀའ་འགྱུར་དཔེ་བསྡུར་མ།>> (དེབ་ ༧༦) མདོ་སྡེ། ༼ཨཱ༽ [G] (པེ་ཅིན།) ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོའི་ཟླ་ ༡༠ བར་དཔར། དཔར་ཐེངས་དང་བོ། ཤོག་ངོས། (P. 837)
[6] <<བསྟན་འགྱུར་དཔེ་བསྡུར་མ།>> (དེབ་ ༢༡) རྒྱུད། ༼དི༽ [G] (པེ་ཅིན།) ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོའི་ཟླ་ ༡༠ བར་དཔར། དཔར་ཐེངས་དང་བོ། ཤོག་ངོས། (P. 1270)
[7] <<བསྟན་འགྱུར་དཔེ་བསྡུར་མ།>> (དེབ་ ༣༤) རྒྱུད། ༼ཇུ༽ [G] (པེ་ཅིན།) ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོའི་ཟླ་ ༡༠ བར་དཔར། དཔར་ཐེངས་དང་བོ། ཤོག་ངོས། (P. 1333)
[8] <<བསྟན་འགྱུར་དཔེ་བསྡུར་མ།>> (དེབ་ ༩༤) སྐྱེས་རབས། ༼ཨུ༽ [G] (པེ་ཅིན།) ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོའི་ཟླ་ ༡༠ བར་དཔར། དཔར་ཐེངས་དང་བོ། ཤོག་ངོས། (P. 1248)
[9] རྒྱལ་དབང་ལྔ་བ་ཆེན་མོས་མཛད། <<རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ།>> (པོད་ཉེར་གཉིས་པ།) [G] (ལྷ་ས།) སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་བསྒྲིགས། (པེ་ཅིན།) ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔར། ༢༠༠༩ ལོའི་ཟླ་ ༩ བ། དཔར་ཐེངས་དང་བོ། ཤོག་ངོས། (P. 341)
[10] ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་མཛད། <<རྗེ་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་གསུང་འབུམ།>> (པོད་བརྒྱད་པ།) [G] (ཟི་ལིང་།) མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ལོའི་ཟླ་ ༡༠ བར་དཔར། དཔར་ཐེངས་དང་བོ། ཤོག་ངོས། (P.533)
[11] ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་མཛད། <<རྗེ་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་གསུང་འབུམ།>>(པོད་ལྔ་བ།) [G] (ཟི་ལིང་།) མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ལོའི་ཟླ་ ༡༠ བར་དཔར། དཔར་ཐེངས་དང་བོ། ཤོག་ངོས། (P.524)
[12] རྒྱལ་དབང་ལྔ་བ་ཆེན་མོས་མཛད། <<རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ།>> (པོད་ཉེར་བཞི་བ།) [G] (ལྷ་ས།) སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་བསྒྲིགས། (པེ་ཅིན།) ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔར། ༢༠༠༩ ལོའི་ཟླ་ ༩ བ། དཔར་ཐེངས་དང་བོ། ཤོག་ངོས། (P. 314)
[13] རྒྱལ་དབང་ལྔ་བ་ཆེན་མོས་མཛད། <<རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ།>> (པོད་ཉེར་གཅིག་པ།) [G] (ལྷ་ས།) སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་བསྒྲིགས། (པེ་ཅིན།) ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔར། ༢༠༠༩ ལོའི་ཟླ་ ༩ བ། དཔར་ཐེངས་དང་བོ། ཤོག་ངོས། (P. 50)
