གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འབྲོག་མོ་སྐ་རགས་གློ་ཁ་ཅན།

2018-04-29 09:46:53 འབྲོག་བུ་དཀོམ་བཀྲ ཀློག་གྲངས། མཆན ཡོད།


སེམས་ཀྱི་ཐང་ཆེན་སྨུག་པས་གཡོགས་པས་འདི་ཕྱི་གཉིས་ཀྱི་མཚམས་མི་མཐོང་། །
སྙིང་ཆུང་དམར་པོའི་དྲོད་ཤ་ཡལ་བས་གློག་ཐབ་ཚ་ཡང་རྔོ་མི་ཐོགས། །
འོན་ཏེ་མུ་མེད་འབྲོག་སྟོང་འདི་ཡི་རི་ལུང་བརྒལ་བའི་དུས་ཤིག་ན། །
ཁྲ་ཆུང་སྤྱན་མིག་སྐར་ཆེན་ལྟ་བུའི་འབྲོག་པའི་བུ་མོ་ལུག་རྫི་ཞིག །
ཅི་འདི་མེད་པར་ཡིད་ལ་ཐོགས་ཤིང་གཏན་ནས་བརྗེད་པའི་གླགས་མ་རྙེད། །
མཚམས་མཚམས་ཡིད་སེམས་ལྷོད་ལ་ཕབ་སྟེ་མིག་ཟུང་ག་ལེར་བཙུམས་པའི་ཚེ། །
སྐ་རགས་གློ་ཁ་འཇའ་ཚོན་བཞིན་དུ་ལྷབ་ལྷུབ་འཕྱོ་བའི་གཟུགས་བརྙན་དྲན། །

ཁོ་མོའི་རུ་བ་དགུན་སར་སྤར་ནས་ཉིན་ཞག་དྲུག་གི་མཚམས་ཡིན་ཟེར། །
དུ་བ་སྔོ་ལྷོག་དགུང་ལ་འཐེན་པའི་ཁྱིམ་ཚང་ཀན་ནི་ངེད་ཁ་ཡིན། །
ཁོམ་པ་ཡོད་ན་ཕར་ལ་འགྲོ་ཞེས་ཕ་རིའི་རི་ལ་མཛུབ་མོ་སྟོན། །
རྩྭ་མགོ་སེར་པོ་རྦ་རླབས་བཞིན་དུ་གྱེན་ནས་གྱེན་ལ་འཕྱུར་བའི་དབུས། །
དར་ཤིང་མཐོན་པོས་ནམ་མཁའ་བཏེགས་པའི་ཁྱིམ་ཚང་ཞིག་གི་ཁང་བ་མཐོང་། །
ལྟག་རྒྱབ་བསང་ཁྲི་སེར་པོའི་ངོས་སུ་བྱ་རྡོ་དཀར་པོས་གཡུང་དྲུང་བྲིས། །
སྒོ་ཁའི་ཁྱི་རྒན་ཞེ་རྩ་ཁྲོས་ཏེ་ལྕགས་ཐག་སྣེ་ནས་ལྡིང་སྐོར་རྒྱག །
སྤོ་ཐོ་སྐམ་པོས་ལུག་ར་བརྩིགས་ཤིང་གྱང་ཁ་འཇག་མས་གཡོགས་པ་མཐོང་། །
སྐྱེ་བ་སྔོན་མའི་རང་ཁྱིམ་བཞིན་དུ་ང་ནི་དེ་ལ་གཏིང་ནས་ཆགས། །

དེ་རིང་མིག་ལམ་རི་ཆུས་བཅད་པས་ཁྱེད་ཀྱི་རུ་བ་མི་མཐོང་ཡང་། །
ག་ལེར་བློ་ཡིས་རྟོག་བཟོ་བྱས་ན་ཁྱེད་ཀྱི་བྱ་བྱེད་ཕལ་ཆེར་མཐོང་། །
ད་ནངས་སྐྱ་རངས་མ་ཤར་སྔོན་ནས་ཁྱེད་རང་མལ་ལས་ལངས་ཡོད་ངེས། །
ལྕི་འདམ་དཀྲུག་པའི་ལྷས་རའི་ནང་དུ་འབྲི་མོ་བཞོ་བཞིན་ཡོད་ཤག་རེད། །

