གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡོན་ཏན་མཛོད་ཀྱི་ངག་རྩལ་གླེང་བ་དབྱངས་ཀྱི་སྤྲིན་ཕུང་།

2016-06-14 11:06:51 གྲོག་མ།༼ བླ་རུང ༽ ཀློག་གྲངས། མཆན ཡོད།


བརྗིད་ཆགས་རིན་ཆེན་ཐེག་པའི་བ་གམ་ལས།།
འཆོས་སྐྱོབ་ཉི་ཟླ་གསལ་བའི་གཟི་རྔམ་མཐོང་།།
དབྱངས་སྙན་ལྷ་ཡི་རོལ་མོ་ཡོན་ཏན་མཛོད།།
བསྟན་བཅོས་ངོ་མཚར་འབར་བ་ཕྱག་གིས་མཆོད།།

མདོ་སྔགས་གསུང་རབ་རྒྱ་མཚོའི་གནད་བསྡུས་ཤིང་།།
ཐེག་དགུའི་ལམ་གྱི་རིམ་པ་གསལ་བའི་གཞུང་།།
དེ་ལ་དཔྱད་པ་བདག་བློས་ལྕོགས་དཀའ་ཡང་།།
ངག་གི་སྒྱུ་རྩལ་ཉུང་ཙམ་གླེང་བར་སྤྲོ།།

སྐལ་བཟང་ལས་ཀྱི་མེ་ཏོག་ཁ་བྱེ་ཞིང་།།
རྟེན་འབྲེལ་ཟེའུ་འབྲུ་གསར་པ་སྨིན་པའི་ཚེ།།
ཐར་ལམ་ཚངས་པའི་དབྱངས་ཀྱིས་ལེགས་སྟོན་པ།།
གསུང་རབ་འདི་འདྲ་འཇིག་རྟེན་ཁམས་སུ་འབྱུང་།། 

སྣོད་ལྡན་ལ་སྟོད་ཆོས་རྗེ་བྲག་ཕུག་པས།།
གསུང་གིས་དུས་སུ་སྐུལ་བ་ཉེ་བའི་རྐྱེན།།
རིག་པ་ཀློང་རྡོལ་འཇིགས་མེད་གླིང་པ་ཡི།།
ཐུགས་ལས་མཛེས་པར་འཁྲུངས་པ་ཚང་བའི་རྒྱུ།།

སྒྱུ་རྩལ་རོ་བརྒྱ་ལྡན་པ་འཕགས་པའི་ངག།
སྨིན་པའི་འབྲས་བུ་ཡོན་ཏན་རིན་ཆེན་མཛོད།།
དགའ་བའི་ཆར་ཟིམ་གདུལ་བྱའི་ཞིང་དུ་བབས།།
དེ་ཚེ་བློ་ལྡན་ས་གཞི་རློན་པ་ལས།།
དགེ་བའི་ས་བོན་གཉིད་པ་སླར་སད་དེ།།
རྨ་བྱས་དབྱར་རྔ་ཐོས་པའི་དགའ་སྤྲོ་ཡིས།།
དད་བརྩོན་དྲན་པའི་ཏིང་འཛིན་འབྱོང་བར་མཛད།། 

རྒྱལ་བའི་དགོངས་པ་ལེགས་པར་སྟོན་པའི་གཞུང་།།
ཤེས་རབ་དག་པའི་མིག་གིས་མཇལ་བའི་ཚེ།།
འཕགས་པའི་ཡུལ་དང་གངས་རིའི་ལྗོངས་སུ་ཡང་།།
གཅིག་དང་གཉིས་སོགས་གྲངས་ཀྱིས་མི་ཆོད་ཀྱང་།།
མཚོ་བྱུང་སྲས་མོའི་ཕྱག་གི་སྒྱུ་འཕྲུལ་ལས།།
དམ་ཆོས་བདུད་རྩིའི་རོལ་མོ་འཁྲོལ་བ་བཞིན།།
དབྱངས་ཀྱི་ཡན་ལག་རྒྱ་མཚོ་རྫོགས་པའི་གསུང་།།
བསྟན་བཅོས་ཡོན་ཏན་མཛོད་ལས་གཞན་ཡོད་དམ།། 

