གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒྲ་དབྱངས་ལྷ་མོ།

2014-05-21 11:25:00 སེར་ཤུལ་ལྷ་ཕྲུག ཀློག་གྲངས། མཆན ཡོད།

རྒྱལ་ཀུན་གསང་གསུམ་ཤེལ་དཀར་ཟེཊ་མའི་རྡུལ།།
རབ་མཛེས་ཆུ་སྐྱེས་ལྟེ་བར་སྤུངས་པ་དངོས།།
ལྟ་བའི་མི་ངོམས་མཚན་དཔེའི་ལང་ཚོ་མ།།
སྒྲ་དབྱངས་ལྷ་མོ་ཞེས་བྱས་གྲགས་པ་འབར།།

སྟོན་ཟླ་སྟོང་གི་གཟི་བྱིན་ཡང་།།
སྒེག་མོའི་སྐུ་ཡི་སྐྱེངས་པར་བྱས།།
དཀར་འཇམ་མཉེན་པའི་ཕྱག་ཟུང་གིས།།
བཻཌཱུར་རྒྱུད་མང་སྦྲེང་ལ་བྲེལ།།

ཆུ་གཏེར་འབུམ་གྱི་རླབས་ཕྲེང་ལས།།
འཁྲུངས་པའི་ཡིད་འོང་པད་མའི་བཞིན།།
མཐོང་ཚེ་སྤྱན་རིས་བུང་བ་ཟུང་།།
ཆགས་པས་དལ་མེད་གཡོ་ལ་བརྩོན།།

དྲི་ཞིམ་རལ་བའི་དོ་ཀེར་ལ།།
མཁའ་ཡི་མཛེས་བྱེད་རྒྱན་དུ་ཤར།།
རང་བཞིན་མཛེས་པའི་ལང་ཚོ་ལས།།
རིན་ཆེན་རྒྱན་ཡང་ཞེན་བྲལ་བྱས།།

སྙན་འཇེབས་ངག་གི་ལུས་ཕྲ་མར།།
རབ་འབྱམས་དབྱངས་ཀྱི་གཞོན་ནུས་འཁྱུད།།
སྟོང་ཕྲག་གྱ་བཞིའི་བརྩེ་དུང་གཏམས།།
ཏཾ་བུ་ར་ཡི་རྒྱུད་དང་བསྡེབས།།

བིམ་པ་ལྟར་དམར་མཆུ་སྒྲོས་ལས།།
འཕོས་བའི་བསུང་ཞིམ་བཟང་བོའི་དྲིར།།
ཧི་མ་ལ་ཡི་མཁའ་རླུང་གིས།།
འགྲན་པར་མ་བཟོད་དར་གྱི་ལུས།།

ཉིད་སྐུ་མཛེས་པའི་ལང་ཚོ་ལ།།
དྲེགས་ལྡན་ལྷ་དབང་བདེ་འབྱུང་གིས།།
བསྒྲིམས་ཏེ་བལྟས་ཀྱང་མ་ངོམས་ནས།།
འདྲེན་བྱེད་སྟོང་ཕྲག་བགྲད་དེ་གཟིགས།།

ལྟ་ན་སྡུག་པའི་སྨིན་ལེགས་སྐུར།།
སྣ་ཚོགས་རྒྱན་གྱིས་སྤུད་པ་ནི།།
ཆུ་ཤེལ་དྭངས་མའི་ས་འཛིན་ལ།།
རྒྱུ་སྐར་དོ་ཤལ་གཡོ་བ་བཞིན།།

ཇི་ལྟར་སྙུག་ཕྲན་གཞོན་ནུ་རྣམས།།
རླུང་གིས་དལ་བུར་གཡོ་བ་བཞིན།།
མཉེན་ལྕུག་ཕྲ་བའི་ཡིད་འཕྲོག་སྐུ།།
བརྒྱད་གཉིས་འཇོ་སྒེག་ལང་ཚོས་འགྱིང་།།

ཡིད་འཛིན་སྙན་གྱི་བུ་ག་ཡི།།
རིན་ཆེན་དང་བོའི་རྣ་ཆའི་འོད།།
ཀུན་གསལ་ཁྱོན་ཀུན་བཀང་བ་ན།།
ཉི་ཟླའི་འོད་ཀྱང་དེར་བཏགས་ཙམ།།

ལེགས་བརྗོད་མ་དང་རི་སྐྱེས་སོགས།།
འཆི་མེད་ལུས་ཕྲ་སྟོང་གི་མཛེས།།
ཁྱོད་དྲུང་ནམ་མཁའི་ནོར་བུ་ཡི།།
གམ་ན་མེ་ཁྱེར་བརྟུལ་ཞུགས་བཞིན།།

དེ་ལྟར་དཔག་མེད་ལེགས་བྱས་གཏེར།།
མཐའ་དག་བརྗོད་པའི་དངོས་པོ་ནི།།
ཀུན་གསལ་ཡངས་པའི་པད་མོ་བཞིན།།
དེས་ཕྱིར་དེ་ལས་ངལ་མ་བྱས།།

བདག་མགྲིན་ཟབ་ཡངས་ཆུ་གཏེར་ལས།།
འཁྲུངས་པའི་བསྟོད་ཚིག་བཅུ་དྲུག་ཆ།།
དད་པའི་ཡིད་མཁར་འཆར་བ་དངོས།།
ཚངས་སྲས་དགྱེས་པའི་གཟིགས་མོ་ཉིད།།

འོན་ཀྱང་གསང་གསུམ་དཔག་ཡས་མཛོད།།
རིང་དུ་བཀར་མོད་དེ་ལྟ་ནའང་།།
ལྷ་ཁྱོད་དགེ་ལེགས་དཔལ་གྱི་མཛོད།།
ཆ་ཙམ་བྱིན་པའི་མཐུ་ལས་སོ།།

དགེ་འདིས་བདག་མགྲིན་པད་མའི་ལྟོར།།
དབྱངས་ཅན་ངག་གི་ཉི་གཞོན་འཁྱུད།།
འཆད་རྩོད་རྩོམ་པའི་འདབ་སྟོང་གིས།།
རྒྱལ་བསྟན་སྐྱེད་ཚལ་མཛེས་གྱུར་ཅིག།
   
     (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།