གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆོས་རྗེ་ཡིད་བཞིན་ནོར་བུར་བསྟོད་པ་དད་གསུམ་ཁོང་ནས་འཕྱུར་བའི་ཀུ་མུ་དའི་དྲི་བསུང་ཞེས་བྱ་བ།

2014-01-20 14:01:00 ཨོ་རྒྱན་ཆོས་ཀྱི་ཉི་མ། ཀློག་གྲངས། མཆན ཡོད།

            ༄༅། །སྙིགས་དུས་ཀྱི་འགྲོ་བའི་འདྲེན་པ་ཆེན་པོ་འདི་ཕྱིའི་སྐྱབས་གནས་ཆོས་རྗེ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་སྟོན་འཁོར་འདུས་པ་དང་བཅས་པར་བསྟོད་པ་དད་གསུམ་ཁོང་ནས་ཕྱུར་བའི་ཀུ་མུ་དའི་དྲི་བསུང་ཞེས་བྱ་བ་བཞུགས་སོ། །

ཨོཾ་སྭཱ་སྟི། །

ཀ་དག་གདོད་མའི་རྒྱལ་ཐབས་ཆེན་པོར་སྤྲོས་མཐའ་བྲལ་བའི་ཆོས་ཀྱི་སྐུ་མཆོག་གཞོམ་གཞིག་བྲལ་བའི་གཞི་ཀློང་ནས། །
ཁ་སྦྱོར་ཡན་ལག་བདུན་ཀྱི་དཔུང་ཚོགས་ཟག་མེད་བདེ་ཆེན་བྱམས་བརྩེའི་བདག་ཉིད་ངེས་པ་ལྔ་ལྡན་ཞིང་སྣང་གཟིགས། །
ག་ལེར་ཡེ་བབ་སྒྱུ་མའི་འཕྲུལ་སྣང་གང་འདུལ་གདུལ་བྱའི་སྣང་ངོར་མཐུན་པའི་མ་བཅོས་སྤྲུལ་བའི་སྣང་བརྙན་བཀྲ། །
ང་ཡི་སྐྱབས་གཅིག་མཚུངས་མེད་སྟོན་པ་འཇིགས་མེད་ཕུན་ཚོགས་བྱང་ཆུབ་འཐོབ་ཀྱང་སྙིང་དབུས་དད་པའི་རྩེ་མོར་མཆོད། །

ཅ་ཅོ་རྟོག་གེའི་གཏན་ཚིགས་ལས་འདས་སྨྲ་བསམ་བརྗོད་བྲལ་གཉུག་མའི་རང་གཤིས་ཀུན་བཟང་ཐུགས་ཀྱི་མན་ངག་འཛིན། །
ཆ་ལུགས་རྒྱལ་པོ་གྲུབ་ཐོབ་སྤྱོད་པས་གཙང་དམེར་འཛིན་པའི་བླང་དོར་མེད་པར་འཁོར་འདས་གཉིས་ཀྱི་བར་ལག་སྒྱེལ། །
ཇ་ཆང་དགའ་སྟོན་ཚོགས་སུ་རོལ་བའི་དག་མཉམ་ལྟ་བའི་གདེངས་ཆེན་ཐོབ་པའི་སྔགས་འཆང་རིག་པ་འཛིན་པའི་སྡེ། །
ཉ་གང་སྟོན་གའི་དུང་ཟླ་ཇི་བཞིན་སྣང་གྲགས་རྟོག་གསུམ་ལྷ་སྔགས་རིག་པའི་རྣལ་འབྱོར་ཕོ་མོའི་ཚོགས་ལ་འདུད། །

