གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྔགས་མང་ལ་རྫོགས་ཆེན་བསྒོམ་པར་སྐུལ་བའི་མགུར་གླུ་གང་ཤར་མ།

2016-04-29 11:28:33 སྔགས་པ་ཧེ་རུ་ཀའམ་སྨན་པ་ཉི་ཟླ། ཀློག་གྲངས། མཆན ཡོད།


༄༅།།རང་བྱུང་སངས་རྒྱས་པད་མ་འབྱུང་གནས་དང་དབྱེར་མ་མཆིས་པའི་སྨན་རྒྱལ་གཡུ་ཐོག་ཡོན་ཏན་མགོན་པོ་ལ་ཕྱག་འཚལ་ལོ། མཆོད་དོ། སྐྱབས་སུ་མཆིའོ།།

གདོད་མའི་མགོན་པོ་སྤྲོས་པ་དྲི་མ་མེད།། ཁ་སྦྱོར་ཡན་ལག་བདེ་ཆེན་ཀློང་དུ་གྲོལ།།
འཇའ་ལུས་རྡོ་རྗེའི་བདག་ཉིད་སྤྲུལ་བའི་སྐུ།། ཀུན་བཟང་བླ་མས་དུས་རྟག་བྱིན་གྱིས་རློབས།།

མཆོག་གསུམ་དབྱེར་མེད་གུ་རུ་རིན་པོ་ཆེ།། སྐུ་གསུམ་བདག་ཉིད་རྩ་བའི་བླ་མ་དང་།།
རྩ་གསུམ་དབྱེར་མེད་རྒྱུད་པའི་བླ་མའི་ཚོགས།། བསླུ་མེད་སྐྱབས་གནས་ཡིན་ནོ་སྔགས་པ་ཚོ།།

ཐུན་མོང་བློ་ལྡོག་རྣམ་བཞིས་བློ་སྦྱོང་ལ།། ཐུན་མིན་སྔོན་འགྲོ་རྩ་གསུམ་མཐར་ཕྱིན་བསྙེན།།
རྩ་རླུང་ཐིག་ལེའི་རྩལ་དང་བོགས་ཐོན་ནས།། འོད་གསལ་རྫོགས་ཆེན་ཞུས་ཤིག་སྔགས་པ་ཚོ།།

ཆོས་རྣམས་སེམས་ལ་འདུས་པའི་སེམས་ཀྱི་སྡེ།། སྣང་སྲིད་ཆོས་ཉིད་ཀློང་འདུས་ཀློང་སྡེ་དང་།།
འཁོར་འདས་དབྱེར་མེད་རང་གྲོལ་མན་ངག་སྡེ།། རྫོགས་ཆེན་སྡེ་གསུམ་ཡིན་ནོ་སྔགས་པ་ཚོ།།

ཞེ་སྡང་གཉེན་པོར་མ་ཧ་ཡོ་ག་བསྟན།། འདོད་ཆགས་གཉེན་པོ་ཨ་ནུ་ཡོ་ག་ཡིན།།
གཏི་མུག་རང་སངས་ཨ་ཏི་ཡོ་ག་སྟེ།། རྒྱུད་མཐུན་ཉམས་སུ་ལོངས་ཤིག་སྔགས་པ་ཚོ།།

སྔོན་བསགས་ལས་མེད་བསྟན་པ་འདིར་མི་མཇལ།། རིག་ངོ་འཕྲོད་ནས་བསྐྱང་ན་མི་གྲོལ་མེད།།
འཇིག་རྟེན་འཁོར་བར་བྲེལ་བ་ཆེ་བའི་དུས།། རྫོགས་ཆེན་ངོ་སྤྲོད་དགོས་སོ་སྔགས་པ་ཚོ།།

མཐོང་ན་ཞིང་པ་འབྲོག་པ་གྲོལ་བར་འགྱུར།། མ་མཐོང་བླ་ཆེན་སྤྲུལ་སྐུ་འཁྲུལ་བར་འགྱུར།།
རྟོགས་གྲོལ་ཅིག་ཅར་ཡེ་ཤེས་རྗེན་པ་འདི།། མ་འཁྲུལ་སྐྱོང་ཤིག་ལས་ཅན་སྔགས་པ་ཚོ།།

