གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གད་སྙིགས་རེད།

2016-07-13 14:25:40 ཀླུ་འབུམ་བཀྲ་ཤིས།༼ ཀླུ་ཆུ ༽ ཀློག་གྲངས། མཆན ཡོད།


དམ་པའི་ལྷ་ཆོས་ཀྱི་དགོངས་པར་འགལ་བའི་བླ་མ་གད་སྙིགས་རེད།།
ཚུལ་མཐུན་སྡོམ་ཁྲིམས་ཀྱི་རྩ་བ་འཁྲུལ་བའི་གྲྭ་བ་གད་སྙིགས་རེད།།
རིག་གཞུང་གཙུག་ལག་གི་ཤེས་བྱས་དབུལ་བའི་དགེ་རྒན་གད་སྙིགས་རེད།།
སྔོན་ཐོན་ཡར་སྐྱེད་ཀྱི་བསམ་བློ་མེད་པའི་སློབ་མ་གད་སྙིགས་རེད།།

དྲང་བདེན་གནས་ལུགས་ཀྱི་མིག་ཟུང་ཞར་བའི་འགོ་ཁྲིད་གད་སྙིགས་རེད།།
བརྩེ་འདང་ལྷག་བསམ་གྱི་གཤོག་ཟུང་འཐོར་བའི་ཕ་མ་གད་སྙིགས་རེད།།
གཞན་ཕན་སེམས་དཀར་གྱི་ནང་རྒྱུད་སྟོང་བའི་སྨན་པ་གད་སྙིགས་རེད།།
མི་རིགས་བཅོས་སྒྱུར་གྱི་བློ་སྟོབས་ཞན་པའི་ལས་བྱེད་གད་སྙིགས་རེད།།

འདྲ་མཉམ་དྲང་བཞག་གི་རྩ་དོན་གཏོར་བའི་སྤྱི་ཚོགས་གད་སྙིགས་རེད།།
ཤི་གསོན་འཐབ་འཛིང་གི་ལྟད་མོ་ངོམས་པའི་འཚོ་བ་གད་སྙིགས་རེད།།
ས་ཆུ་རྩོད་གླེང་གི་གྱོད་གཞི་རྒོད་པའི་སྲོལ་རྒྱུན་གད་སྙིགས་རེད།།
ཚེ་སྲོག་གཟུང་ཐག་གི་ཟུངས་ཁྲག་ཟད་པའི་སྐད་ཡིག་གད་སྙིགས་རེད།།

དོན་ཟབ་ཕན་ལྡན་གྱི་སྙིང་བོ་བོར་བའི་སྐད་ཆ་གད་སྙིགས་རེད།།
བདེན་པའི་ལུང་རིག་གི་བརྗོད་བྱས་དབེན་པའི་རྩོམ་ཡིག་གད་སྙིགས་རེད།།
ཡིད་འགུགས་དབང་འདྲེན་གྱི་དྭངས་མ་ཉམས་པའི་སྒྱུ་རྩལ་གད་སྙིགས་རེད།།
གཟི་བརྗིད་སྟོང་ལྡན་གྱི་འོད་སྣང་ཡལ་བའི་ལོ་རྒྱུས་གད་སྙིགས་རེད།།

ས་སྒང་ཟླུམ་གཟུགས་ཀྱི་པང་ཁུག་ཕལ་ཆེར་གད་སྙིགས་ཐང་ཐར་བརྡལ།།
ལྷག་པར་དེང་རབས་ཀྱི་ཅ་དངོས་ཡོད་ཚད་གད་སྙིགས་རྫས་ཀྱིས་གྲུབ།།
མ་འོངས་གངས་ལྗོངས་ཀྱི་འཕྲིན་ལས་སྐྱོང་མཁན་ན་གཞོན་སྤུན་གྱི་ཚོགས།།
སྣ་མང་གད་སྙིགས་ཀྱི་ཡུལ་གྲུ་མ་ལུས་གཙང་བསྒྱུར་བྱེད་ལ་བརྩོན།།

             ཉིས་སྟོང་བཅོ་ལྔ་ལོའི་ཟླ་དགུ་བའི་ཚེས་ཉེར་གཅིག་ཉིན་སློབ་ཁང་གྲུ་བཞི་ནས།


                                                                                                    རྩོམ་སྒྲིག་པ། དབང་མོ།


(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།