གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙིང་ཕྱིད་པ།

2015-05-06 09:54:42 ཆར་ཐིགས།༼ གཙོས ༽ ཀློག་གྲངས། མཆན ཡོད།

IMG_4077.JPG 
ཁ་ཡི་རླངས་པ་གུག་པོའི་གཟུགས་བརྙན་ལས།།
སྣང་བའི་ཆོན་མགོའི་བྱ་ཞིག་མགོ་འཁོར་བྱུང་།།
ལག་པས་གནམ་ལ་སྙོབ་བཞིན་དབུགས་ངལ་བཏང་།།
བསྔལ་བའི་སྙིང་ཁར་ཙག་གིས་རོ་ལངས་རྒྱག།

འདི་ནས་གཟེར་ཞིང་ན་བའི་བློ་སྙིང་ཞིག།
གློ་དང་མཆིན་པའི་འགྲམ་ཤ་གླན་ས་ཞིག།
ལང་ཚོའི་འདབ་མ་གྱོང་བའི་བརྡ་རྟགས་འདྲ།།
ཁ་མཆུ་དྲོ་ཡང་བྲང་ཁོག་འཁངས་ནས་སོང་།།

སྤྲིན་པས་འོད་ལ་འཚེ་བ་མ་ཡིན་འདྲ།།
སྤྲིན་པས་ཕྱི་ནང་དྲོ་གྲང་སྙོམས་པ་འདྲ།།
ཆོ་འཕྲུལ་བརྩེགས་མའི་མ་ཁོག་གྲང་ལྡོམ་དེས།།
བདག་གི་བླ་དང་སྲོག་གི་ཡང་སྲོག་འདར།།

རྩྭ་དང་རྩི་ཤིང་ལག་ལ་བསྡམས་ཙ་ན།།
ཁྲག་གི་སྦུབས་ལམ་ཚ་ནས་ཚ་རུ་ཕྱིན།།
སྙིང་གི་ཡལ་འདབ་འཁྱག་པ་རྡོ་རུ་བཏང་།།
ཞེ་ཡིད་སྐྱ་མོའི་ཁ་དོག་སྙིང་རྗེ་འདུག།

གནམ་གྱི་མཐོངས་ན་ཙག་ཅིག་ཐུར་ན་དཔྱངས།།
བར་སྣང་ཁམས་ན་སྤྲིན་པ་ཆབ་རོམ་ཞིག།
གཟུགས་ཅན་གཟུགས་མེད་སྙིང་ཤ་འདར་སྤྱད་དེ།།
ཁམས་ཀྱི་མཛེས་པ་རེ་ཞིག་གློ་དམར་ཆགས།།

བར་སྣང་ཁྲོད་ནས་བར་སྣང་གཞན་ཞིག་གྲུབ།།
བར་སྣང་དེ་ལ་གྲང་བ་གཞན་ཞིག་བཙས།།
གྲང་བའི་ཁམས་ལ་སྦྲུམ་པའི་སྙིང་ཆུང་ཞིག།
ན་བུན་སྐྱ་མོ་པང་ན་ཞེ་རེ་གཉོམ།།

སྟོང་འཁྲུལ་ངོས་ལ་ཡི་གེའི་ཟུག་རྔུ་འདོན།།
ཡི་གེའི་སྲོག་ལས་རྣམ་ཤེས་ལྡེམ་པ་ན།།
བར་ཐག་ཅིག་གིས་གཅུར་ནས་འོང་བ་ནི།།
གྲང་བ་ནད་པ་ཞིག་གིས་འཛིན་སྟངས་སོ།།

                 2015-5-4[monday]

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།