འཇིག་རྟེན་འཁོར་བ་བྲེལ་འཚུབ་ཆེ་བའི་དུས།། ཉོན་མོངས་མང་ལ་རྩོད་ཉོག་དར་བའི་དུས།།
སྣང་རིག་ཟང་ཐལ་ཅན་གྱི་རྫོགས་ཆེན་བསྒོམ།། འདི་ཕྱི་གཉིས་ཀ་སྐྱིད་དོ་སྔགས་པ་ཚོ།།

སྐྱེས་སྟོབས་ཤེས་རབ་མེད་ན་མེད་དུ་ཆུག། སྦྱངས་པའི་ཡོན་ཏན་དམིགས་བསལ་དགོས་མ་ཡིན།།
ཞི་ལྷག་བསྐྱེད་རྫོགས་མང་པོ་མི་ཤེས་ཀྱང་།། རྫོགས་ཆེན་རིག་ངོ་འཕྲོད་དགོས་སྔགས་པ་ཚོ།།

རྫོགས་ཆེན་བླ་མ་བཤད་ལ་མཁས་མི་དགོས།། རྫོགས་ཆེན་བླ་མར་མང་པོའི་ལུང་མི་དགོས།།
རྫོགས་ཆེན་བླ་མར་རྒྱུད་པའི་བྱིན་བརླབ་དང་།། རིག་ངོའི་ཉམས་མྱོང་དགོས་སོ་སྔགས་པ་ཚོ།།

ཁ་བདེ་ལྕེ་བདེས་རྫོགས་ཆེན་སྟོན་མི་ཐུབ།། འཆད་རྩོད་རྩོམ་པས་རྫོགས་ཆེན་གཞལ་མི་ཐུབ།།
སྔོན་ལས་རྟོགས་ལྡན་བླ་མ་ཁོ་ན་ལས།། བརྗོད་མེད་དོན་དེ་རྟོགས་ཡོང་སྔགས་པ་ཚོ།།

ཟང་ཐལ་རྗེན་པའི་རིག་པ་མ་མྱོང་ན།། དབང་ལུང་ཁྲིད་ཀྱི་གྲངས་ཀས་ག་ལ་གྲོལ།།
དཔེ་མང་ལྷ་མང་རྗེས་སུ་མ་རྒྱུག་པར།། རིག་ངོའི་བླ་མ་བསྟེན་ཅིག་སྔགས་པ་ཚོ།།

ཚུལ་འཆོས་འཛུམ་གྱིས་གྲོལ་བར་མི་འགྱུར་ལ།། ཁ་མཁས་བཤད་དང་རྩོད་པས་ག་ལ་གྲོལ།།
སྔགས་དང་རིམ་གྲོ་སོགས་ཀྱིས་མི་གྲོལ་བ།། རིག་ངོ་ཁོ་ནས་གྲོལ་ལོ་སྔགས་པ་ཚོ།།

ཁ་དོག་དཀར་དམར་ཡིན་དང་མ་ཡིན་དང་།། འཁོར་འདས་ཡོད་དང་མེད་སོགས་རྩོད་མི་དགོས།།
ཡིད་དཔྱོད་སྤྲོས་བཅས་དམིགས་པ་འཛིན་མེད་དུ།། གནས་ལུགས་ལྷུན་གྲུབ་སྐྱོངས་ཤིག་སྔགས་པ་ཚོ།།

དགའ་རབ་རྡོ་རྗེས་ཚིག་གསུམ་གནད་བརྡེག་བསྟན།། དེང་དུས་འགྲེལ་བ་སུམ་བརྒྱས་འཁྲུལ་དུ་བཅུག།
ཆེ་ཆེ་མཐོ་མཐོའི་ཚིག་མང་མི་དགོས་པས།། ཉམས་ལྡན་བླ་མ་བསྟེན་ཞིག་སྔགས་པ་ཚོ།།

བཤད་རྒྱུའི་ཚིག་གིས་བརྗོད་མེད་དོན་དེ་གབ།། བཟང་ངན་སྤང་བླང་བློ་ཡིས་བློ་འདས་ཤོར།།
གཅིག་ཤེས་ཀུན་གྲོལ་རིག་པ་ཟང་ཀ་མ།། རྟོགས་ལྡན་བླ་མར་ཞུས་ཤིག་སྔགས་པ་ཚོ།།

