གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙིང་གི་གཏམ་གབ་པ་མངོན་ཕྱུངས།(ཞར་བཀོད་གསུམ་ཡོད)

2017-09-09 15:12:23 བདའ་ཚང་སྙེམས་གྲོལ། ཀློག་གྲངས། མཆན ཡོད།

512188D4-FF32-4BE0-ABB3-8502DFC7E7C6-946-0000005575824822_tmp.JPG

མི་ཚེའི་ལ་རིང་ལ་ཐུང་མང་པོ་ལ། །
སྐྱིད་སྡུག་དོས་པོ་སྣ་ཚོགས་ཁུར་ཁུར་མཐའི། །
སྒྱུ་ལུས་མདོམས་པ་གང་བོ་ངལ་ངལ་མཐའི། །
རི་རྐེད་འདི་ནས་ཁྱེད་དང་འུ་གཉིས་ཀྱི། །
ལམ་ཆུང་གོལ་བོ་གཉིས་ལ་ཅི་བྱུང་ངམ། །
གཅིག་གིས་བྲག་སྣ་ཆུ་སྣ་གཏུབས་ནས་ཡོང་། །
གཅིག་གིས་རི་མཐའ་ནགས་མཐའ་གཤགས་ནས་ཡོང་། །
གྱ་ཞིང་གྱུ་མཐའི་སྣེ་མོ་འདི་ལྟར་ཐུག །
རྔ་རྡུང་རྐང་འབུད་ཆོས་པའི་ཞད་ཀྱང་འདྲེས། །
ཆང་འཐུང་ཤེ་སྦྱོར་མི་ནག་ལས་ཀྱང་བྱེད། །
མི་ཚེའི་རྐང་རྗེས་དགོན་མཐའ་སྡེ་མཐའ་ན། །
མང་བའི་རྣམ་རྟོག་སྒྱུ་མའི་བུ་ཆུང་ང་། །
ས་མཐའ་ཡུལ་མཐའ་ཆུ་བཞིན་ཉུལ་ཉུལ་མཐའི། །
བཟང་མཐའ་ངན་མཐའ་སྣ་ཚོགས་གོམས་གོམས་མཐའི། །
ད་ནི་ཁྱེད་དང་ལག་བཤིགས་དཔུང་བཤིབས་ཀྱིས། །
འཚོ་བའི་བུད་ཤིང་རན་ཙམ་བསྒྲིགས་པ་དང་། །
སྐྱིད་པའི་ཐབ་མེ་ཅུང་ཙམ་གཏོང་ཐུབ་ཚེ། །
ཞེ་འདོད་གཏིང་ནས་རྫོགས་པ་ཡིན་ཞེས་སྨྲ། །