[14] སྒིའུ་སྟེང་བློ་བཟང་དཔལ་ལྡན་གྱིས་མཛད། <<བློ་བཟང་དཔལ་ལྡན་གྱི་ལྗགས་རྩོམ་ཕྱོགས་བསྒྲིགས།>>(བར་ཆ།) [G] (པེ་ཅིན།) ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔར། ༡༩༩༠ ལོའི་ཟླ་ ༡༠ བ། དཔར་ཐེངས་དང་བོ། ཤོག་ངོས། (P. 376)
[15] སྒིའུ་སྟེང་བློ་བཟང་དཔལ་ལྡན་གྱིས་མཛད། <<བློ་བཟང་དཔལ་ལྡན་གྱི་ལྗགས་རྩོམ་ཕྱོགས་བསྒྲིགས།>>(བར་ཆ།) [G] (པེ་ཅིན།) ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔར། ༡༩༩༠ ལོའི་ཟླ་ ༡༠ བ། དཔར་ཐེངས་དང་བོ། ཤོག་ངོས། (P. 484)
[16] སྒིའུ་སྟེང་བློ་བཟང་དཔལ་ལྡན་གྱིས་མཛད། <<བློ་བཟང་དཔལ་ལྡན་གྱི་ལྗགས་རྩོམ་ཕྱོགས་བསྒྲིགས།>>(བར་ཆ།) [G] (པེ་ཅིན།) ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔར། ༡༩༩༠ ལོའི་ཟླ་ ༡༠ བ། དཔར་ཐེངས་དང་བོ། ཤོག་ངོས། (P. 147)
[17] བསེ་ཚང་བློ་བཟང་དཔལ་ལྡན་གྱིས་བརྩམས། <<ཚངས་སྲས་བཞད་པའི་སྒྲ་དབྱངས།>>[M] (ལན་གྲུ།) ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔར། ༡༩༨༩ ལོའི་ཟླ་ ༡༢ བ། དཔར་ཐེངས་གསུམ་པ། ཤོག་ངོས། (P. 123)
[18] བསེ་ཚང་བློ་བཟང་དཔལ་ལྡན་གྱིས་བརྩམས། <<ཚངས་སྲས་བཞད་པའི་སྒྲ་དབྱངས།>>[M] (ལན་གྲུ།) ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔར། ༡༩༨༩ ལོའི་ཟླ་ ༡༢ བ། དཔར་ཐེངས་གསུམ་པ། ཤོག་ངོས། (P. 271)
[19] མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱི་རླུང་འཕྲིན་ཚོང་ར་རྟགས་མའི་མདོ་ཁམས་ཡུལ་གྱི་རྡུང་ལེན་འགྲན་བསྡུར་སྐབས་ལྔ་བའི་རྟིང་རྩོད་འགྲན་བསྡུར། <<རྒྱུད་དྲུག་འགྱུར་ཁུགས།>>[CD] (དང་བོ།) དཔྱད་འདེམས་པ་རིན་ཆེན་རྒྱལ་གྱི་སྐད་ཆ།
[20] བཀྲ་ཤིས་རྒྱ་མཚོ་སོགས་ཀྱིས་བརྩམས། བུ་བྱུང་དབང་འདུས་ཀྱིས་བསྒྲིགས། <<གསང་རྙིང་རྒྱན་དང་རོལ་མོའི་བསྟན་བཅོས།>>[M] (ལྷ་ས།) བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་བསྐྲུན། ཕྱི་ལོ་ ༡༩༩༦ ལོའི་ཟླ་ ༡༢ པར་དཔར། དཔར་ཐེངས་དང་བོ། ( ཤོག་ངོས། P.130)
[21] ཧོར་གཙང་འཇིགས་མེད་ཀྱིས་བརྩམས། <<བོད་ཀྱི་རོལ་མོའི་ལོ་རྒྱུས་ལ་ཐོག་མར་དཔྱད་པ།>>[M] (རྒྱ་གར་ལྡི་ལི།) ལྡི་ལི་བོད་ཀྱི་ཁང་པས་དཔར་སྐྲུན་བྱས། ཕྱི་ལོ་ ༢༠༠༦ ལོར་དཔར། དཔར་ཐེངས་དང་བོ། ཤོག་ངོས། (P.67)
[22] སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད། <<མིག་ཡིད་རྣ་བའི་དགའ་སྟོན།>>[M] (ལྷ་ས།) བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༡ ཟླ་ ༡༠ བར་དཔར། དཔར་ཐེངས་དང་བོ། ཤོག་ངོས། (4)
[23] ཞོལ་ཁང་བསོད་ནམས་དར་རྒྱས་ཀྱིས་བརྩམས། <<ཞོལ་ཁང་བསོད་ནམས་དར་རྒྱས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས། གླུ་གར་གྱི་རྒྱ་མཚོ།>> [G] (ལྷ་ས།) བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༩ ཟླ་ ༤ དཔར། དཔར་ཐེངས་དང་བོ། ཤོག་ངོས། (P.105/106)

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།