ཞེ་སྡང་ཆེ་ཡང་རྫོགས་པ་ཆེན་པོས་གྲོལ།། འདོད་ཆགས་ཅན་ཡང་རྫོགས་པ་ཆེན་པོས་གྲོལ།།
གཏི་མུག་རང་གྲོལ་རྫོགས་པ་ཆེན་པོ་ནི།། མཐར་ཐུག་གྲོལ་ལམ་ཡིན་ནོ་སྔགས་པ་ཚོ།།

འཛིན་མེད་ཟང་ཀ་མ་དེ་རྩོལ་མེད་སྐྱོང་།། སྔགས་པ་སྔགས་མ་སུ་ཡང་ངེས་པར་གྲོལ།།
དུག་ལྔ་རང་ཤིག་ཚོགས་དྲུག་རང་ཤར་ནི།། གེགས་མེད་ལམ་འཁྱེར་ཡིན་ནོ་སྔགས་པ་ཚོ།།

ཟང་ཐལ་རྗེན་པའི་རིག་པ་མ་མཐོང་ན།། ཆེ་ཆེ་མང་མང་ཚིག་གིས་ཅི་ཞིག་བྱ།།
རྣམ་རྟོག་ལྷ་དང་རྩོལ་བཅས་རྫོགས་རིམ་སོགས།། རྫོགས་ཆེན་གོལ་སར་བསྟན་ནོ་སྔགས་པ་ཚོ།།

ཟང་ཐལ་སོ་མའི་རིག་པ་བསྐྱང་ཐུབ་ན།། རྣམ་རྟོག་རྩོལ་བཅས་ཆོས་གཞན་དགོས་མ་ཡིན།།
འབུམ་བསྙེན་ཁྲི་བསྒོམ་མི་ཚེ་བསྐྱལ་ན་ཡང་།། རིག་ངོ་མ་མཐོང་མི་གྲོལ་སྔགས་པ་ཚོ།།

ཞབས་དཀར་དྲིན་གྱི་རིག་པའི་གསེར་ཐུར་གྱིས།། མ་རིག་བདག་འཛིན་སྐྱ་འགྲིབ་ཡོངས་སུ་ཕྱེས།།
གཉིས་འཛིན་ལས་དང་ཉོན་མོངས་ལས་གྲོལ་ན།། ཀ་དག་ཁྲེགས་ཆོད་ཡིན་ནོ་སྔགས་པ་ཚོ།།

ཞབས་དཀར་དྲིན་གྱི་བདུད་རྩི་བུམ་བཟང་གིས།། སྒྲོན་བཞི་སྣང་བཞིའི་དྲི་མ་ཡོངས་སུ་དག།
སྣང་སྟོང་འོད་གསལ་གཞོན་ནུ་བུམ་སྐུ་འགྲུབ།། ལྷུན་གྲུབ་ཐོད་རྒལ་ཡིན་ནོ་སྔགས་པ་ཚོ།།

ཅོག་བཞག་གསུམ་གྱི་གནད་ཀྱིས་བསྒོམ་ན་ཡང་།། ལྟ་སྟངས་གསུམ་གྱི་གནད་ཀྱིས་གཟིགས་ན་ཡང་།།
རྩ་རླུང་འཕྲུལ་གྱི་འཁོར་ལོ་བསྐོར་ན་ཡང་།། རིག་ངོ་ཞི་གནས་མ་ནོར་སྔགས་པ་ཚོ།།

གཉིས་སྣང་བདག་འཛིན་ཉོན་མོངས་མཐུག་པོ་ནི།། ལས་སྒྲིབ་མཁྲེག་གམ་ཁྲེགས་པོ་ཡིན་པས་ན།།
ཤེས་རབ་སྟོང་ཉིད་མེད་གཅིག་ཕྱལ་ལྷུན་གྱིས།། གཉིས་འཛིན་རྩ་མེད་ཆོད་ཅིག་སྔགས་པ་ཚོ།།