                                    པྲ་སྒྲུང་།

འཁོར་བའི་གནམ་གཤིས་འདི་ལ་ཡིད་རྟོན་ཅི། །
ལན་རེར་ཨ་ཙི་ཨ་ཙི་སྙམ་སྤྱད་དྭངས། །
སྐབས་རེར་ཧ་བོ་ཧ་བོ་འདོད་སྤྱད་འཁྲིགས། །
དགའ་སྡུག་གཉིས་ཀྱི་ཉིན་སྲིབ་སུ་ཡིས་རྫོགས། །
ན་ཆུང་མིག་གི་མཐའ་ལ་ང་རང་སྤོས། །
སྙིང་སྡུག་སེམས་ཀྱི་དཀྱིལ་དུ་ང་རང་བསྡད། །
བརྩེ་བའི་མེ་ཏོག་མང་པོ་བཏོགས་བཏོགས་ཀྱང་། །
མཐའ་མར་ལག་པའི་ནང་ནས་སྐམ་ཞིང་རྙིད། །
མི་ཚེའི་རི་རྐེད་འདི་ནས་ཕྱིར་བལྟས་ཚེ། །
གྲང་ཅང་ཅང་གི་སེམས་ཀྱི་རི་དྭགས་དེས། །
བདེ་སྐྱིད་མེ་ཏོག་ཟོས་ཤིང་སྡུག་བསྔལ་གྱི། །
ཆུ་འཁྱག་འཐུང་ལ་ཁ་གྲངས་ལོན་ཐབས་བྲལ། །
འཚོ་བའི་ཆུ་ཆེན་དཀྱིལ་ནས་ཁྱིམ་གྱི་མེ། །
བཏང་ཞིང་སྐབས་འགར་གླུ་དང་སྐབས་འགར་ཕེ། །
བཏབ་ནས་འཁོར་བའི་དབྱིངས་ལ་ཞུགས་པ་དང་། །
ནག་ངམ་ངམ་གྱི་སེམས་པས་གྲང་ངར་འཐུང་། །
སྒྱུ་མའི་སྡོམ་དྲ་བཟོ་ཞོར་སྙན་ངག་གི །
ཤིང་གླིང་ཆག་པོ་ཞིག་ཀྱང་རྟག་ཏུ་བུས། །
ནག་ཁྲེད་ཁྲེད་ཀྱི་ཡི་གེའི་རི་སུལ་དུ། །
མི་ཚེའི་ལུག་བཤས་ནང་བླུགས་ཤ་ཡང་བཙོས། །
རེས་འགར་ཆོས་ཀྱི་རྔ་ཆུང་ཁྲང་ཁྲང་བརྡུངས། །
རེས་འགར་སྲིད་ཀྱི་གླུ་ཆུང་སིང་སིང་བླངས། །
མི་ཚེའི་བྱུང་བ་ཇི་སྙེད་པྲ་ཕབ་ལྟར། །
སེམས་ཀྱི་མེ་ལོང་ནང་དུ་ཅི་ཡང་གསལ། །
འཁོར་བའི་ལ་འོག་འདི་རུ་འཁོར་འདས་ཀྱི། །
རི་རྩེའི་ཉི་འོད་མཐོང་དོགས་མི་འདུག་ན། །
ད་ནི་སྒྱུ་མའི་རྟ་ལ་སྒྱུ་མའི་སྒ །
བསྟད་དེ་འཁོར་བའི་ལ་ཐང་གཅོད་དུ་འགྲོ། །
ཕྱུགས་ཕྱུང་མེ་ཏོག་འཐུ་ཞིང་སྣོམ་ཞིང་འགྲོ། །
ཟག་བདེ་སྦྲང་རྩི་ལེན་ཞིང་མྱོང་ཞིང་འགྲོ། །
སྡུག་གི་བཤལ་ཐག་རྩད་ནས་མི་ཆོད་ཀྱང་། །
བདེ་བ་ཅུང་ཟད་རྙེད་པར་ཇི་ལྟར་བསྙོན། །
འཁོར་བ་སྒྱུ་མའི་རྟ་གླང་ཡིན་ཡང་བླ། །
ང་རང་རྟ་གླང་འདེད་མཁན་ཡིན་ཡང་རུང་། །
ཆོས་རྣམས་སྐྲ་ཤད་འཛག་པ་ལྟར་སྣང་སྟེ། །
བདེན་པ་རྡུལ་ཙམ་མེད་ཀྱང་བླ་འོ་སྙམ། །
ང་ཡིས་འཁོར་བའི་ཆུ་འཁྱག་འཐུང་བཞིན་དུ། །
འཁོར་བའི་གྲང་ངར་སེམས་ཀྱིས་མྱོང་བཞིན་དུ། །
ད་དུང་འཁྲུལ་བའི་བདུད་རྩིར་སྣོམ་བཞིན་དུ། །
འཁོར་བའི་འཇུག་ངོགས་དེ་ལ་བསྙེག་པར་བྱ། །

                                    བླ་མ་རྗེས་སུ་དྲན་པ།

སེམས་ལ་རྣམ་རྟོག་གི་མུན་པས་ནག་ངམ་ངམ་དུ་བསྐོར་དུས།།
ཆོས་ཀྱི་རི་ནས་མན་ངག་གི་ཤིང་ལ་མེ་སྒོ་མཁན་ཁྱེད།།
དེ་དུས་གདན་རྙིང་ལ་བཞུགས་ཏེ་སྤྱན་གྱི་འོག་ནས་གཟིགས་པ།།
ད་ལྟར་དྲན་ན་མིག་ཆུ་མིག་ཆུའི་ནང་དུ་ཉིལ་ནས་ཡོང་།།
ཆོས་ཀྱི་དེ་ཉིད་མགུར་དུ་དྲངས་ནས་བླངས་པའི་སྐབས་དེ་དུས།།
རི་དྭགས་ཀྱིས་ཁ་ལ་རྩྭ་བཟུང་སྟེ་བལྡད་རྒྱུ་བརྗེད་སོང་སྐད།།
བྱ་ཡིས་མཁའ་དབྱིངས་ཤིག་ཏུ་གཤོག་པ་བརྡེབ་རྒྱུ་བརྗེད་སོང་སྐད།།
ད་ལྟ་བཞུགས་གདན་སྟོང་ཧང་ཧང་དུ་ལུས་པ་མཐོང་ཡོང་ན།།
སེམས་ཀྱི་རི་རྩེ་ཁྲག་ཁྲིག་ཁ་བས་བསྐོར་ཏེ་འཁྱག་པར་བྱེད།།

