གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རེབ་ཀོང་འཕྲང་ཡར་ནང་།(ཞར་བཀོད་གསུམ་ཡོད)

2017-09-17 11:11:07 མོག་ཟླ།(རྩེ་ཁོག) ཀློག་གྲངས། མཆན ཡོད།

             
       ______ལོ་རྒྱུས་ཀྱི་དོན་རྐྱེན་ཞིག་གིས་དྲན་བསླངས་པ།

ལ་དགུ་ལུང་དགུའི་ཕུ་ནས་འབབ་པའི།།
དགུ་ཆུ་འདི་ནི་འུར་སྒྲ་ཆེ་བ།།
ང་ཡི་རྣམ་ཤེས་སྡོད་མིན་མཚམས་ནས།།
རླུང་བུར་བཞོན་ཏེ་གཤོང་ལ་ཁྲིད་སོང།།

བྱུང་འདས་དྲན་པ་སྐྱུར་མོ་རེ་རེ།།
ཤང་ཤང་དགུ་ཆུའི་ཁུགས་པར་འཁྱིལ་ཚེ།།
བླ་སྐྱ་དཔོན་དྲག་ཁ་སྟབས་ཅན་པོའི།།
མགོ་སྐེ་བྲེགས་པའི་འོ་དོད་ཐོས་ཡོང།།

གནའ་བོའི་ཤིང་ཟམ་རྟ་དྲེལ་རྒྱུ་ས།།
ད་དུང་སྔུན་ན་ཡོད་ཡོད་འདྲ་བ།།
མི་མགོ་རློན་པའི་བསྟར་ཕྲེང་བསྒྲིགས་པའི།།
ཤན་རྒོད་ལག་དམར་འཇིགས་ཤིང་ཡེར་བ།།

གཙང་ཆེན་ཆུ་ལོན་ཤུགས་ཀྱིས་བརྡོལ་ཀྱང་།།
ཟམ་པ་ཆེན་པོའི་ཞབས་ན་རྒྱུ་བ།།
ངོ་གནག་དགྲ་ཟླའི་ཐོད་གདུག་འོག་ན།།
གནའ་གྲོང་འདི་ག་གཅོམ་ཞིང་སྐྱུངས་པ།།

ལོ་རྒྱུས་རྨས་སྐྱོན་རྩིབས་མར་འབྱར་བའི།།
ཆུ་མོས་བསྐྱར་དུ་དྲན་པ་སློང་ཞིང་།།
དོམ་ནག་དྲེད་པོ་ཁྲག་གིས་སྨྱོས་པའི།།
དགུ་ཆུ་ཁམ་པ་མིག་ལ་གཟན་བྱུང་།།

སྒྱོགས་ཆེན་དྲག་པོའི་ཁ་གདུག་བཙན་པོས།།
ཡར་ནང་འཕྲང་ལ་རྫས་དུད་འཐིབས་ཤིང་།།
ངམ་གནག་གཤིན་རྗེའི་འཇུར་མིག་ཁྲོད་ནས།།
མགོ་ལྐོག་སྐམ་པོར་མིག་ཆུ་ལུད་བྱུང་།།

མཐིང་ནག་མེ་ནི་རབ་ཏུ་གཡོས་པས།།
མི་ལྤགས་དམར་པོ་གསོན་བསྲེགས་བྱས་བྱུང་།།
གྲོང་མཐའི་ཡུགས་མོས་སྡུག་སྐྲ་འབལ་བའི།།
སྨྲེ་ངག་མཆི་མས་སྙིང་གི་ཕྱེད་གཤགས།།

ཡར་ནང་འཕྲང་གི་ཕུ་མདའ་ཀུན་ལ།།
ཆོས་འདས་ཚོད་མེད་ཀླད་ཞོ་དཀྲུག་དུས།།
ཤ་ཟ་གདོང་དམར་མདུང་དར་ཐོགས་པའི།།
བཙན་རྒོད་རུ་དཔུང་ཡོད་ན་དགའ་བ།།

ཁ་འཐོར་ཁེར་ཆད་ཤོར་མའི་ངང་ཚུལ།།
རང་ཡུལ་གད་པ་སྟོང་བར་གྱུར་ཞིང་།།
མི་ཡུལ་ས་མཐའ་དང་དུ་བླངས་པའི།།
བསྐོས་ཐང་ལྕི་མོ་སྒལ་བར་ཁུར་བྱུང་།།

