གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འབྱམས་སུ་ཀླས་པའི་ངག་ཅེས་བྱ་བ།༼ ཞར་བཀོད་གཅིག་ཡོད ༽

2016-05-09 15:10:56 འབྲོག་རེ་ལྡེ། ཀློག་གྲངས། མཆན ཡོད།


འཆི་བའི་རི་སུལ་རྡུལ་དང་ཁ་བས་གཡོགས་ཤིང་།།
ངག་གི་ས་ཆེན་མུན་པའི་ཡོལ་བར་འདྲེས་པའི།།
བདག་ཉིད་དུག་ལྔ་ཁུར་བའི་མགྲོན་པོ་ཞིག་སྟེ།།
ཉམ་ངའི་གཙང་བོའི་ཁ་རུ་གཅིག་པུར་ལུས་ཀྱང་།།
དོན་དམ་ཟེའུ་འབྲུ་རྡོལ་སའི་གླེགས་བམ་ཁུད་ཀྱི།།
སྐྱོ་སྣང་མགུར་ལ་འདྲེན་པའི་རིག་འཛིན་གོང་མའི།།
ཞལ་དང་སོར་མོས་རེག་པའི་བརྩེ་བ་དཀར་པོའི།།
རྗེས་སུ་ཆགས་པའི་འགྲུལ་བ་ང་ཙམ་མ་བྱུང་།།

སྲིད་པའི་ཟམ་ཁར་ལྷུང་བའི་ཡིག་འབྲུ་སྣ་ཚོགས།།
ཡིད་ཀྱི་མཐོང་གར་ཆར་བའི་ཚུལ་དུ་འབབ་ཚེ།།
འཁོར་བའི་གཏིང་ལ་འཐིབས་པའི་ཆོ་འཕྲུལ་དེ་དག།
མདུན་གྱི་རྡོ་དང་བྱེ་མའི་ཐང་ལ་འབྲི་བའི།།
བདག་ནི་མཛེས་པ་སྣ་དགུའི་གྲུ་ལ་ཞུགས་ཤིང་།།
དུས་མཐའི་སྙན་ཚིག་ཟེགས་མ་གོས་སུ་ཀླུབ་པའི།།
དབྱངས་ཅན་ཕྱག་གི་པི་ཝང་དཀར་པོ་ཡིན་ཏེ།།
སྐྱེ་དང་རྒ་བའི་ཆོས་ཉིད་སྒྲོག་པར་མཁས་ཨང་།།

ཞེན་པའི་རྒྱ་མཚོའི་རླབས་ཕྲེང་རྩེ་རུ་ལྡང་བའི།།
འོད་ཀྱི་རྨུ་ཐག་ཡ་གིའི་མཐིལ་ལ་སྣར་ཚེ།།
སེམས་སུ་འཆར་བའི་རྡུལ་ཕྲན་བྱེ་བའི་ཀློང་དུ།།
གཞོགས་དང་དུས་ཀྱི་སྒྱུ་འཕྲུལ་བསྟུད་མར་གྲོལ་བས།།
ཚོགས་དྲུག་སྣང་བ་ལ་ཁའི་སྨུག་པ་ཅི་བཞིན།།
མིག་དང་རྣ་བའི་དཀྱིལ་ལ་ལན་རེར་འདུ་ཞིང་།།
སྐབས་རེར་འདི་དང་གན་ལ་བཞུད་པ་ལྟར་དུ།།
ཕྱོགས་ཀྱི་ལ་ལུང་ཀུན་ལ་གྱེས་ནས་བུད་འགྲོ།།

རྟོག་པ་རང་གར་ཡན་པའི་དུས་ཤིག་ཡོད་ཀྱང་།།
སྨྲེང་བའི་སྤྲིན་པ་ཡལ་བའི་དུས་ཤིག་མེད་འདྲའི།།
ཚོར་བ་རུས་པར་སིམ་པའི་འཇིག་རྟེན་སྟེང་ན།།
ལས་ཀྱི་མུ་ཏིག་ཚོམ་བུ་གཡུལ་དུ་ཟ་བས།།
ཞེ་ཡི་མེ་ལོང་ནག་པོར་ཅིར་ཡང་འཆར་སྒང་།།
ངག་གི་གཏིང་ལ་འཐོར་བའི་ཟློས་གར་དེ་དག།
འཇའ་ཡི་ཕོ་བྲང་དང་པོའི་ཡང་རྩེར་བྱིང་ནས།།
ཤོག་བུའི་ཡ་ཐེམ་ཐོག་ཏུ་རི་མོར་འབེབ་ཡོང་།།

         བླ་རུང་ལྔ་རིག་ནང་བསྟན་སློབ་གྲྭ་རུ་  2015   11   4  མཚན་མོའི་དུས་ཚོད་ 12-2  བར་བརྗོད་བྱ་བློས་བསླངས་བྱས་ཤིང་ 2-4.30  བར་རྗོད་བྱེད་ཚིག་གི་ལམ་ལ་དྲངས་ནས་མཐར་ལེགས་པར་གྲུབ་བོ།།

                           
                             རྟོག་པ་རང་ཡན།

ཟླ་བས་གཞོགས་ཀྱི་སྒེའུ་ཁུང་འགྲིམ་པའི་ཚེ།།
ཁོ་མོས་ཆགས་པའི་བརྡ་ཡིས་རབ་བསྐུལ་ཞིང་།།
ཞལ་གྱི་ཕྱེད་མ་ཙམ་ཞིག་སྣང་བའི་སྐབས།།
མཆུ་ཡི་པད་མོའི་ཟེའུ་འབྲུར་རོལ་སྙམ་པས།།
ལུས་ཀྱི་རྨུ་ཐག་དེ་རུ་བསྐྱངས་ཙ་ན།།
ནམ་མཁར་བཞུར་བའི་སྐྱིན་ཐང་ནག་པོ་ཡིས།།
རས་ཀྱི་མལ་གདན་ཅུང་ཟད་དཀྲུགས་པ་བས།།
བདག་གི་སྙིང་དང་མཆིན་པ་རབ་གཡོས་ནས།།
བརྟུལ་ཞུགས་ཐབས་ཀྱི་ཕྱག་རྒྱ་ཆེན་པོ་དེ།།
ཡོངས་སུ་བརྟེན་པའི་དུས་ལས་ཡོལ་བ་ལ།།
རྗེས་ཆགས་བརྩེ་བས་ཁོ་བོ་འཛིན་མཛད་པའི།།
ལྷ་མོ་རྣམས་ཀྱང་ཕྲག་དོག་སྐྱེས་ནས་སུ།།
མདུན་གྱི་ཅོག་ཙེའི་སྒང་ལ་བཤམས་པ་ཡི།།
ཆང་དཀར་དམ་བུའི་ཀློང་དུ་རབ་འཁྱིལ་བའི།།
བདུད་རྩིའི་རྫིང་བུ་དེ་ག་བསྲུབས་པའི་མཐུས།།
སྨུག་པའི་དཀྱིལ་འཁོར་ས་རུ་ལྷུང་བ་ལས།།
བྱ་དང་བྱེ་འུའི་ཚོགས་དག་ཧད་ནས་སུ།།
གཤོག་པའི་སྟེང་ལའང་སྤྲིན་པ་ཆགས་ཙམ་བྱུང་།།

                  2015 10 15   མཚན་མོར་བྲིས།

                                                                    རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།