                                     འཁོར་བའི་ཆུ་ནང་དུ་ཤར་བའི་སྒྲུང་།

              ༡.
སེམས་པའི་མེ་ལྕེ་དམར་ལམ་ལམ་དུ་འབར་ནས་ཉིས་སྟོང་བཅུ་བདུན་ཚེས་སོང་། །
རྒྱང་གི་བགྲེས་པོ་ཁོང་ལོ་ཟླའི་ཡང་རྩེ་རུ་འགོས་ནས་ང་ཚོར་དམུལ་སོང་། །
གངས་ཁྲོད་དུ་མེ་དམར་པོ་དང་དུ་བ་སྔོ་ལོང་ངེ་བ་རེ་མཐོང་སོང་། །
ངའི་ཁྱིམ་གྱི་གྱང་ངོར་ལན་རེར་ཟླ་འོད་སྣང་ཞིང་སྐབས་རེར་ཉི་འོད་གསལ། །
བུད་མེད་ཅིག་གི་སྐད་ཆ་རྣམས་སེམས་སུ་འཁྱིལ་བ་ཧ་ཅང་གིས་འཁྱག་སོང་། །
ངའི་རྒྱབ་ཕྱོགས་སུ་རྡུལ་ཁོ་ན་འཁྲིགས་པའི་དབང་གིས་ངས་ཕྱིར་ལྟ་མ་འདོད། །
ཁ་པར་དུ་ལོ་ཐོའི་ལིང་ཚེ་བཤེར་སྐབས་ཉིས་སྟོང་བཅུ་གཉིས་ཚེས་པ་མཐོང་། །
ངའི་སེམས་འཁྲལ་གྱི་སྒེའུ་ཁུང་ཇེ་གསལ་དུ་གྱུར་ནས་གཉིད་ཀྱང་བྲོས་ཐལ། །

              ༢.
ཤེལ་གྱི་ནང་དུ་བླུགས་པ་འདྲ་ཞིང་ཆུ་ཡི་ནང་དུ་དྭངས་པ་འདྲའི། །
ཁྱེད་ཀྱིས་ངག་གིས་ཇི་སྐད་བཤད་པ་ང་ཡིས་ལྷང་ལྷང་གོ་བ་ཡི། །
འཇིག་རྟེ་ན་འདི་ཀོ་རི་རྩེ་དེ་འམ་བྲག་ཁ་ཞིག་ལྟའི་བློ་མི་བདེའི། །
རླུང་ནི་ཤེད་ཀྱིས་ལྡང་བ་བཞིན་དུ་སྙིང་ཡང་དེ་བཞིན་ལྡང་བར་འགྱུར། །

              ༣.
སེམས་ཀྱི་གྱང་གིས་སྡུག་བསྔལ་གྱི་གྲིབ་མ་བསྣར་ནས་འཁོར་བ་ཟོ་ཆུན་ཁྱུད་མོ་ལྟར་བསྐོར། །
རྣམ་རྟོག་གི་རླུང་གིས་ལུས་ཀྱི་སྡོང་ལོ་གྲོང་དང་གྲོང་ཁྱེར་ཆུ་དང་རྡོ་ནང་དུ་འཁུར། །
ཀུན་རྫོབ་ཀྱི་རྡོ་བ་མ་ཆོག་པའི་སྡུག་བསྔལ་གྱིས་མེ་ཕུང་དམར་ལམ་ལམ་བསྒོངས་ནས་བསྡད། །
དགའ་སྡུག་གི་སྒྲུང་གིས་ཁྱི་གུ་ཞིག་གི་མིག་ལྟར་ཕར་ཕྱོགས་ནས་ཚུར་ལ་ལྷང་ལྷང་གིས་བལྟས། །

               ༤.
མཛེས་མ་ཁྱེད་ཀྱི་མིག་གི་རྩེ་ཡིས་མཛེས་སྡུག་གི་ཆུ་ཕྲན་འཐུང་ཡོད། །
ང་ཡིས་གློ་བུར་དུ་མཐོང་དུས་སྙིང་ཁས་མ་བཟོད་བློང་བློང་བྱས་སོང་། །
ཀྱེ་མ་མ་འོངས་པ་ནི་ཁ་བ་བབས་པའི་རི་རྐེད་ཅིག་ཡིན་ཙང་། །
ང་ཡིས་རང་གི་སྙིང་ལ་ཆུ་འཁྱག་གྲངས་མེད་དུ་བླུགས་ནས་ཡོད་དོ། །


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།