གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉ་ཆེན་སྤྲིན་ཞོན།

2014-05-09 13:04:00 བྲག་གཞིས་བུ། ཀློག་གྲངས། མཆན ཡོད།

ཟླ་བས་བདག་གི་སྤྱི་གཙུག་རྡེག་ཅིང་གནོན།།
ཆུ་མོ་དེ་ཡིས་བདག་གི་རྐང་པ་སྒྲོག །
གོམ་ཆེན་གཅིག་གིས་མཚོ་མོ་བསྐྱོམ་ན་བསམ།།
རྨི་ལམ་དེ་ལས་སད་འདོད་སུ་ཞིག་ཡོད།།

ཆུ་འཛིན་དེ་ནི་ཁྲུང་ཁྲུང་དཀར་མོ་ཞིག།།
ལྷོ་ཡི་བྱ་ལམ་དེད་དེ་རྒྱང་དུ་བཞུད།།
འཇིག་རྟེན་ཡུག་མོར་གྱུར་བའི་སེམས་པ་ནི།།
ཆུ་མོའི་རླབས་ཀྱིས་དེད་པའི་གཡོར་གྲུ་ཉིད།།

བདག་ནི་ཁྱེད་ལ་ཕྱོགས་པའི་ལོ་མ་ཞིག།།
ཁྱེད་ཀྱི་འཇམ་པའི་རྨི་ལམ་གཏོང་རོགས་བྱེད།།
རྨི་ལམ་ཕྱེ་མ་ལེབ་ཀྱི་གཤོག་པ་འདྲ།།
བདག་ནི་རྨི་ལམ་ནང་གི་རྨི་ལམ་བཞིན།།

བདག་གི་མེས་པོས་འབྲོང་གི་གཉའ་ནས་བཀུག།།
འབྲུག་གི་ཁ་སྤྲུ་བྲེགས་པའི་གཏམ་རྒྱུད་ཡོད།།
གངས་རི་སྔས་སུ་བྱས་པའི་སྤྲེའུ་ཕྲུག་ཚོས།།
གསུམ་གཉིས་ས་ལ་རྟ་ཕོའི་རྨིག་རྗེས་བཞག།།

སོག་པ་གཟེངས་སུ་མཐོ་བའི་གཡག་རྒོད་དེས།།
རི་འཕྲང་སྟོང་ལ་སྐོར་བ་བྱས་ན་ཡང་།།
གངས་རི་ངུས་པའི་གངས་ཆབ་སིལ་མ་ནི།།
འཛིན་མའི་ལྟོ་བར་གཉིད་ཀྱི་སྔུར་བ་འཐེན།།

མཚོ་མོ་རླུང་གིས་འཁྱོམས་སོང་མ་གསུང་དང་།།
དེ་ནི་ཉ་ཆེན་ཞིག་གི་འགུལ་སྟངས་རེད།།
ཉ་མོ་སྤྲིན་དཀར་བཞོན་ཏེ་འཕུར་བ་ན།།
མཚོ་ཆེན་རི་བོ་འཛེག་པའི་སྔ་ལྟས་རེད།།
   ༢༠༡༤ ་ ༠༡ ་ ༡༥ ་ རེས་གཟའ་ལྷག་པའི་དགོང་དྲོ་རང་མལ་དུ་ལོ་གསར་པའི་སྙན་ངག་ཐོག་མ་བྲིས།།

     (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།