གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བཞི་མདོ་དེ་ན།

2016-04-09 11:05:35 དྭངས་ཟིལ། ཀློག་གྲངས། མཆན ཡོད།


གློག་འགྱུ་མིག་ལ་བརྩེད་ཅིང་འདུ་འཛིས་རྣ་བ་འཛེར་བའི་བཞི་མདོ་དེར།།
ནམ་མཁར་དམར་དྲི་དང་ནི་དྲི་ངན་གཏིབས་པའི་རླུང་བུ་ཡན་པར་རྒྱུ།།
ཞྭ་མོ་དཀར་ནག་འོག་ཏུ་སྐད་རིགས་སྣ་ཚོགས་བྲེལ་ཞིང་འཚང་བའི་མོད།།
སོ་སོས་འདོད་འདུན་གཅལ་དུ་བཀྲམས་ནས་ཧེབ་ཀྱི་མིག་ཟུང་རིག་རིག་འགུལ།།

དགོད་སྒྲ་ཤོར་མས་མི་ཚོགས་གཤགས་ཏེ་རྣ་བ་ཀེར་བར་བརྣུན་པའི་ཚེ།།
བཞི་མདོའི་རྣམ་ཤེས་བན་བུན་དེ་ཚོར་གྲིམ་པའི་མིག་ཟུང་གདངས་པར་བྱས།།
གྲོག་མའི་འདུར་རྒྱུགས་རྩལ་དུ་སྦྲུགས་ནས་གད་སྙིགས་རྐང་བས་གཅིར་བ་ན།།
གདོང་གི་སྐེག་ཚོས་སྐ་བ་འཕོང་ཤར་བསྒྲེས་པའི་འཕྱོན་མའི་ཁྱུ་ལ་འདྲེས།།

གློག་དམར་མིག་ཟུང་རྡེབ་པའི་ངོགས་སུ་རང་ཚུགས་གང་ཞིག་ཞུ་བཞིན་ཡོད།།
སྡར་མ་ཁྱུ་གཅིག་རྐུན་བུ་འཇབ་པའི་ཟོལ་གྱིས་དེ་ན་དངངས་ཤིང་བྲེལ།།
རང་གཤིས་དམར་བོ་ཕྱི་རུ་འཕོ་བཞིན་སྒལ་ཚིགས་བོར་བ་བརྗེད་དེ་ཡོད།།
སྙིང་ཆུང་བསྒག་སྟེ་ལྡིང་ཞིང་མགོ་རིལ་ཆུ་ལ་བསྒྲེས་ལྟར་སྐྲག་ནས་ཡོད།།

རིགས་མང་ཚེ་སྲོག་དེ་ཚོ་བཞི་མདོའི་སྙིགས་རྫོབ་གླགས་ན་རིགས་གཅིག་སྟེ།།
བརྐམ་ཆགས་འཕྲོ་རྒོད་ཐང་མར་བརྡལ་ནས་སེམས་པའི་གཤོག་པ་རྡེབ་ཀྱིན་པར།།
འཕྱོན་མས་ཁོར་ཡུག་གཏིབས་པའི་མཐོངས་སུ་རྔམ་པའི་འཕུར་འགྲོས་གཅིག་གི་མུར།།
ཚུགས་ཐུབ་གྲུང་ཤའི་བཟོ་ལྟ་ཤོར་བའི་ཚུལ་དག་ལྐོག་འཛུམ་ཁུད་ན་འཛར།།

བཞི་མདོར་རྙི་ལས་ཤོར་བའི་ཚེ་སྲོག་མང་བོ་ཤིག་ཤིག་འགུལ་གྱིན་ཡོད།།
མ་བགྲོས་སེམས་ཀྱི་བར་ཐག་སྦྲེལ་བར་གློག་ལྟར་མྱུར་བའི་སྟངས་སྟབས་ཡོད།།
བར་བར་དངུལ་གྱི་འདབ་ཁ་དམར་བོ་ཕྱག་སོར་རྩེ་ན་འཁྱུག་གིན་ཡོད།།
བརྣག་ཀྱང་བསགས་པའི་སེམས་ཀྱི་ཟ་འཕྲུག་ཧལ་ཧལ་ངང་དུ་གསོད་སྙམ་ཡོད།།