རིག་པའི་རྩལ་དབང་བཞུགས་དང་གཟིགས་སྟངས་གནད།། སྒོ་ཡུལ་རིག་གནད་སྒྲོན་བཞིའི་ངོ་འཕྲོད་ལ།།
དཀར་ནག་ཁྲ་གསུམ་སྣང་བཞིའི་ཐོད་རྒལ་ནི།། མཐར་ཐུག་འཇའ་ལུས་ཡིན་ནོ་སྔགས་པ་ཚོ།།

གྲྭ་ཟུར་ཉམས་མེད་ཐིག་ལེ་ཆེན་པོའི་ཀློང་།། སྣང་སྟོང་འཁོར་འདས་འུབ་ཆུབ་ཕྱལ་ལེ་བ།།
བསྒོམ་དང་བསྒོམ་མཁན་བྲལ་བའི་རིག་པའི་ཀློང་།། མཇལ་མེད་ངང་དུ་མཇོལ་ཞིག་སྔགས་པ་ཚོ།།

རྩེ་གཅིག་སྤྲོས་བྲལ་རོ་གཅིག་བསྒོམ་མེད་ཀྱི།། ལྷན་སྐྱེས་ཡེ་ཤེས་བདེ་ཆེན་ཕྱག་རྒྱ་ཆེ།།
གནས་པ་དབྱིངས་དང་འཕྲོ་བ་རིག་པའི་རྩལ།། ཕྱག་རྫོགས་དབྱེར་མེད་སྐྱོང་ཤིག་སྔགས་པ་ཚོ།།

དབེན་གསུམ་ངང་དུ་འོད་གསལ་སྒྱུ་ལུས་ཤར།། ཟུང་འཇུག་ལྷན་སྐྱེས་བདེ་ཆེན་རྒྱུན་ཆད་མེད།།
བླ་མེད་རྒྱུད་ཀྱི་གསང་བའི་སྙིང་པོ་དང་།། རྫོགས་ཆེན་དབྱེར་མེད་བསྒོམ་ཞིག་སྔགས་པ་ཚོ།།

ཤེས་རབ་ཡུམ་ཆེན་རྣམ་ཀུན་རྡོ་རྗེའི་དབྱིངས།། སྣང་སྟོང་དབྱེར་མེད་ཟབ་ཞི་སྤྲོས་པ་བྲལ།།
རྟེན་འབྲེལ་སྙིང་པོ་དབུ་མ་ཐལ་འགྱུར་དང་།། ཁྲེགས་ཆོད་དབྱེར་བསྒོམ་ཞིག་སྔགས་པ་ཚོ།།

ཕྱི་ནང་གཞན་གསུམ་སོར་སྡུད་བསམ་གཏན་དང་།། སྲོག་རྩོལ་འཛིན་པ་རྗེས་དྲན་ཏིང་འཛིན་གྱི།།
མཆོག་གི་སྟོང་གཟུགས་བདེ་ཆེན་དུས་འཁོར་དང་།། རང་རིག་དབྱེར་མེད་བསྒོམ་ཞིག་སྔགས་པ་ཚོ།།

མདོར་ན་མ་རྒྱུད་འོད་གསལ་སྙིང་པོ་དང།། ཕ་རྒྱུད་དག་པའི་སྒྱུ་ལུས་མཐར་ཐུག་པ།།
གཉིས་མེད་ཟུང་འཇུག་རྡོར་འཆང་གསང་ཚིག་དང་།། ཁྲེགས་ཐོད་དབྱེར་མེད་བསྒོམ་ཞིག་སྔགས་པ་ཚོ།།

རྫོགས་ཆེན་ལྟ་བ་མཐོང་ན་ཀུན་མཁྱེན་ཡིན།། དབྱིངས་རིག་ཀློང་ཆེན་མཇལ་ན་རྫོགས་ཆེན་ཡིན།།
འཁོར་འདས་ཟང་ཐལ་རབ་འབྱམས་ཡེ་ཤེས་འདི།། རྩོལ་མེད་སྐྱོང་ཤིག་སྔགས་པ་སྔགས་མ་ཚོ།།

སད་དང་གསོན་དུས་དུག་ལྔ་རང་གྲོལ་དགོས། གཉིད་དང་འཆི་སྐབས་འོད་གསལ་རྟོགས་པ་དགོས།
མཉམ་རྗེས་གཉིས་མེད་གདིང་ཆེན་ཐོབ་གྱུར་ན།། དོན་གྱི་སྔགས་འཆང་ཡིན་ནོ་སྔགས་པ་ཚོ།།

