གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་པའི་ཡི་དམ་ཁྱོད་ཡིན་ནམ།

2016-05-01 21:13:23 མུན་གྲོལ།༼ ཡུལ་ཤུལ ༽ ཀློག་གྲངས། མཆན ཡོད།


གློག་ཞགས་འཁྱུག་པའི་རྫ་ལུང་སྐེད་དུ་འབྲོང་གི་རྭ་ཅོས་རི་རབ་བརྩིགས། །
སྨུག་པས་བདས་པའི་ཡུ་མོ་ཁྱུ་གཅིག་པན་རྩྭའི་ནགས་སུ་མཆུ་དམར་གླན། །
སྲབ་མེད་མཁའ་ལ་གཡུ་རལ་འཕྱོ་བའི་གངས་ཀྱི་རྡོ་ཡི་སེང་གེ་ཁྱོད། །
ས་སྟེང་འདི་ནས་གང་དུ་ཕེབས་ཤིང་ད་ལྟ་གནམ་འོག་གང་དུ་བཞུགས། །

གཡག་རྒོད་འདེད་པའི་ས་མཐའི་འགྲུལ་པ་གཉིད་དང་རྨི་ལམ་འདྲེས་པའི་ཚེ། །
རྨིག་བཞི་བཏེགས་པའི་རྟ་མཆོག་ཅང་ཤེས་ནང་སོག་རྩྭ་ཐང་ཐོག་ཏུ་འཚེར། །
ཁ་འབབ་རྣམ་བཞིས་རི་ལུང་དཀྲོགས་ནས་ཁྲི་ཤོར་རྒྱལ་མོའི་སྙན་ངག་བྲིས། །
རྨ་ཀླུང་བྱེ་མའི་གཏམ་རྒྱུད་ནང་དུ་ཁྱོད་ཀྱིས་མེ་ཏོག་ཚོམ་བུ་བཀོད། །

དགུན་གྱི་ཆུ་མིག་ལྷགས་ཀས་སྐམ་དུས་ཁ་རླངས་ནང་ནས་སྦྲང་ཆར་འབབ། །
ཚྭ་བ་རོང་དུ་འབྲུ་དྲུག་སད་དུས་ཆང་གི་བདུད་རྩིས་རང་སེམས་མྱོས། །
དྲི་ཟའི་གྲོང་དུ་རྣམ་རྟོག་རྒྱས་ཤིང་སྲིད་པ་འགྲེལ་བའི་ནེ་ཙོ་སྟེ། །
གངས་ཀྱི་ཀ་བཞིའི་རྡོ་རིང་འགྲམ་དུ་ནམ་མཁའ་འདེགས་པའི་གྱེན་མི་ཡིན། །

བརྒྱད་ཅུ་ལོ་ནས་དབྱངས་གསལ་སྒོམ་པའི་སྐྲ་དཀར་ཅན་གྱི་བསེ་རུ་གཅིག །
འཁོར་བའི་བྲག་ཆར་རྣ་བར་གླན་ཏེ་གངས་དང་རྫ་རིའི་གནའ་གཏམ་མཉན། །
དུས་ཀྱི་མུན་པའི་དབའ་ཡི་སོ་ན་མི་གཞི་དང་ནི་མེ་ལྕེ་སྟེ། །
རིགས་ཀྱི་བདག་ལྟ་མ་རིག་པ་ཡིས་ཁྲག་གི་སྙིང་ཁམས་ལྡིང་བཞིན་ཡོད། །

སྙན་ངག་བརྩིགས་པའི་དཔེ་སྒྲོམ་ནང་དུ་ཁ་སྤུ་ཟིང་བའི་ཡིད་དམ་ཀྱེ། །
དགུ་ཚིགས་ཕ་མཐའི་ས་ཁྲ་ཞིག་ཏུ་སྤྱན་དང་སྐར་མ་མཉམ་པོར་གཟིམས། །
པེ་ཅིང་གྲོང་གི་འཇའ་ཚོན་རྡོ་བ་ལག་པས་འཇུས་པའི་བརྙན་པར་ནང་། །
ཁྲང་ཧན་རི་བོའི་རྒྱ་སྟག་མཐོང་བའི་མིག་ཤེལ་ནག་པོ་ད་དུང་གྱོན། །

རིགས་དྲུག་ཁམས་སུ་སྤྱང་ཀི་འབོད་པའི་གནའ་མཁར་གྲོང་ན་འདྲེ་བཞི་ཡོད། །
གངས་རྡུལ་མེད་པའི་སྨུག་རོང་ཞིག་ཏུ་མཐུན་པ་སྤུན་བཞིའམ་ཚེ་རིང་གཅིག །
རལ་པའི་གསེང་ནས་མེ་སྟག་འཚུབ་ཅིང་རྨེ་བ་བརྩེགས་པའི་ཁྲོས་བོའི་ཞལ། །
བདག་སྙིང་གོར་མོའི་དཀྱིལ་ནས་མཇལ་ཚེ་སྣང་སྲིད་ཡིད་ཀྱི་བརྟན་པ་འཕྲོག །

གཞོན་པའི་གཟེར་གྱིས་རྩོམ་རྒོད་འབྲི་བའི་སྐྱེས་རབས་པ་འགའ་བྱུང་མྱོང་མོད། །
ཅུང་ཙམ་སོན་ནས་གནོན་ཤུགས་འཕྲད་ཅིང་སྐྱེ་རྒའི་འགག་ལ་ཐུག་ཙ་ན། །
སྙན་ངག་བྲིས་ནས་འཆི་བར་ཕོད་པའི་ཡི་དམ་རྒན་པོ་ཁྱོད་ལས་མེད། །
ལོ་རྒྱུད་མད་ཅིང་རིག་གནས་འགམས་པའི་སྐུ་ཞབས་ཁྱེད་ཉིད་དྲག་ཏུ་འབོད། །

                                                                       2014/10/24/ཉིན་གཙོ་བོར་ལོ་རྒྱུས་དང་རིག་གནས་ཅན་གྱི་མི་སྣར་རྗེས་དྲན་ཙམ་དུ་ཕུལ།

 
                                                                                                རྩོམ་སྒྲིག་པ། སྐྱ་བོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།