མགོ་སྐྱེས་དཀར་ལ་དཔྲལ་བར་གཤོང་བུ་ཟབ་པའི་བགྲེས་པོ་སྟོད་སྒུར་དང་།།
ལང་ཚོའི་མྱུ་གུ་འབུས་པར་སྐྱེན་པའི་གཞོན་ནུ་དྲེགས་ལྡན་མགོ་ཡང་དང་།།
རྒྱགས་པོའི་ལུས་ལ་དམར་སེར་གོས་ཀྱིས་གཡོགས་པའི་ཁྱིམ་ལས་བྱུང་བ་སོགས།།
བཞི་མདོའི་མྱག་རུལ་གསེང་ན་རང་གི་ཐུན་མིན་གཤིས་ཤིག་སྟོན་ལ་བྲེལ།།

སྔོ་དམར་འོད་ཟེར་ཅན་གྱི་འཁོར་ལོས་ངུ་སྐད་ལན་རེར་འབྱིན་པའི་མོད།།
འཕྱོན་མའི་ཚོགས་ནི་ཕྱོགས་དང་ཕྱོགས་སུ་བཀྱེད་ནས་ཧོལ་རྒྱུགས་དང་དུ་ལེན།།
རིགས་མང་འགྲུལ་བའི་ཚོགས་ཀྱང་བརྟན་པོར་འགྲེང་ནས་འདྲེན་བྱེད་ཅེར་བའི་ངང་།།
ལྟད་མོ་མཚར་བོ་ཞིག་གི་ཐོབ་སྐལ་ནན་གྱིས་དབང་བོའི་སྣོད་དུ་འཇུག།

ལམ་འགྲམ་ཚོང་ཟོང་རྩག་རྩིག་གཉེར་བའི་རྒན་གཞོན་སེར་སྣས་བཅངས་པ་ཚོ།།
སྐད་ཅིག་མི་སྡོད་མགྲིན་པའི་སྒོ་མོ་འགག་རག་བར་དུ་འབོད་སྒྲོག་གིས།།
རྙིང་ཞིང་རལ་བའི་ཚོང་ཟོང་དག་ནི་སྲིད་ན་དཀོན་པའི་སྒྲོ་འདོགས་ལ།།
ཕན་ཚུན་འགྲན་བཞིན་བཞི་མདོའི་བར་སྣང་འཛེར་འཛེར་སྐད་ཀྱིས་ཡོངས་སུ་ལྗིབས།།

སྐབས་སྐབས་བྱང་རླུང་དལ་བུར་ལྡང་བའི་འགྲོས་དང་བསྟུན་ནས་གད་སྙིགས་དང་།།
འཕྱོན་མའི་ལྭ་འདབས་སོགས་ནི་ཡར་ལ་གཡོ་བའི་བར་མཚམས་དག་ཏུ་ནི།།
ཤངས་ལ་གཡའ་དྲི་སྦྱིན་ཞིང་མིག་ལ་སྲེད་ཞེན་བསྟོབས་པ་འབྱུང་བས་ན།།
བཞི་མདོའི་རིགས་མང་དེ་ཚོ་ཡུ་མོ་ཆུ་འཐུང་འཕོང་གི་ཤྭ་ཕོ་འདྲ།།

ལྐོག་མིག་ལིང་ལིང་སྐྲ་ལོ་འཇིལ་ལིར་འཁྱིལ་བའི་རྐུན་ཕྲུག་དྲེད་པོའི་ཁྱུ།།
གཡོན་ཙམ་འགྲོས་ཀྱིས་ཚོང་རར་ཉུལ་བའི་འབྲོག་པ་རྒན་རྒོན་ཚོའི།།
ལྟོ་བར་གཟར་བའི་དངུལ་ཁུག་ཚིལ་གྱིས་གཡོགས་པར་དམིགས་པའི་འབེན་ཉིད་ལ།།
གཞར་ཡང་ནན་གྱིས་བཟུང་སྟེ་གོ་སྐབས་ལྷོད་ཡངས་རེ་ལ་བརྩོན་པར་བྲེལ།།

བཞི་མདོར་ཅི་ཡང་འཛོམས་པའི་མཚན་ཕྱེད་དམར་བོའི་ཕྱི་དང་ནང་རོལ་ན།།
རྣ་ལ་གཟན་པའི་གཏམ་རྒྱུད་ཕྲེང་དུ་བསྟར་ཡང་ཚེ་སྲོག་རྒོད་པོ་ཚོས།།
ཅིས་ཀྱང་འདི་ཀོ་སྙིང་ལ་ཉར་ནས་མི་ཚེའི་ཤོག་དཀར་གཙང་མ་ལ།།
ནག་ནོག་རི་མོ་འཁྱོག་པོ་ཐེངས་གཅིག་བྲི་བའི་ལས་དེ་དགོས་སམ་ཅི།།

                                                                        རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།