ཁམ་ནག་རལ་བ་དགུང་ལ་གཟེངས་བའི།།
དགུ་ཆུའི་མིག་རྩ་ཁྲག་གིས་བཟི་འདུག།
སྔོན་བྱུང་བྱུར་ནི་ཤུགས་ཀྱིས་བརྗོད་བཞིན།།
ཕྱི་ཐོགས་དྲན་པ་ཉེ་བར་བཞག་འདུག།
                             
                                    དབེན་མཐིལ།
                      

དུས་ད་ལྟ་ང་རང་གནས་ས་འདི་ནི།།
དགུང་ཨ་སྔོན་སྟོང་བ་སྟོང་རྐྱང་ཡིན་ལ།།
རྫ་རོག་པོས་ཕྱི་བསྐོར་ནང་བསྐོར་བྱས་ཤིང་།།
རྡོ་གཡའ་མའི་ཟུར་ཁ་གྲི་ལས་དབལ་ཞིང་།།
ཤིང་ནགས་མས་རང་བྱུང་བསྣོལ་མདུད་རྒྱག་སའི།།
གནས་སྦས་ལུང་དཀར་པོ་གཅོད་ཀྱི་གཤོང་ཡིན།།

མཐོ་འཛམ་གླིང་ཉི་མའི་འཆར་ལམ་འགོག་ཅིང་།།
དམའ་སྐྱེ་ལྡན་རྩི་ལྗོན་མི་མགོར་སྙོམ་ལ།།
ཆུ་ཆེན་པོའི་གཞུང་ཁོག་བྱང་སྒྲ་སྙན་ས།།
བྱ་རྒོད་པོའི་འཕུར་ལམ་སྤྲིན་གྱིས་སྒྲིབ་ཅིང་།།
མི་ཁེར་འགྲོས་སྒྱིད་པའི་ཉྭ་ཐག་འདར་པའི།།
རྫོང་བཙན་པོ་འདི་ཀོ་ལྕགས་མཁར་སྒོ་མེད།།

འཕྲུལ་འཁོར་ལོ་རྒྱུགས་པའི་ཁྲོག་སྒྲ་མེད་ཀི།
མི་ཧམ་པའི་ཚ་བའི་ཙད་འབུ་མི་རྒྱུ།།
དབང་དུག་ཆུས་སྦྲིད་པའི་བཟི་བོ་མེད་ཅིང་།།
མཚོན་ངར་མའི་ཁ་ཡི་དམེ་ཁྲག་མེད་ལ།།
ལྕེ་རྒོད་པོའི་འོག་གི་འཁྱོམ་བཤད་མི་འདུག།
འགྲན་དོ་མེད་མི་ཡི་འཐབ་ཡ་མེད་དོ།།

དུས་ད་ལྟ་ང་རང་གནས་ས་འདི་ནི།།
སྒར་ཁྲ་ཁྲའི་ཕྱི་ནང་རྔམ་ཁ་བརྗིད་ལ།།
མཁས་གྲུབ་དགུས་གང་ཤར་སྣང་བ་གྲོལ་ས།།
མ་མཁའ་འགྲོའི་ཟབ་དོན་སྙན་གླུ་གྱེར་ཞིང་།།
དུང་དཀར་པོའི་སྙན་པས་རང་གྲགས་རྒྱག་གི།
བན་ཆོས་ཡོད་གཅོད་ཌར་ཤིགས་སེ་དཀྲོལ་བའི།།
ཡུལ་མདོ་སྨད་གཅོད་བསྟན་དང་པོའི་ཆུ་མགོ།
གནས་བྱིན་ཆགས་བཀྲ་ཤིས་ཆོས་ཀྱི་རྫོང་ཡིན།།

                              2017 .7.7

                                    ཨ་སྐྱོ་བ།

ས་གཅིག་མི་ཡི་ལུང་པར།།
འགྲིམ་པ་ཚེ་སྔོན་ལས་རེད།།
ལས་ཀྱིས་བཀོད་པའི་རི་མོ།།
སུ་དང་གང་ལ་བརྐོས་ཡོད།།
སེམས་ཀྱི་དགའ་འཁྱིལ་ནོར་བུ།།
ལ་དང་ལ་མོ་བརྒྱབ་ཀྱང་།།
མི་ཚེ་གཅིག་གི་དྲན་ཤིང་།།