རྫོགས་ཆེན་ཀློང་ལ་མ་འདུས་ཆོས་གཞན་མེད།། རྫོགས་ཆེན་མ་རྟོགས་གཞན་གྱིས་གྲོལ་མི་འགྱུར།།
བླ་མའི་དྲིན་ལས་རིག་པ་སྐད་ཅིག་མ།། ཡེངས་མེད་རྩོལ་མེད་སྐྱོངས་ཤིག་སྔགས་པ་ཚོ།།

བརྗོད་མེད་རང་རིག་ཡེ་ཤེས་མཐོང་བའི་ཚེ།། འཛིན་མེད་ལྟ་བ་ཕྱོགས་མེད་ཕྱལ་བར་ཐོངས།།
ལྷ་སྔགས་ཏིང་འཛིན་འོད་གསལ་དེ་ལ་འདུས།། སྐུ་གསུམ་རང་རིག་ཡིན་ནོ་སྔགས་པ་ཚོ།།

རྡུལ་ཙམ་མ་གྲུབ་ངོ་བོ་རྩ་ནས་སྟོང་།། འགག་མེད་རང་བཞིན་གསལ་ལ་དྲི་མ་བྲལ།།
བྱང་སེམས་ཐུགས་རྗེ་ཕྱོགས་མེད་ཀུན་ལ་ཁྱབ།། སྐུ་གསུམ་རང་སེམས་ཡིན་ནོ་སྔགས་པ་ཚོ།།

འཇིག་རྟེན་ཆོས་བརྒྱད་སྒྱུ་མའི་དཔེ་བརྒྱད་ཡིན།། ཉོན་མོངས་དུག་ལྔ་ཡེ་ཤེས་རིགས་ལྔ་ཡིན།།
འཁོར་འདས་རང་གྲོལ་མ་བསྒོམ་སངས་རྒྱས་ཡིན།། བསྒོམ་གྱི་ལམ་འཁྱེར་མ་བརྗེད་སྔགས་པ་ཚོ།།

འདོད་ཆགས་ཐ་མལ་མ་འཇོག་བདེ་སྟོང་བསྒོམ།། ཁོང་ཁྲོ་ཐ་མལ་མ་འཇོག་གསལ་སྟོང་བསྒོམ།།
གཏི་མུག་ཐ་མལ་མ་འཇོག་རིག་སྟོང་བསྒོམ།། ངེས་དོན་བསྒོམ་ཆེན་ཡིན་ནོ་སྔགས་པ་ཚོ།།

འདོད་ཆགས་རང་གྲོལ་བདེ་སྟོང་ངང་དུ་འབྱམས།། ཞེ་སྡང་རང་ཞི་གསལ་སྟོང་ཀློང་དུ་ཕྱལ།།
གཏི་མུག་རང་སངས་རིག་སྟོང་དབྱིངས་སུ་ཤར།། བཟང་ངན་སྤང་བླང་མེད་དོ་སྔགས་པ་ཚོ།།

ལྟ་བ་མཐོ་ཞིང་བསྒོམ་གྱི་རྩལ་རྫོགས་ཀྱང་།། བསླུ་མེད་རྟེན་འབྲེལ་ལས་འབྲས་གནད་ཤེས་ལ།།
འཁོར་བ་དོང་སྤྲུགས་རིགས་དྲུག་སྒྲོལ་བའི་ཕྱིར།། དམིགས་མེད་བྱང་སེམས་མ་བརྗེད་སྔགས་པ་ཚོ།།

ཚོགས་དྲུག་རང་གྲོལ་བྱིན་བརླབ་སྙིང་ལ་ཞུགས།། གཡུ་ཐོག་འཁོར་འདས་རང་གྲོལ་རང་ངོ་འཕྲོད།།
འོད་གསལ་རྫོགས་པ་ཆེན་པོའི་མགུར་གླུ་འདི།། འཛིན་མེད་བླངས་པ་ཡིན་ནོ་སྔགས་པ་ཚོ།། །།