ཚིག་གི་དཀར་དམར་མེ་ཏོག་ལྟ་ན་སྡུག།
ནང་གི་སྙིང་པོ་གེ་སར་ཡིད་དུ་འོང་།།
འཆོས་སྐྱོབ་ཡོན་ཏན་ལོ་འདབ་རབ་ཏུ་རྒྱས།།
དམ་ཆོས་ཀུན་ཀྱི་མཚན་ཉིད་ཡོངས་སུ་རྫོགས།།

ཐོག་མར་དགེ་བ་དོན་བཟང་ཚིག་འབྲུ་བཟང་།།
བར་དུ་དགེ་བ་མ་འདྲེས་ཆོས་ཀུན་སྟོན།།
ཐ་མར་དགེ་བ་ཞི་བའི་ལོ་ཏོག་རྫོགས།།
མཐོང་བ་དོན་ལྡན་སྲིད་ལས་ངེས་པར་དབྱུང་།།

རིམ་དགུ་རྣམ་གྲོལ་ལམ་གྱི་སྒྲོན་མེ་ཀུན།།
རིག་བྱེད་སྙན་པའི་ངག་གིས་གསལ་བའི་ཚེ།།
ཨ་མཐས་རྡོ་ཡི་ལམ་ལ་ཞེ་ཆགས་པའི།།
གདུལ་བྱའི་ཡིད་ཀྱི་བརྟན་པ་འཕྲོག་པར་བྱེད།། 

འདི་ནི་དོན་མེད་གཏམ་གྱི་འཕྲོ་བཅད་དེ།།
ངག་གི་སྒྲིབ་པ་དག་པའི་ལག་རྗེས་ལས།།
ཕུལ་བྱུང་ཚིག་གི་བདེན་པ་མངོན་གྱུར་ནས།།
འགྲོ་བ་ཐབས་ཀྱིས་འདུལ་བའི་མཛད་པ་སྟེ།།
སྔོན་ཚེ་མཉམ་མེད་ཟས་གཙང་སྲས་པོ་ཡིས།།
དྲང་སྲོང་ལྷུང་བ་རི་དྭགས་ནགས་ཚལ་དུ།།
གསུང་དབྱངས་ཡན་ལག་དྲུག་ཅུའི་སྒོ་ཕྱེས་ཏེ།།
བདེན་བཞིའི་ཆོས་འཁོར་བསྐོར་བ་མ་ལགས་སམ།། 

ཁྱད་ཆོས་སྟོང་ལྡན་ཡོན་ཏན་རིན་ཆེན་མཛོད།།
རང་གྲགས་ལྷ་ཡི་རྔ་ཆེན་འདར་བ་བཞིན།།
རྨད་བྱུང་དམ་པ་ཆོས་ཀྱི་བདེན་པ་དེ།།
ལས་ཅན་མི་ཡི་རྣ་བར་ལྷུང་བའི་ཚེ།།
ཕུན་ཚོགས་སྐྱེད་མོའི་ཚལ་དུ་འདྲེན་པར་བྱེད།།
ལྟ་བ་ས་འཛིན་དཀར་པོ་དཔངས་རེ་མཐོ།།
ལམ་མཆོག་རྫ་ཆུ་སིལ་མ་དལ་གྱིས་འབབ།། 

སྣ་ཚོགས་ནགས་ཀྱི་གྲུབ་མཐའི་ལྗང་ལོ་ལྡེམ།།
བྲྀཏྟ་ཛཱ་ཏིའི་རི་དྭགས་བག་རེ་ཕེབས།།
ཡིད་འོང་སརྒའི་མཚོ་དང་ལྟེང་ཀ་འཁྱིལ།།
ཉམས་འགྱུར་རྒྱན་གྱི་འདབ་ལྡན་འཕུར་ཞིང་འགྲོ།། 