ཡུལ་གཅིག་ཆོས་འཁོར་ལྷ་སར།།
འོང་པ་ཚེ་འདིའི་བསོད་བདེ།།
ཇོ་ཇོ་ཡིད་བཞིན་ནོར་བུར།།
སེམས་ཀྱི་སྐྱིད་སྡུག་ཞུས་ཡོད།།
སྙིང་ཐུབ་གཡུ་ཆུང་གྲུ་དམར།།
བར་སྐོར་གླིང་སྐོར་ཉུལ་ཡང་།།
མི་ཚེའི་རྙེད་པ་ཁྱེད་ཡིན།།

ཆུ་གཅིག་འོ་དེ་གངས་ཆུ།།
སྲིད་པ་གངས་ཀྱི་ཉིང་ཁུ།།
ཡིད་སེམས་དག་པའི་ཀློང་དུ།།
ཁ་ཕུད་ལན་གསུམ་མཆོད་ན།།
ལྷ་རིའི་ཞལ་ངོ་དྲོ་ཡོང་།།
ཐག་རིང་མི་ཡི་ཡུལ་གྱི།།
ཡུལ་འཁྱར་ཨ་སྐྱོ་ང་ལ།།
ཐུགས་རྗེའི་གཟིགས་པ་གནོང་དང་།
མི་ཚེའི་གནས་མཇལ་འགྲུབ་ཤོག

མཁར་གཅིག་ཡུམ་བུ་བླ་མཁར།།
ཡར་ཀླུང་དང་པོའིི་རྒྱལ་ཁང་།།
བཙན་པོའི་དབུ་རྨོག་མཐོ་ས།།
སྲིད་ཀྱི་མདུན་ས་ཡངས་བ།།
སྟོང་ཕྲག་ཆར་རླུང་ཁྲོད་ནས།།
མི་འཇིགས་གདེངས་ཤིག་ཐོབ་ཅིང་།།
གངས་ ཁྲོད་རྡོ་རིང་བཞིན་དུ།།
སྣ་ཚོགས་དཔང་པོར་སྡོད་པ།།
འཛམ་གླིང་འཛིན་མའི་ཁྱོན་ནས།།
ཁྱེད་ལས་ལྷག་ཅིག་མི་འདུག།

                                    བཟླས་བརྗོད།

                                                ____ དྲན་ཚུལ་གློ་བུར་བ་ཞིག

གནམ་རབ་བེ་རིབ་བེའི་གསེབ་ནས།
ཆར་ཟམ་མ་ཟིམ་མེར་འབབ་ཀི
རི་འབའ་ར་འབུར་རེའི་སྒང་ནས།
གྲོང་རྫབ་བ་རྫུབ་བེ་མཐོང་ཐལ།
ལུང་ཀྱག་གེ་ཀྱོག་གེའི་གཞུང་གི
སྡེ་ཐར་རེ་འཐོར་རེ་རིག་ན།
མི་སྤྱང་ངེ་སྤྱང་བོའི་ལག་གི
འབུ་ཁ་རེ་ཁེར་རེ་དྲན་ཀི
རྫ་རག་གེ་རོག་གེའི་ཁྲོད་དུ།
མགོ་འཐམ་མེ་འཐོམ་མེར་སོང་ནས།
འབུ་ཙག་གེ་ཙིག་གེ་བརྐོས་ན།
སྤང་ཤར་རེ་ཤུར་རེ་བཀོག་ཐལ།
ཁྱིམ་མུ་གེ་མུག་གེའི་ཆེད་དུ།
རྐང་གྱལ་ལེ་གྱོལ་ལེར་སོང་ཡང་།
རིན་ཆ་ངེ་ཆུང་ངེ་མེད་ན།
སྙིང་ལྷག་གེ་ལྷོག་གེར་འཕར་ཀི
ལུས་བཟའ་རེ་བཟུར་རེའི་ངང་ནས།།
ལམ་ཐ་ག་ཐག་གེ་སྙེག་སྟེ།།
ལས་ཅལ་ལེ་ཅོལ་ལེར་འཇུས་ན།།
དོན་སྐྱ་རུ་སྐྱུར་རེར་ལོས་འགྲུབ།།
ད་ཝ་མ་ཝོལ་ལ་མི་འདུག།
ཁ་ཞམ་མེ་ཞུམ་མེའི་ནང་ནས།།
གཏམ་པ་ར་པུ་རེ་བཤད་དེ།།
ཉིན་ཀ་ར་ཀོར་རེར་མི་སྐྱེལ།།
སེམས་འཚབ་བེ་འཚུབ་བེ་བསྐྱུར་ཏེ།།
རྐང་བསྲན་ནེ་བསྲོན་ནེར་སྤོ་རྒྱུ།།

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།