ཆོས་དབྱིངས་མཛོད་དང་ཡེ་ཤེས་བླ་མ་དང་།། ཁྱད་པར་ཚོགས་དྲུག་རང་གྲོལ་གསུངས་ཆོས་དག།
ཡང་ཡང་མཇལ་ནས་ལྟ་བ་ཐག་གཅོད་པ།། བོགས་འདོན་མེད་ཐབས་མེད་ཡིན་སྔགས་པ་ཚོ།།

རལ་བ་བཅིངས་དུས་བླ་མའི་རྣལ་འབྱོར་བསྒོམ།། གཟན་དཀན་གྱོན་དུས་དྲི་མེད་ཡེ་ཤེས་དྲན།།
བགྲང་ཕྲེང་འཛིན་དུས་ཐུགས་རྗེས་འགྲོ་བ་འདྲེན།། དྲན་པ་ཤེས་བཞིན་སྐྱོངས་ཤིག་སྔགས་པ་ཚོ།།

ལྟ་གྲུབ་གཞན་ལ་མ་རྩོད་དག་སྣང་སྦྱོང་།། མདོ་སྔགས་དབྱེན་སྦྱོར་མ་བྱེད་ཟུང་འཇུག་བསྒོམ།།
ཆབ་སྲིད་འཇིག་རྟེན་ཆོས་ལ་མ་ཞེན་པར།། རིག་ངོ་སྐྱོངས་ཤིག་སྔགས་པ་སྔགས་མ་ཚོ།།

ཁྱིམ་ཚང་ཁྱིམ་མཚེས་སྙིང་རྗེ་བརྩེ་བས་སྐྱོངས།། ཁྱིམ་ལས་ཞིང་ལས་རྨི་ལམ་ལྟ་བུར་ལྟོས།།
ཚེས་བཅུའི་ཚོགས་དང་རྒྱུན་གྱི་རྣལ་འབྱོར་བསྒོམ།། རིག་པ་སོ་མ་སྐྱོངས་ཤིག་སྔགས་མ་ཚོ།།

སྟོང་ཉིད་སྙིང་རྗེ་དབྱེར་མེད་རྣལ་འབྱོར་མ།། བདེ་སྟོང་ཟུང་འཇུག་བདེ་ཆེན་ངོ་བོར་ལྟོས།།
སྤྲོས་པའི་མཐའ་བརྒྱད་བྲལ་བའི་ཡེ་ཤེས་ཀྱི།། གནས་ལུགས་རང་སོར་སྐྱོངས་ཤིག་སྔགས་མ་ཚོ།།

ཡེ་ཤེས་མཚོ་རྒྱལ་ཇོ་མོ་སྨན་མོ་སོགས།། འཇའ་ལུས་མཁའ་སྤྱོད་སྔགས་མ་མཁའ་འགྲོའི་ཚོགས།།
འོད་གསལ་རྫོགས་པ་ཆེན་པོས་རང་གྲོལ་བྱུང་།། རྗེས་སུ་སྒྲུབ་དང་གྲོལ་ལོ་སྔགས་མ་ཚོ།།

ཡུམ་ཆེན་ཤེར་ཕྱིན་དབྱངས་ཅན་ངག་གི་དཔལ།། སྒྲོལ་མའི་འཕྲིན་ལས་སེང་གདོང་དྲག་མོའི་ཤུགས།།
རྡོ་རྗེ་རྣལ་འབྱོར་མ་ཡི་བདེ་སྟོང་སྐུ།། རང་བྱུང་རིག་པར་བཞུགས་སོ་སྔགས་མ་ཚོ།།

རྣལ་འབྱོར་ཕོ་མོའི་ལུས་ལ་ཁྱད་པར་མེད།། རིག་པ་སུས་མཐོང་དེ་ནི་གྲོལ་པར་འགྱུར།།
ཐིག་ལེ་དཀར་དམར་བདེ་དྲོད་རང་འབར་ལ།། བུད་མེད་ཁྱད་དུ་འཕགས་སོ་སྔགས་མ་ཚོ།།

འགྲོ་བ་ཐམས་ཅད་དྲིན་ཅན་མ་ལ་བསྒོམ།། དམིགས་མེད་བརྩེ་བས་བཏང་སྙོམ་འགྲོ་ཀུན་སྐྱོང་།།
རང་མགོ་ཐོན་ནས་གཞན་དོན་ལ་འབད་ཅིང་།། ཐེག་ཆེན་བྱང་སེམས་བསྒོམ་ཤིག་སྔགས་མ་ཚོ།།

