གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རིག་འཛིན་ཚངས་དབྱངས་རྒྱ་མཚོ།(སྨད་ཆ)

2018-01-05 12:35:10 དྲང་འགྲོ(འཇོ་མདའ) ཀློག་གྲངས། མཆན ཡོད།


ཕོ་བྲང་དམར་པོའི་ལྷིང་འཇགས་མགུར་གླུས་དཀྲོགས་པའི།།
བར་སྐོར་སྲང་ལམ་ནང་གི་ཆང་འཐུང་གོང་མ།།
ལྷ་སའི་མཚན་ལམ་ཆང་དང་དུ་བས་བསྐྱལ་བའི།།
ཉི་ནུབ་རྒྱ་ཕིབས་འོག་གི་སྙན་ངག་པ་ཞིག།།

ཐོག་ཁང་སེར་པོའི་ནང་གི་མ་སྐྱེས་ཨ་མའི།།
བརྩེ་བའི་ལོ་ཆང་བཞེས་པའི་སྐུ་སྲས་གཞོན་ནུ།།
ཉི་མ་ལྷ་སའི་བདེ་སྡུག་སེམས་སུ་རྨོ་བའི།།
སྐྱོ་གདུང་ཁོག་ཏུ་རྔུབ་པའི་བོད་ཀྱི་རྒྱལ་པོ།།

ཕལ་བའི་འཚོ་བ་སྟབས་བདེ་ཞེ་ལ་ཐོགས་པའི།།
པོ་ཏའི་སྒེའུ་ཁུངས་འགྲམ་གྱི་ལྷ་སྲས་གོང་མ།།
ཉི་འོད་བོར་བའི་སྐྱོ་གར་མིག་མཐར་ལྷུང་བའི།།
ཡུམ་བུ་བླ་མཁར་བཞུགས་པའི་རིགས་ཀྱི་བླ་སྲོག།


དད་ལྡན་མཇལ་བའི་སེམས་ཀྱི་ལྷ་སྐུ་གསོན་པོ།།
ནོར་བུ་གླིང་གའི་མངའ་བདག་ལྷ་སའི་ནད་པ།།
རྨི་ལམ་འཇིགས་སྐྲག་ཆེ་བའི་དབུས་ཀྱི་གྲུ་བ།།
སྐྱིད་ཆུ་སྔོན་མོའི་འགྲམ་གྱི་ཁེར་རྐྱང་རྒྱལ་སྲས།།
                              
                           2017-10-25-ཉིན།

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)




རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།