ཚིག་སྦྱོར་རོལ་མོའི་སྤྲིན་གྱི་ཕུང་པོ་ལས།།
ཡོན་ཏན་ཆོས་མཛོད་དགའ་བའི་སྦྲང་ཆར་འཇོ།།
འཕྲིན་ལས་སྨན་བསུང་ཕྱོགས་མཐའ་ཀུན་ཏུ་ཁྱབ།།
ཡ་མཚན་རྨད་བྱུང་ལྷ་ཡི་ལུང་པ་འདི།།
གོས་དཀར་ལྕང་ལོས་མཛེས་པའི་རྣལ་འབྱོར་དེས།།
ཐོལ་བྱུང་ཐུགས་ཀྱིས་བཀོད་པའི་འཇིག་རྟེན་ཏེ།།
ཐར་འདོད་རི་སྐྱེས་ཚོགས་ལ་དབང་བའི་ཡུལ།།
ཚིགས་བཅད་རེ་རེའི་གནད་ལ་གཞིག་པ་ན།།
དོན་བརྒྱའི་མདུད་པ་བཤིག་པར་མི་བྱེད་དམ།། 

ཞལ་ཟས་རོ་བརྒྱ་ལྡན་པ་ཕམ་པའི་དགྲ།།
སྙན་ངག་དོན་བརྒྱ་ལྡན་པ་ང་ཡིན་ཞེས།།
ཁེངས་པའི་སེམས་ཀྱིས་གླིང་བུ་འབུད་དང་མཚུངས།།
གནད་ཀྱི་དོན་དམ་རེ་རེ་སྟོན་པ་ལ།།
དཔེ་དང་གཟུགས་ཀྱི་རྣམ་འགྱུར་ཚད་མེད་དེ།།
མཁས་པ་རེ་རེའི་བློ་གྲོས་མ་ཟད་ན།།
འགྲེལ་ནས་འཛད་པ་མེད་འདི་ངོ་མཚར་ཆེ།།

ཨེ་མ་ཚིག་གི་དབང་གཞུ་འོད་སྟོང་ཅན།།
ཆོས་ཉིད་ཀློང་གི་རང་སྒྲ་མ་ཡིན་ན།།
འཛམ་གླིང་རྒྱན་མཆོག་རྣམས་ཀྱི་ངག་སྒོ་ལས།།
གཞུང་ཆེན་འདི་འདྲ་མ་བྱུང་ཅི་ཞིག་ལགས།།

ཡི་གེའི་རྩེད་འཇོ་ངོམ་པའི་ན་གཞོན་འགས།།
ཚིག་གི་ལྦུ་དཀར་ཕྱི་རུ་སྐྱུག་པའི་ཚེ།།
རང་ལ་གོ་མྱོང་ཅི་ཡང་མེད་བཞིན་དུ།།
སྙན་ངག་ཡིན་པར་རློམ་པའི་སྙིགས་དུས་འདིར།།
སྣང་སྲིད་སེམས་ཀྱིས་མྱོང་བའི་གྲུབ་ཐོབ་ཀྱིས།།
རང་གི་བླ་སྲོག་འདྲེས་པའི་ཆོས་བརྩམས་ཏེ།།
གར་གྱི་སྟངས་སྟབས་བཅས་པའི་མགུར་ཐོས་ཚེ།།
སྙན་ངག་རིག་པའི་བདེན་དོན་ཁོང་ནས་འཛུམ།། 

ད་ནི་ལུས་དང་ངག་རྣམས་དལ་ཕོབ་ལ།།
སྙན་གྱི་པདྨོ་རེ་ཞིག་ཚུར་གསོན་དང་།།
མྱོང་བས་ཡིད་ལ་དད་པ་ངེས་འབྱུང་གིས།།
དབེན་པའི་མཛེས་སྡུག་སྙིང་ལ་བསྒོ་བའི་གཞུང་།།
མན་ངག་ལྷ་ཡི་ཆུ་བོ་དལ་འབབ་མ།།
རང་བྱུང་རོལ་མོས་མཛེས་པར་སྤུད་པའི་གསུང་།།
འདི་ནས་མཚོན་དཔེ་ཙམ་ཞིག་འདྲེན་པར་བྱ།།

༈ བདག་གི་ཚེ་ནི་ཉིན་མོའི་མཐར་གྱུར་ཏེ།།
མྱུར་བ་མྱུར་བར་འཆི་བའི་མུན་ནག་གིས།།
གཏུགས་ན་འཁོར་བའི་སྤྱོད་པ་རྒྱུ་སྐར་ལས།།
རྣམ་གྲངས་མང་བ་དེ་ཡིས་དབུགས་མི་ཕྱིན།། 