གཏེར་རྫུན་གྲྭ་རྫུའི་མགོ་སྐོར་མ་ཐེབས་པར།། རྟོགས་ལྡན་བླ་མར་མཐར་ཐུག་སེམས་ངོ་ཞུས།།
གསོན་དུས་མི་འགྱོད་འཆི་དུས་མི་སྐྲག་པའི།། ནང་གི་རྟོགས་པ་དགོས་སོ་སྔགས་མ་ཚོ།།

དགོན་བཞུགས་བཙུན་མ་ཁྱིམ་གནས་སྔགས་མ་དང་།། དཔའ་བོའི་ཚེ་གྲོགས་ཕྲུ་གུའི་མ་ཡུམ་རྣམས།།
འབྲོག་མོ་ལས་བྱེད་མ་སོགས་གང་ཡིན་ཡང་།། ཀ་དག་རིག་ངོས་གྲོལ་ལོ་སྔགས་མ་ཚོ།།

ཕ་མའི་དྲིན་གྱིས་རིན་ཆེན་མི་ལུས་ཐོབ།། བསོད་ནམས་དྲིན་གྱིས་རྡོ་རྗེ་ཐེག་པ་མཇལ།།
བླ་མའི་དྲིན་གྱིས་རང་གྲོལ་ལྟ་བ་མཐོང་།། འགྲོ་ཕན་སྨོན་ལམ་ཐོབས་ཤིག་སྔགས་་མ་ཚོ།།

སྔགས་འཆང་རྟོགས་པ་སྐྱེ་བའི་བཀྲ་ཤིས་ཤོག། སྔགས་མའི་སེམས་ངོ་འཕྲོད་པའི་བཀྲ་ཤིས་ཤོག།
སྔགས་ཕྲུག་མང་དུ་འཕེལ་བའི་བཀྲ་ཤིས་ཤོག། སྔགས་མང་བསྟན་པ་རྒྱས་པའི་བཀྲ་ཤིས་ཤོག།

  ཅེས་ངེས་དོན་རྫོགས་པ་ཆེན་པོའི་འཇའ་ལུས་བླ་མ་གཡུ་ཐོག་ཡོན་ཏན་མགོན་པོའི་གསུངས་རྫོགས་ཆེན་འཁོར་འདས་ངོ་སྤྲོད་ཆེན་མོའི་འགྲེལ་བ་དང་ལྷན་ཐབས་ཤིག་སྒྲིག་སྐབས་སུ། སྔར་བྱོན་གྱི་རྟོགས་ལྡན་མ་ཡེ་ཤེས་མཚོ་རྒྱལ་དང་། སྐྱེས་ཆེན་རྒྱལ་བ་ཀློང་ཆེན་རབ་འབྱམས་དང་། རྒྱལ་དབང་ལྔ་བ་སྔགས་རྒན་གང་ཤར་རང་གྲོལ་དང། རྗེ་བཙུན་མ་མི་འགྱུར་དཔལ་སྒྲོན་དང་གཏེར་ཆེན་མ་སེ་ར་མཁའ་འགྲོ། ངེས་དོན་སྔགས་འཆང་ཞབས་དཀར་ཚོགས་དྲུག་རང་གྲོལ་རྣམ་པའི་སྐུ་དྲིན་རྗེས་སུ་དྲན་བཞིན་སྔགས་པ་ཧེ་རུ་ཀའམ་སྨན་པ་ཉི་ཟླས་རང་ལ་རང་གིས་ཁེར་ལབ་བྱས་པ་ཡིན་ནོ།། སྤྱི་ལོ་༢༠༡༦ ཟླ་གསུམ་པའི་ཚེས་ཉེར་བཞི་ཉིན་འཇར་མན་ནས་ཕེན་ལན་དུ་འཕུར་བའི་གནམ་གྲུའི་ནང་རྫོགས་པར་སྦྱར་བ་ཡིན་ལ་འདིས་ཀྱང་སྔགས་ཕྲུག་འགའ་རེ་ལ་ཕན་པའི་སྨོན་ལམ་དང་བཅས་སོ།། །།

                                                                                            རྩོམ་སྒྲིག་པ། སྐྱ་བོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།