གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སུམ་རྟགས་ཁྲི་སྲོང་གི་རྗེས་སུ་བརྩམས་པའི་སྒྲུབ་བྱེད་དང་ཞར་བྱུང་འཕྲོས་གཏམ།

2015-10-29 14:02:33 རྨེ་རུ་ཕག་མོ་ཚེ་བརྟན།༼ ཉི་ཧོང ༽ ཀློག་གྲངས། མཆན ཡོད།


              ༡ ཞོལ་རྡོ་རིང་དང་སུམ་ཅུ་བའི་རྩ་བ་གཉིས་ཀྱི་དཔྱད་བསྡུར།
       
    དེ་ཡང་བོད་ཀྱི་བརྡ་སྤྲོད་པ་ཀུན་གྱི་ཕྱི་མོར་གྲགས་པའི་སུམ་ཅུ་བར། ༼ རྗེས་འཇུག་ཡི་གེ་བཅུ་བོ་ནི།། ཨི་དང་མཐུན་ལུགས་འདི་ཞེས་བྱ།། དང་པོ་གཉིས་ལ་དང་པོ་མཐུན།། གསུམ་ལྔ་བཅུ་ལ་ཀྱ་སྦྱར་བ།། བདུན་པ་ཉིད་ལ་བདུན་པ་སྟེ།། ལྷག་མ་རྣམ་ལ་གྱ་སྦྱར་བ།། ༽ཞེས་རྗེས་འཇུག་ཡི་གེའི་དང་པོ་ག་དང་གཉིས་པ་ང་གཉིས་ཀྱི་རྗེས་སུ་གི་ཐོབ་པ་དང་། གསུམ་པ་ད་དང་ལྔ་བ་བ་དང་། བཅུ་བ་ས་བཅས་ཀྱི་རྗེས་སུ་ཀྱི་སྦྱོར་དགོས་པར་གཏན་འབེབས་བྱས་ཡོད་འདུག བདུན་པ་འ་ཡི་རྗེས་སུ་འི་དང་། ལྷག་མ་བཞི་སྟེ་ན་མ་ར་ལའི་རྗེས་སུ་གྱི་སྦྱོར་དགོས་པར་གཞིག་ན་དུས་ཕྱིས་ཀྱི་ཡིག་རྙིང་དག་གི་རྗེས་འཇུག་གི་ཕྲད་སྦྱོར་སྟངས་འདི་བསྟུན་ནས་འགྲོ་དགོས་པའང་སྨྲོས་མ་དགོས་པ་ཞིག་རེད།
    གལ་ཏེ་སུམ་རྟགས་གཉིས་ཐོན་མིས་བརྩམས་པའི་དབང་དུ་བྱས་ཚེ། དེ་ནི་ཡོངས་སུ་གྲགས་པའི་སྲོང་བཙན་དུས་སྐབས་ཡིན་དགོས་པས་དུས་རབས་ཀྱང་བདུན་པར་ཁེལ་འདུག་མོད། འོན་ཀྱང་ལོ་ངོ་བརྒྱ་ལྷག་གི་རྗེས་སྟེ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་བཞེངས་པའི་ལྷ་སའི་ཞོལ་རྡོ་རིང་གི་ངོས་