གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དེ་བཞིན་ཉིད་ཀྱི་གླུ།

2016-08-29 11:12:38 འབྲོག་རེ་ལྡེ། ཀློག་གྲངས། མཆན ཡོད།

གང་ཚེ་མདུན་གྱི་ནམ་མཁའ་ཡངས་པོ་རུ།།
རྗེས་ཆགས་ཨུཏྤལ་སྟོང་དུ་བརྡལ་བའི་ཁྲིར།།
ཡིད་ཀྱི་བརྟན་པ་ཅིག་ཆར་འཇོམས་བྱེད་ཀྱི།།
ངག་དབང་དབྱངས་ཅན་ལྷ་མོ་ཚུར་བྱོན་ཞིང་།།
སྣང་བ་བརྩེ་འཛུམ་སྒྱུ་མའི་བར་སྣང་དུ།།
སྟོང་པ་དབྱིངས་ཀྱི་ཁྱུང་ཆེན་ལྡིང་བའི་མོད།།
མི་འཇིགས་རབ་བདེའི་སྒྲ་སྐད་འབྱིན་ནུས་པའི།།
བདག་ནི་དོན་གྱི་རས་པ་ཁེར་འགྲོ་ཡིན།།

སྲིད་ཞི་མཉམ་པ་ཉིད་ཀྱི་རྒྱུད་སྐུད་ལ།།
དོན་དམ་བྱ་རྩོལ་ཡེ་བྲལ་སོར་མོ་ཡིས།།
ཅིར་ཡང་འཆད་པར་འགྱུར་བ་བསྣུན་པའི་ཚེ།།
གཉིས་འཛིན་རང་སར་གྲོལ་བའི་མེ་ལོང་ངོར།།
ཆོས་ཉིད་དབྱིངས་ཀྱི་དེ་བཞིན་ཉིད་ཤར་བས།།
སྨྲ་བསམ་བརྗོད་པ་ལས་འདས་ཉམས་གླུ་ནི།།
མི་འཁྲུལ་བློ་ཡི་མཐིལ་དུ་བཞད་པ་རུ།།
ཀུན་ཏུ་དགོད་ཅིང་ཡ་མཚན་མི་སྐྱེ་བ།།
ལྷ་ཡི་གནས་མཆོག་དག་ཏུའང་ཅི་སྟེ་ཡོད།།

སུ་དག་འདོད་ཆེན་རྡུལ་གྱིས་གོས་གྱུར་པས།།
སྒྱུ་འཕྲུལ་ནར་མའི་བདུད་རྩི་འཚོལ་སྐབས་སུ།།
བདག་ལྟའི་ངག་གི་རྒྱ་མཚོ་ཆེན་པོའི་ཁར།།
ཞུགས་པའི་སྐལ་བ་བཟང་པོ་མཆིས་གྱུར་ན།།
དེ་ནི་སྲིད་གསུམ་འཁོར་བར་འཕྱན་པ་ལས།།
ཤིན་ཏུ་མཆོག་གྱུར་ཅེས་སོགས་བསྔགས་པ་ཡི།།
ཀུ་མུད་འདབ་སྟོང་ཅི་དགར་གཏོར་བགྱིད་ཀྱང་།།
ནམ་ཞིག་འགྲོ་བའི་ཁམས་འདི་མ་སྟོང་པར།།
འཕྱར་ཀ་གཏོང་ཙམ་བྱེད་པ་འབྱུང་མི་འགྱུར།།

                2016    8     17     མཚན་མོའི་དུས་ཚོད 5.30 བྲིས།
                  2016    8     20    ཉིན་བཅོས།


                                                                                      རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།