ལེ་ལོའི་རྙོག་པ་དྭངས་པའི་བརྩོན་འགྲུས་ཀྱི།།
དལ་བབས་ཕྱོགས་ལྷུང་སྟོན་པ་མ་ཡིན་པར།།
རྣམ་པ་ཀུན་མཁྱེན་རྒྱ་མཚོར་ཕྱིན་དེ་སྲིད།།
གཡོ་ཞིང་མྱུར་བའི་བརྟུལ་ཞུགས་ཉམས་མི་བགྱིད།།

ནགས་ཚལ་མེ་ཏོག་འཁྲིགས་པའི་སྨན་ལྗོངས་ནི།།
ངང་པ་ཤིན་ཏུ་ཞི་བས་བསྟེན་བྱས་ཤིང་།།
ལྟ་ན་སྡུག་པ་བྲག་རིའི་ཕ་གུ་དང་།།
རྟ་བབས་རི་དྭགས་གཞོན་ནུའི་མཛེས་པ་ཡོད།། 

དགའ་བའི་ནགས་ཚལ་ལྷ་མོའི་རྐེད་ཆིངས་ནི།།
ཤིང་བལ་གཞོན་ནུའི་དྲྭ་ཕྱེད་གཡོ་བ་ན།།
དོགས་པས་སྐྲག་པ་མིན་པའི་ཁུ་བྱུག་རྣམས།།
འཁོར་བར་སྐྱོ་བའི་གཏམ་གྱི་སྤྲིང་ཡིག་འགྲེམས།། 

དེ་རུ་གཤེགས་ཤིག་བསམ་གཏན་འདོད་པ་རྣམས།།
བྱིས་པའི་སྐད་དང་རྒད་པོའི་ལྡབ་ལྡིབ་སོགས།།
དྲི་མས་མ་གོས་ངག་གི་དྭངས་མ་ཞིག།
རྣ་བའི་བཅུད་དུ་ལྷང་ལྷང་བྱུང་བ་དེ།།
དགའ་བའི་ཆར་གྱི་ཐིགས་པ་ལྷུང་བ་ལགས།། 

དེ་ནི་གྲུབ་བརྙེས་ཆེན་པོ་རྫོགས་ཆེན་པ།།
རང་བྱུང་རྡོ་རྗེའི་མགྲིན་པའི་རྩ་འཁོར་ལས།།
རྒྱལ་བའི་བཀའ་དང་གཉིས་སུ་མེད་པ་ཞིག།
ཕངས་པ་མེད་པར་བསྩལ་བའི་བཀའ་དྲིན་ཏེ།། 

ཀ་ལ་པིང་ཀའི་དབྱངས་དང་ཀོ་ཀི་ལ།།
གླིང་བུའི་འགྱུར་ཁུག་སྟོང་དང་རྒྱུད་མང་སོགས།།
ཅི་ཞིག་ལྟར་སྟེས་སྒྱུ་མའི་རྩལ་ངོམ་ནས།།
དབེན་པའི་ནགས་སུ་བསྐུལ་བའི་གཏམ་དེ་ཡིས།།
དབུགས་མ་འབྱིན་རྣམས་དབུགས་འབྱིན་མཛད་པ་ཡིན།།

དེ་ལྟར་ཐུན་མོང་ལམ་གྱི་བློ་སྦྱོང་ནས།།
འབྲས་བུ་སྐུ་དང་ཡེ་ཤེས་མ་ཐོབ་བར།།
གསལ་རྗེན་རྫོགས་པར་སྙན་ཞིང་ཡིད་འོང་བ།།
ཚང་ལ་མ་ནོར་ལྷོད་ཅིང་བབ་ཆགས་པ།།
འཇེབས་པར་གསུངས་པའི་བསྟན་བཅོས་ཁྱད་པར་ཅན།།
མཇལ་བ་ཙམ་གྱིས་ཡིད་ལ་དཔའ་སྟེར་ཞིང་།།
ཐོས་པ་ཙམ་གྱིས་སྤྲོ་བ་ཟད་མེད་འཕེལ།།

འདི་ནི་འོག་མིན་ཞིང་གི་ལོངས་སྐུ་བཞིན།།
གདུལ་བྱ་ཁྱད་པར་ཅན་རྣམས་འདུལ་བའི་ཆོས།།
གཞན་དུ་དབྱངས་ཅན་ལྷ་མོའི་པི་ཝང་ལྟར།།
གང་ཟག་ཟུར་གསུམ་སྒྲོལ་བའི་གླུ་དབྱངས་ཡིན།།

