གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བུ་མོ་སྒྲོལ་མ་དྲན་ཚུལ།

2015-06-04 10:42:18 ནག་ལྡོང་འཁྱམ་པོ། ཀློག་གྲངས། མཆན ཡོད།

དུས་བཞིའི་འགྱུར་བག་རྒོད་པོ་ཆོས་ཉིད་ཀྱིས་གྲུབ་སྐད།།
མ་ངེས་སྐྱིད་སྡུག་རི་མོར་འགྲེལ་ཐབས་ཤིག་ཨེ་ཡོད།།
ཁ་བ་བསྟུད་མར་འབབ་པའི་མཐོ་སྒང་ལ་བསྡད་ནས།།
རང་དབང་རྨི་ལམ་བོར་བའི་འཁྱམས་པོ་ང་སྐྱོ་ཨང་།།

ལོ་མ་སེར་པོས་སྐོར་བྲོ་བར་མེད་དུ་ཁྲབ་ཅིང་།།
གངས་ཆབ་བསིལ་མའི་བཞུར་སྒྲ་ལྷང་ལྷང་དུ་གྲགས་དུས།།
སེམས་ཀྱི་བདེ་བ་དྲན་པའི་མངར་ཁ་ལ་སྦྱོར་བའི།།
གནས་སོང་བུ་མོ་ཞིག་གི་ལང་ཚོ་དེ་དྲན་འོང་།།

ལོ་ཟླའི་དུད་པ་ཁུར་བའི་སྦྲ་རྒན་དེ་མཐོང་ན།།
ལུག་ཁྱུ་སྤྲིན་ལ་འདྲེས་པའི་འབྲོག་ཐང་ཞིག་དྲན་འོང་།།
བརྩེ་བའི་གཏམ་རྒྱུད་རིང་བའི་སྙིང་སྡུག་གི་བུ་མོ།།
ང་ཡི་སྒྲོལ་མའི་ལང་ཚོ་འདི་ཕྱོགས་ནས་མཚར་སོང་།།

གངས་ཀྱི་མེ་ཏོག་འཛུམ་པའི་དོ་ར་ནས་ཆས་ཏེ།།
སྤེན་མའི་དབུ་ལོ་འགུལ་བའི་རྫ་ཞོལ་ལ་བརྒྱབ་ཏེ།།
ལྷོ་རོང་ནགས་མའི་ཚུལ་ལ་བྲོས་བྱོལ་དུ་ཕེབས་འདྲའི།།
སྒྲོལ་མའི་སྐད་ངག་སྙན་མོའི་འགྱུར་ཁུགས་དེ་དྲན་གི།

བསླད་མེད་དུང་བའི་རི་མོ་ཤོག་ངོས་སུ་ཕབ་ཏེ།།
དྲན་པའི་མཆི་མ་དྲོན་མོ་རུམ་ཁ་རུ་ཟགས་ནས།།
ཕ་མའི་བཀོད་སྒྲིག་བཙན་པོའི་ལས་སྐལ་ལ་འཇུས་ཏེ།།
སྙིང་གི་སྒྲོལ་མ་དབང་མེད་གནས་ཡུལ་ལ་བུད་སོང་།།

གཏན་དུ་གླེང་ཡང་མི་མཐོང་སེམས་ཁོང་གི་སྡུག་རེད།།
མ་གླེང་ལོ་ཟླ་འགོར་ཡང་བརྗེད་ཐབས་རང་མི་འདུག།
ཆགས་ཞེན་མེ་ལྕེ་དམར་པོའི་རྣོ་དབལ་ལ་ཉལ་ནས།།
འཆི་བདག་གཤེད་མ་བཙན་པོའི་འབོད་སྐད་ལ་བསྒུག་རྒྱུ།

ཕྱུགས་གསུམ་རི་ལ་འཚོས་པ་ན་ནིང་གི་ལོ་ཟླ།།
དགོད་པའི་འཛུམ་ཆུང་མང་བ་འདས་སོང་གི་གཏམ་རྒྱུད།།
རླུང་བུ་བསིལ་བསིལ་ལྡིང་བའི་དེ་རིང་གི་ཞོགས་ཀར།།
ད་དུང་དྲན་པའི་མཆི་མ་ཤམ་ཤམ་དུ་ལྷུང་ཡོད།།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།