གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཟླ་གཡང་།

2016-09-07 11:16:47 འོལ་བ། ཀློག་གྲངས། མཆན ཡོད།


ཉག་གའི་སྨུག་པ་བྱ་ཁྱུ་བཞིན་དུ་དབྱིངས་ནས་འཐོར།།
མཚན་མོའི་རླུང་བུ་དྲི་བསུང་བཞིན་དུ་དུད་ཁར་འཐུལ།།
སུ་རུ་མེ་ཏོག་སྐར་ཚོགས་བཞིན་དུ་ཐང་ལ་ལྷུང་།།
སེམས་ཀྱི་གཞས་ཆུང་གཙང་ཆབ་བཞིན་དུ་རྣ་བར་འབབ།།
སྙིང་གི་པད་མོར་ཟླ་བ་བཞིན་དུ་ཡིད་ལ་འགད།།
དེ་ཡི་རྗེས་སུ་བྱིས་པ་དེ་ལ་གཡང་ཞིག་འཁོར།།
འཇའ་ཚོན་མེད་པའི་རྣམ་ཤེས་དེ་ལ་ཆར་ཟིམ་སྦྱིན།།
ཐལ་མདོག་དེ་ལ་ཉི་འོད་རླངས་པས་ཁ་དོག་བགོས།།
དབང་རྩའི་ཁྲོད་ལ་རྨི་ལམ་འདྲ་བའི་དྲན་པ་བཞུར།།
དྲན་པ་དེ་ལ་མདའ་དར་འདྲ་བའི་མདངས་ལྔ་ལྡན།།
མདོག་ལྔའི་དཀྱིལ་དུ་བདེ་སྐྱིད་ཟེར་བའི་ཚིག་གཉིས་མཆིས།།


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།