ཏ་ཐ་ག་དའི་བསྟན་པ་རྣམ་དག་བཤད་སྒྲུབ་ལུང་རྟོགས་ཆོས་ཀྱི་རྒྱལ་རྔས་ས་གསུམ་འཇིག་རྟེན་འདི་ཡང་གཡོས།།
ཐ་མལ་འཚེ་བའི་སྤྱོད་པས་མ་གོས་མཚན་ལྡན་དགེ་བའི་བཤེས་ཀྱིས་ཟིན་པའི་བློ་གསར་བློ་གྲོས་མཆོག་རབ་རྣམས།།
ད་ཆོག་ལ་བསྟེན་བསླབ་གསུམ་རིམ་མནོས་ཉེས་མེད་ཕུན་ཚོགས་སྡོམ་པའི་རྒྱུད་ཕྱུག་མཐོང་ན་མི་མཐུན་མེད་པའི་སྐུ།།
ན་གཞོན་དུས་ནས་ཆོས་ལ་དད་ཅིང་གཞན་ཕན་སྤྱོད་པའི་རྒྱལ་སྲས་ལམ་བཟུང་ཕྱི་གཙང་ནང་གཙང་ཁྱེད་རྣམས་རྒྱལ།།

པ་ཏྲ་ལྟ་བུའི་ཀུན་རྟོག་ཀློང་དུ་དུག་ལྔའི་མཆེ་བ་ཆེ་ཆེར་རྒྱས་ཤིང་ཤར་ནུབ་སྲང་མདོར་ཁྱི་བཞིན་འཁྱམས།།
ཕ་བཟང་བུ་རྣམས་རང་མལ་ཟིན་ཡང་ལས་ངན་བུ་ཆུང་ས་མཐའ་འདི་ནས་ཆོས་མིན་སྲིད་མིན་གར་གྱིས་བྲེལ།།
བ་རྒན་ཞིག་གི་ཡོན་ཏན་མེད་ཀྱང་ཕྲག་དོག་གདུག་པའི་རལ་གྲི་འདི་ཡིས་གཞན་སེམས་དཀྲུག་ཅིང་རང་ཚུགས་ཤོར།།
མ་རིག་ལིང་ཏོག་ཤིན་ཏུ་མཐུག་བཞིན་རིགས་པ་སྨྲ་བའི་གྲལ་མཐར་སྙེག་པའི་ཁྲེལ་མེད་ཁོ་བོ་གཟིགས་ལགས་སམ།།

ཙ་རི་ལ་སོགས་དབེན་རིར་བཞུགས་ཤིང་ཞི་བའི་ཏིང་འཛིན་ཡིད་ན་མཛེས་པའི་བསླུ་མེད་རྡོ་རྗེའི་སྤུན་གྲོགས་རྣམས།།
ཚ་གྲང་དཀའ་སྤྱད་ཇི་ལྟར་ཆེ་ན་དམ་པ་གོང་མའི་རྣམ་ཐར་བསྐྱངས་ཏེ་མི་འཇིགས་དམ་བཅའ་སྙིང་ལ་བཅུག།
ཛ་དྲག་ཆེ་བའི་རྣམ་སྨིན་ལྕི་ཡང་ཚེ་འདིར་མཆོག་གི་དངོས་གྲུབ་འགྲུབ་ཕྱིར་སྙིང་པོ་སྒྲུབ་ལ་ཤིན་ཏུ་སྤྲོ།།
ཝ་སྐྱེས་འདྲ་བའི་ཕུང་གསུམ་མ་ཡིན་བསྟན་འགྲོ་དོན་ཆེན་སྲོག་ལས་གཅེས་པའི་དགེ་བའི་བཤེས་དག་རྒྱལ་གྱུར་ཅིག།

ཞ་བོ་ལོང་བར་བརྙས་བཅོས་མེད་ལ་སྙན་གྲགས་ཅན་ལ་དང་ག་ཆུང་བའི་བླ་མ་ཁྱེད་ཀྱི་སློབ་མཆོག་རྣམས། །
ཟ་འདོད་འཆའ་འདོད་ཡིད་ན་མེད་ཀྱང་ལུགས་གཉིས་སྨན་པའི་ལམ་སྟོན་ཆེད་དུ་ཕྱོགས་མེད་འགྲོ་བའི་དོན་ལ་ཕེབས།།
འ་ཅག་སྟོན་འཁོར་ལྷན་དུ་འཛོམས་ཏེ་དམ་ཆོས་སྦྲང་རྩི་ལོངས་སུ་སྤྱོད་ཅིང་མུ་མེད་འཁོར་བའི་རྒྱ་མཚོ་རུ།།
ཡ་ཡོ་མེད་པའི་བྱམས་བརྩེ་ཞིག་གིས་ཕ་མར་གྱུར་པའི་ཉམ་ཐག་འགྲོ་ལ་སྙིང་རྗེའི་ཆོས་སྦྱིན་བྱེད་པར་ཤོག།།

