གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འོད་འཆང་མ་ལ་སྤྲིངས་པ།(ཞར་བཀོད་གཅིག་ཡོད)

2016-10-06 11:11:11 འབྲོག་རེ་ལྡེ། ཀློག་གྲངས། མཆན ཡོད།

IMG_0424.JPG

ཉིན་ཞག་ཉིས་རྒྱ་བཞི་བཅུ་ནི།།
རྡོག་པོ་གཅིག་ཏུ་བྱས་པ་ཡི།།
ཟླ་བ་བརྒྱད་ཀྱི་དྲན་གདུང་གི།།
མིག་ཆུ་རེ་རེའི་གཏིང་མཐའ་རུ།།
ཁྱེད་ཉིད་དགོད་འཛུམ་དང་བཅས་པར།།
གཤེགས་བཞུད་ཅི་ཡང་མི་མཛད་ན།།
ཞེ་འདང་ཁོ་ནས་གྲུབ་བྱས་པའི།།
རབ་འབྱམས་སྙན་ཚིག་ཁྲག་ཁྲིག་གིས།།
རྗེས་ཆགས་རླུང་པོ་གཡོ་བར་བྱེད།།

                     2016   7     23

                                   ཤིན་ཏུ་སྐྱོ་བའི་མདང་ནུབ།

མིག་གི་མཐིལ་ལ་གཙང་བོ་གཤར་བ་དེ།།
དགའ་མ་དུར་ལ་སྐྱེལ་ཚུལ་ཡིན་ནམ་ཀྱེ།།
ཁོ་བོ་ཆང་ཁང་གཉིས་པའི་འགྲུལ་བ་ལྟར།།
ཟློས་གར་ནར་མའི་ལམ་དུ་ཤུམ་ཤུམ་ངུས།།

ཀུན་ཏུ་སྐྱོ་གདུང་རུམ་ལ་བཅུག་པ་ཡི།།
དབུ་སྐྲ་སིལ་མར་གཏོར་བའི་དགེ་མ་བཞིན།།
ནགས་ཀྱི་བསྟི་གནས་རྣམས་སུ་ཉུལ་བ་བས།།
སེམས་ཀྱི་སྨུག་པ་ཁོག་ལ་འཐིབས་པར་བྱས།།

མདུན་ན་བཞུར་བའི་བྱ་ཁྱུ་འདི་དག་ཀྱང་།།
བདག་གི་སྣང་བའི་ཞིང་གི་མགྲོན་པོ་སྟེ།།
མིག་ཆུའི་རྒྱ་མཚོའི་ཁ་རུ་ལྡིང་བ་ཡིས།།
སྨྲེང་བ་འབུམ་ཕྲག་དུ་མ་གཡོ་བར་བྱེད།།

ཡིད་ལ་བབས་པའི་ཁ་བའི་ངམ་ཁ་རུ།།
དྲན་པ་ཁྲི་ཡིས་སྣོན་མ་བྱས་པའི་མུར།།
རྣམ་ཤེས་ཆུ་ལ་ལྷུང་བའི་སྒྲུང་གཏམ་ཞིག།
ཤོག་བུའི་རྩིབས་མ་བརྒྱུད་ནས་འདི་གར་སླེབ།།


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།