དམ་པ་ལྷ་ཆོས་ལྟ་བུའི་ནུས་མཐུ་དང་།།
སྙན་ངག་ལྟ་བུའི་མཛེས་སྡུག་སུ་ལ་ཡོད།།
དེ་གཉིས་གཅིག་ཏུ་བསྡོམས་ཤིང་མཚུངས་པ་ན།།
སྟོབས་ཀྱི་དྭངས་མ་རིག་པ་འོད་དུ་སྨིན།།
སེམས་ཀྱི་སྙིང་པོ་ཆོས་ཉིད་དངོས་ཞལ་མཇལ།།
འདི་དག་ཀློང་ཆེན་ནམ་མཁའི་རྣལ་འབྱོར་དེས།།
ཐུན་མིན་ངག་གི་མཛད་བཟང་བསྟན་པ་ལགས།།

"བློ་གྲོས་ལྷུན་པོ་སྙན་ངག་ནགས་འཁྲིགས་ཤིང་།།
སྡེབ་སྦྱོར་ཆུ་ཀླུང་ལེགས་པར་འབབ་པའི་གནས།།
མངོན་བརྗོད་པདྨའི་ཚལ་གྱིས་བཀྲ་བ་འདིས།།
དད་ལྡན་སྐྱེ་བོའི་ཚོགས་རྣམས་དགའ་བར་མཛོད།།"

 སྙིང་སྟོབས་ཆེན་པོས་རང་དོན་བློས་བཏང་བའི།།
 སྙན་ངག་གཡས་འཁྱིལ་དུང་གི་བདག་པོ་ཆེ།།
 ཆོས་ཀྱི་སེམས་དཔའ་ངང་བཟང་ཡོན་ཏན་མཛོད།།
 ང་འདྲ་རྣམ་གྲོལ་ཐོབ་ཀྱང་གྲོགས་མཛོད་ཅིག།

བདག་གི་ཚེ་ཚེ་རབས་རབས་ཀུན་ཏུ་ཡང་།།
རང་སེམས་ཞི་བ་དམ་པའི་གདན་སྟེང་ནས།།
མཐོ་དམན་དྲག་ཞན་ཀུན་ལ་འཛུམ་སྟོན་ཅིང་།།
འཇམ་པོའི་ངག་གིས་གཏམ་བཟང་སྒྲོག་པར་ཤོག།

འདི་ལྟར་རིག་འཛིན་གོང་མའི་སྙིང་ནོར་ལ།།
རྣམ་རྟོག་རླུང་གིས་གཞལ་བར་མི་སྤོབས་ཀྱང་།།
རབ་འབྱམས་སྨྲ་བ་པདྨ་ཆོས་ཉིད་ལས།།
དགའ་བའི་ཆར་གྱི་འཆད་ཁྲིད་ནོད་པའི་ཚེ།།
རང་སེམས་སྤྲོ་བའི་མེ་ལྕེ་འབར་དྲགས་པས།།
མདོ་ཁམས་ཆོས་གྲྭ་ཆེན་མོ་བླ་རུང་དུ།།
ཤིང་ལུག་ཁྲུམས་སྟོད་ཟླ་བའི་བཅོ་ལྔ་ཉིན།།  
ཀློང་ཆེན་འཛིན་གྲྭའི་གྲལ་ཞུགས་སྙོམ་ལས་པ།།
ལེགས་བཤད་བཟང་པོས་སྦྱར་བ་དོན་འགྲུབ་ཅིང་།།
བཀྲ་ཤིས་བདེ་ལེགས་ནམ་མཁའ་གང་གྱུར་ཅིག།

     དྲངས་རྟགས་ནང་གི་ཤོ་ལོ་ཀ་འདི་གངས་རིའི་ཁྲོད་ཀྱི་སྙན་ངག་མཁན་ཆེན་མོ་ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་མེ་ཏོག་གི་སྐྱེད་ཚལ་ཞེས་པའི་སྙན་རྩོམ་ལས་གཡར་བ་ཡིན།

                                                            རྩོམ་སྒྲིག་པ། ལྷ་སྐྱིད།


     (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།