ར་བ་གངས་རིའི་མཁས་གྲུབ་དབུས་སུ་ཉི་ཟླ་བཞིན་དུ་གཟི་འོད་འཕྲོ་ཞིང་མཛད་འཕྲིན་གངས་རིའི་སྤོ་ལ་རེག།
ལ་ལུང་ཁྲི་ཕྲག་གྲངས་མེད་འདས་ཀྱང་ཉིད་ཀྱི་སྙན་གྲགས་སྒྲ་དབྱངས་འདི་ཡིས་དཔྱོད་ལྡན་སྐྱེ་བོ་གཉིད་ལས་བསླངས།།
ཤ་རུས་གཅིག་པའི་གངས་ཅན་པ་ལ་ཟབ་རྒྱས་ཟུང་འཇུག་སྙིང་གཏམ་གནང་བས་ལུགས་གཉིས་དཔྱོད་པའི་ཤེས་རབ་བརྟས།།
ས་སྟེང་འདི་ན་མཚུངས་ཟླ་བྲལ་ཁྱེད་སླར་ཡང་སྙིགས་མའི་གདུལ་བྱའི་ཆེད་དུ་བསྐལ་བའི་མཐར་ཡང་འབྱོན་གྱུར་ཅིག།།

ཧ་ཅང་བླ་མའི་བཀའ་དྲིན་དྲན་བཞིན་སྐྱོ་གདུང་ཞིག་གི་ཚོར་བས་ཉེན་ཏེ་སྨྲ་བའི་ལྕེ་ཡང་དྲག་ཏུ་གཡོ།།
ཨ་ཕ་ཨ་མ་ཡུན་རིང་མ་མཇལ་ཆོས་མཐུན་གྲོགས་ཀྱང་རྒྱང་རིང་ལུས་པའི་མདོ་ཁམས་ཡུལ་གྱི་མུ་ཏོ་བ།།
ཧ་ལོའི་ཡུལ་ན་ཧོལ་རྒྱུགས་བྱེད་བཞིན་བུ་དང་བུ་མོ་ཆུང་མའི་གམ་ནས་སོར་མོ་གར་གྱིས་བྲེལ་བ་འདིས།།
ཨ་ཏི་ཡོ་གའི་གསང་ལམ་རྟོགས་ཆེད་ཨ་ཕ་པད་འབྱུང་མྱུར་དུ་བྱོན་ཏེ་ཨ་མའི་རང་ཞལ་སྟོན་པར་ཤོག།།
   ཅེས་པ་འདི་ནི་འདྲེན་མཆོག་མཚུངས་མེད་ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་མཆོག་དགོངས་པ་གཞི་དབྱིངས་སུ་བསྡུས་ཏེ། བགྲང་བྱ་བཅུ་ཟིན་པ། རབ་བྱུང་བཅུ་བདུན་པའི་ཆུ་མོ་སྦྲུལ་ལོ་ཟླ་བ་བཅུ་གཅིག་པའི་ཚེས་བཅོ་ལྔའི་འདས་མཆོད་དང་འབྲེལ་བའི་རྗེས་དྲན་ཞིག་ཚེས་བཅོ་བརྒྱད་ཀྱི་ཐོ་རེངས། ཕྱི་ལོ་༢༠༡༤་ཟླ་བ་༡་ཚེས་༡༩་ལ། དམ་པ་གང་གི་སློབ་བུའི་གྲལ་མཐར་གཏོགས་པ་མདོ་ཁམས་ཡུལ་གྱི་འཁྱམས་པོ་ཨོ་རྒྱན་ཆོས་ཀྱི་ཉི་མར་འབོད་པས། དབྱིན་ཇིའི་བྱང་ཕྱོགས་བོད་ནང་པའི་ནུབ་བརྒྱུད་དགོན་སྡེའི་ཐོག་མ་བསམ་ཡས་གླིང་ནས་སྨོན་པའོ།།
 

      (མཆོད་མེ་དྲ་བའི་པར་དབང་གཞན་གྱིས་དགོལ་མི་རུང)
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།