ཀྱི་ཡིག་རྙིང་གིས་གོང་གི་སུམ་ཅུ་བའི་རྩ་དོན་དེར་རྒྱབ་འགལ་བྱས་ཏེ་སའི་རྗེས་སུ་གྱི་སྦྱར་ཡོད་པའི་སྐབས་དང་ད་ཡི་རྗེས་སུ་གྱི་སྦྱར་ཡོད་པའི་སྐབས་སོགས་ཡོད་པ་འདི་ནི་ངོ་མཚར་བའི་གནས་སུ་འགྲོའོ།
     དེ་ཡང་ཚབ་མཚོན་དཔེར་རུ་བཀོད་ན། ཞོལ་རྡོ་རིང་གི་ཐིག་ཕྲེང་༩བར། ཕྱྀ་ནང་གཉྀས་གྱི་ཞེས་དང་། ཞོལ་རྡོ་རིང་ལྷོ་ངོས་ཀྱི་ཐིིག་ཕྲེང༣༥བར་རྒྱལ་སྲྀད་གྱི་ཉམ་ཞེས་དང་། ཐིག་ཕྲེང༣༨པར་བཀའ་བསྩལད་གྱིས་ཀྱང་། ཞེས་དང་། ཐིག་ཕྲེང༥༣པར་གྲོས་གྱྀ་རྒྱ་ཆེ་བས། སོགས་སུམ་ཅུ་བའི་རྩ་བའི་ཨི་ལྡན་གྱི་ཕྲད་སྦྱོར་སྟངས་དང་འགལ་བར་གྱུར་བའི་གནད་མང་པོ་ཞིག་ཡོད་པ་མ་ཟད། མཚམས་ལན་རེར། ཨི་ལྡན་གྱི་རྣམ་དབྱེ་དང་མཐུན་པར་སྦྱར་ཡོད་པའང་། དཔེར་ན་ཞོལ་རྡོ་རིང་ལྷོ་ངོས་ཀྱི་ཐིག་ཕྲེང༡ནས༢བར་ན། བཙན་ཕོ་ཁྲི་ལྡེ་གཙུག་རྩན་གྱྀ་རིང་ལའ། ཞེས་དང་། ཐིག་ཕྲ༩པར་གཙུག་རྩན་གྱི་སྐུ་ལ་དརད་ཏེ། ཞེས་སོགས་ཨི་ལྡན་ཕྲད་ཀྱི་སྦྱོར་སྟངས་ཐད་སྐབས་ལ་རེར་སུམ་ཅུ་བའི་རྩ་དོན་དང་མཐུན་པར་སྦྱར་ཞིང་། མཚམས་ལན་རེད་མི་མཐུན་པར་གང་འདོད་དུ་སྦྱར་ཡོད་པར་དཔྱད་ཞིབ་བགྱིས་ཚེ། སྐབས་དེར་ཨི་ལྡན་གྱི་ཕྲད་སྦྱོར་སྟངས་རྩ་བ་ནས་བྱུང་མེད་པ་རྟོགས་འོང་། སྐབས་དེར་སུམ་ཅུ་བའི་རྩ་བ་བརྩམས་ཡོད་པ་དང་ཨི་ལྡན་ཕྲད་ཀྱི་སྦྱོར་སྟངས་ཀྱང་བྱུང་ཡོད་པའི་དབང་དུ་བྱས་ཚེ། རྡོ་རིང་ངོས་ཀྱི་ཡི་གེའི་ཕྲད་སྦྱོར་སྟངས་ཀྱང་སུམ་ཅུ་བའི་རྩ་བའི་ཕྲད་སྦྱོར་སྟངས་དང་མཐུན་པར་ཡོད་དགོས་པ་མེད་པའི་ཕྱིར་རོ། །

