གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གོ་མི་གོ་བའི་བར་སྐབས་ཤིག་གི་ཁུར་ཙ།

2015-06-08 11:26:44 ཞོགས་ཆབ། ཀློག་གྲངས། མཆན ཡོད།


ཚེ་སྲོག་གི་མདུད་པ་གཅོད་པའི་ལས་དབང་གི་རླུང་འཚུབ་དམར་པོས།།
ཁེར་ཚུགས་ཀྱི་སྲ་མཁྲེགས་རྣོ་བའི་གསར་བརྗེ་ཡི་སྒལ་ཚིགས་ཁྱེར་སོང་།།
བརྣབ་སེམས་ལ་གནོད་སེམས་འབྱར་བའི་མི་གཤིས་ཀྱི་ཆགས་སྡང་ཚ་པོ།།
ལས་དབང་གི་ལྷ་མོར་འཕྲད་པའི་མཇལ་འཛོམས་ཀྱི་ལས་འཕྲོ་ཡིན་ནམ།།

ཁ་ཡིག་གི་འཁྱོག་ཐིག་བསྐོར་ཞིག་འོག་འགྱུ་ཡི་མཐིལ་དུ་བཟེད་ནས།།
རྣམ་རྟོག་གི་བྲང་གཞུང་ཀུན་དུ་དབྱངས་ཅན་མའི་མཁུར་ཚོས་ལྡག་གིན།།
སྨིན་མཚམས་ནས་ཨ་ཡིག་འཕྲོས་པར་སྟོང་ཉིད་ཀྱི་རྨོངས་ཆུ་དཀྲུགས་ཞོར།།
མཚར་སྡུག་གི་རྩེད་མོར་བསྒྲེང་བའི་རྒྱང་འཕེན་པའི་སྙིང་སྟོབས་ཤེས་སོང་།།

ཟང་ཟིང་གི་འཁོར་བར་ཞེད་པའི་བཅོས་མེད་ཀྱི་གཅོང་ནད་འདི་ཡིས།།
འཇིག་སྐྲག་གི་སེམས་ལྗོངས་ཉུལ་ཏེ་ཉིན་མཚན་ལ་གོ་ནོར་ཐེབས་ཀྱང་།།
ཕྲག་དོག་གི་ཐོ་ཡོར་གཅོད་པའི་སྒལ་ཚིགས་ཀྱི་སྒང་གཤོང་ལེབ་མོས།།
ཡན་གར་གྱི་བསམ་བློ་གླེང་གིན་འཇིགས་བྲལ་གྱི་ཨག་ཚོམ་རྙེད་སོང་།།

ཐོད་རྒལ་གྱི་བཅད་རྩོམ་སྤྲུགས་པའི་བརྗོད་བྱ་ཡི་ལྷུ་ལག་མཚར་པོས།།
ཐོལ་རྩོམ་གྱི་ཨམ་ཕྲག་བཟོ་བའི་རྗོད་བྱེད་ལ་རམ་འདེགས་འཕྲོད་སོང་།།
ཚིག་ཕྲད་ཀྱི་ཡིག་འབྲུ་རྡོག་གཅིག་དཀྲུགས་ཇ་བཞིན་ཧུབ་གང་མིད་རྗེས།།
ལྟོགས་འཇོམས་ཀྱི་དབྱངས་གསལ་གཉིས་ཀ་བརྡ་དོན་གྱི་སྒོ་རུ་འཁྲུངས་སོང་།།

རྣམ་རིག་གི་ཅང་ཤེས་རྒོད་པའི་ཟག་བཅས་ཀྱི་ཕུང་པོ་བགྲེས་པོས།།
རྣམ་རྟོག་གི་རལ་གྲི་ཕྱར་ནས་རྟོགས་བཏགས་ཀྱི་ཡུ་བ་བསྐྲད་སོང་།།
ལས་དབང་གི་གཏན་འཁེལ་ཡིན་ནམ་རྣམ་སྨིན་གྱི་ལེ་ལན་གང་གིས།།
ཉལ་གཟན་གྱི་ཕྱི་དང་ནང་དུ་གདུང་སེམས་ཀྱི་མཚོ་མོ་འཁྱིལ་སོང་།།

ཕོ་མོ་གཉིས་དགའ་འཁྱིལ་བྱུང་བའི་བརྩེ་དུང་གི་གདན་ས་འཇམ་པོས།།
ཁྱོ་ཤུག་གཉིས་ལུས་འབྲེལ་བྱུང་བའི་གཏན་ཚིགས་ཀྱི་ཨ་ལོང་ཁུར་ནས།།
བསམ་ནག་གི་ལས་དབང་ཞིག་གིས་བསམ་གཟས་ཀྱི་སྦྲིད་སྨན་བླུད་དེ།།
སྡིག་སྒྲིབ་ཀྱི་ཚིལ་དྲེག་ཁུར་བའི་དམ་ཉམས་ང་ལུགས་དང་འགལ་སོང་།།

ལེགས་བཙོག་ལ་སྙོམས་སྒྲིག་མེད་པའི་ཆོས་བརྒྱད་ཀྱི་རོ་སྙོམས་འདི་ཡིས།།
མི་སེམས་ཀྱི་ཡ་ཁོག་སྙིང་ལ་ཁུངས་མེད་ཀྱི་ངག་འཆལ་བཏབ་སྟེ།།
འཇིག་རྟེན་ལ་མུན་པས་གཡོགས་པའི་དགུན་དུས་ཀྱི་ས་སྲོད་ཅིག་ལ།།
ཁོ་བོ་ཅག་ཧ་ཅང་གྲང་ནས་འཁྱགས་གྲིར་ལས་ཤི་གསོན་བཤད་དཀའ།།

མུ་ཏིག་གི་སྟར་ཕྲེང་བསྒྲིགས་པའི་འཛུམ་དཀར་གྱི་ཞལ་ངོ་འདི་ཡིས།།
སྣང་སེམས་ཀྱི་སྟོང་ཆེན་དབྱིངས་སུ་ལྡེམ་མྱུར་གྱི་ཟློས་གར་འཁྱུག་སོང་།།
བརྩེ་སེམས་ཀྱི་ལག་རྡང་སྤྲེལ་བའི་དགྱེས་ཞལ་གྱི་བརྟན་ཚུགས་དམར་པོས།།
མ་བཅོས་ཀྱི་གཉུག་སེམས་ངོས་སུ་འོ་དོད་ཀྱི་བྲག་ཅ་མཆེད་སོང་།།

ཀུན་རྟོག་གི་སེམས་འཕྲིན་ཆ་གཉིས་མུ་ཏིག་ལྟར་ཕྲམ་ཕྲུམ་འགྲེམ་པས།།
སེམས་པ་གཉིས་ཆང་གིས་བཟི་བས་སུ་ཡིས་ཀྱང་བཤིགས་ཐབས་མེད་དོ།།
རྟོག་བཏགས་ཀྱི་ཡུ་བ་གཅོད་པའི་ཟུར་མིག་གི་སྒེག་ཆོས་རྣོན་པོས།།
ཁང་བཟང་གི་བློས་བསླངས་ངོས་སུ་འཁྲིག་སྤྱོད་ཀྱི་དཔེ་རིས་བྲིས་སྐད།།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།