               ༢  ཞོལ་རྡོ་རིང་དང་ལྷ་སའི་གཙུག་ལག་ཁང་མདུན་གྱི་རྡོ་རིང་གཉིས་ཀྱི་བསྡུར་བ།
    
    ཞོལ་རྡོ་རིང་དང་བསྡུར་ན་ལྷ་སའི་གཙུག་ལག་ཁང་མདུན་གྱི་རྡོ་རིང་ངམ་དབོན་ཞང་མཐུན་འབྲེལ་རྡོ་རིང་ནི་བྱུང་འཕྱིས་ཤིང་། ཨི་ལྡན་ཕྲད་ཀྱི་སྦྱོར་སྟངས་ཀྱང་སུམ་ཅུ་བའི་རྩ་བ་དང་མཐུན་པར་ཡོད་པ་ཤ་སྟག་ཡིན་པས། སྐབས་དེར་སུམ་ཅུ་བའི་རྩ་བ་བརྩམས་ཡོད་པའང་དོགས་པ་བྱེད་མི་དགོས་པའི་གནས་ཤིག་ཏུ་འཁམས་སོ། །
    དེ་ཡང་ཚབ་མཚོན་དཔེ་རུ་བཀོད་ན། ཐིག་ཕྲེང་༡པོར། འཕྲུལ་གྱྀ་ལྷ་བཙན་པོ་ཁྲི་གཙུག་ལྡེ་བརྩན་དང་།། ཞེས་དང་། ཐིག་ཕྲེང་༣པར་ཉིས་ཀྱི་ཚུལ་ཅི་འདྲ་བ་དང་།ཞེས་དང་། ཐིག་ཕྲེང་༦པར་བོད་ཀྱྀ་རྒྱལ་བོ་ཆེན་པོ་མཛད་པ་ཡང་། ཞེས་དང་། ཐིག་ཕྲེང་༩པར་ནད་ཀྱི་སྲིད་བཙུགས། ། སོགས་མགོ་ནས་མཇུག་བར་ཨི་ལྡན་གྱི་ཕྲད་སྦྱོར་སྟངས་དང་མཐུན་པ་ཤ་སྟག་གོ
    གུས་པ་བདག་གི་བསམ་པ་ལ། ཁྲི་སྲོང་ལྡེ་བཙན་སྐུ་དུས་ཀྱི་རྡོ་རིང་དང་ཁྲི་གཙུག་ལྡེ་བཙན་རལ་བ་ཅན་གྱི་སྐུ་དུས་ཀྱི་རྡོ་རིང་གཉིས་ཞིབ་བསྡུར་བྱེད་དུས། སུམ་རྟགས་གཉིས་ནི་ཁྲི་སྲོང་ལྡེ་བཙན་གྱི་རྗེས་དང་རལ་བ་ཅན་གྱི་སྔོན་ཏེ། རྒྱལ་བོ་དེ་གཉིས་ཀྱི་བར་དུ་བརྩམས་པ་ཞིག་རེད་འདོད་དོ། འོན་ཀྱང་། སུམ་རྟགས་གཉིས་མི་གཅིག་གིས་བརྩམས་མིན་དང་། རིམ་ཅན་དུ་བརྩམས་མིན་ལ་ད་དུང་ཞིབ་ཏུ་དཔྱད་དགོས།

             ༣  ཞར་བྱུང་འཕྲོས་གཏམ།
  
  ངས་སློབ་དཔོན་ཐོན་མིས་ཡི་གེ་གསར་བཟོ་བྱས་ཡོད་མེད་ལ་དོགས་སློང་བྱེད་ཀྱིན་མེད་ལ་བྱེད་ཀྱང་མི་དགོས་པ་ཞིག་རེད་འདོད། རྒྱུ་མཚན་ཏུན་ཧོང་གཏེར་ཡིག་ལས་བོད་ལ་ཡི་གེ་སྔ་ན་མེད་པ་ལ། རྒྱལ་བོ་འདིའི་རིང་ལ་བྱུང་ཞེས་གསལ་བ་མ་ཟད། ང་ཚོར་སྙན་ནས་སྙན་བརྒྱུད་པའི་སློབ་དཔོན་ཐོན་མིས་ཡི་གེ་མཛད་པའི་གཏམ་རྒྱུད་མང་པོ་ཞིག་ཀྱང་དུས་ད་ལྟའི་བར་བརྒྱུད་ནས་ཐོན་ཡོད་ལ། གལ་ཏེ་སློབ་དཔོན་ཐོན་མིས་ཡི་གེ་གསར་བཟོ་མ་མཛད་པའི་དབང་དུ་བྱས་ན་ངག་རྒྱུན་འདི་དག་ཀྱང་ཡོད་མི་སྲིད་པ་ཞིག་རེད།
    འོན་ཀྱང་། བུ་སྟོན་གྱི་གསུངས་པའི་བོད་ཡིག་གི་གཟུགས་ཁ་ཆེའི་ཡི་གེ་དང་བསྟུན་ཞེས་པའི་བཤད་ཚུལ་འདི་དང་། རྒྱལ་རབས་གསལ་བའི་མེ་ལོང་ལས་ལཱཉྫ་ལྷའི་ཡི་གེ་འདྲ། དེ་ལ་དཔེ་བྱས་ནས་ཡི་གེ་དབུ་ཅན་དུ་བྱས། ཝ་རྟུ་ཀླུའི་ཡི་གེ་འདྲ། དེ་དང་དཔེ་བྱས་ནས་ཡི་གེ་ཟུར་ཅན་བྱས་ཞེས་པའི་གསུང་འདི་དང་། ལོ་པཎ་བཀའ་ཐང་གི་རྒྱ་ཡིག་ལྔ་བཅུ་ཐམ་པ་ནི། ། བོད་ཡིག་སུམ་ཅུས་ཆོག་པ་ཤེས། ། ཞེས་པའི་གསུང་ཚུལ་འདི་དག་ལ་ནམ་ཡང་དོགས་སློང་བྱེད་བཞིན་ཡོད་དོ། །

 

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།