ད་ནངས་ཉི་རྩེ་ས་ལ་ཕོག་དུས་སྒོ་ཡི་ལས་ཀ་ཚར་ཡོད་ངེས། །
ཐབ་མགོའི་འོ་ཇ་ཁོལ་བ་མཐོང་ནས་སེམས་ལ་དྲོད་འཁོལ་འཁྱིལ་ཡོད་ངེས། །
ས་རྡུལ་ཆགས་པའི་མཆོད་སྒམ་མདུན་ལ་གཙང་ཆུས་མཆོད་པ་བཤམས་ཡོད་ངེས། །
སྒོ་ཆོན་སྣེ་ཡི་གསུར་སྟེགས་སྟེང་ལ་ཚ་གསུར་ལན་གསུང་བཏང་ཡོད་ངེས། །

ཉིན་གུང་ཉི་ཐིག་ཁྱིམ་ལ་བརྒྱབ་དུས་ཕྱི་ནང་ལས་ཀ་རྫོགས་ཡོད་ངེས། །
རི་ལ་ཡན་པའི་ལུག་ཁྱུ་དྲན་ནས་གློ་བུར་བྲེད་ཤ་ལངས་ཡོད་ངེས། །
མཛོ་རྒན་རོག་པོར་གཡོབ་རྡེབ་བྱེད་ཀྱིན་ལུག་ཁྱུའི་རྗེས་སུ་སྙེགས་ཡོད་ངེས། །
ལུག་གཅིག་སྤྱང་ཀིའི་གུང་ཟས་བྱས་པར་ཞེ་སྡང་མེ་ལྕེ་འབར་ཡོད་ངེས། །

ཉི་འོད་འཁྱིལ་བའི་ལུང་ཁུག་ཅིག་ནས་ཁ་པར་གློང་བཞིན་བསྡད་པའི་ཚེ། །
མདང་ནུབ་མཚན་གུང་ཁྱིམ་ལ་ཐོན་པའི་རྒྱུས་མེད་མགྲོན་པོ་དྲན་ཡོད་ངེས། །
གོས་དཀར་གོང་བ་དལ་བུར་འཐེན་བཞིན་ཡོང་ན་ཨེ་བ་ཞེས་དྲིས་ཚེ། །
རང་ཉིད་སྐྲག་སྟེ་ཁུ་ཚུར་གཡུགས་པའི་ཉམས་སྣང་དྲན་ནས་དགོད་ཁ་ཤོར། །

མདང་ནུབ་ཡང་ནི་རྨི་ལམ་ནང་དུ་དགའ་བའི་དོན་བྱ་འདི་འདྲ་བྱུང་། །
སྣུམ་ལམ་ངོས་ཀྱི་ཚྭ་ཁུ་ལྡག་པའི་ལུག་ཁྱུ་དཀར་པོའི་རྗེས་སྙེག་པའི། །
མགོ་དཀྲིས་སེར་པོས་ངོ་ཕྱེད་བཏུམས་པའི་བུ་མོ་ཁོང་ལ་སླར་འཕྲད་དེ། །
ངེད་གཉིས་བློ་ཁ་གཅིག་ཏུ་མཐུན་ཏེ་མནའ་ཚིག་སྲ་མོས་མཐའ་བསྒགས་ནས། །
ལྷ་ས་དང་ནི་སན་ཡ་ལ་སོགས་ཁ་རོག་འབྲོ་བའི་གྲོས་བྱས་ཏེ། །
ཕྲན་གྱིས་གནམ་གྲུའི་པ་སེ་ཉོས་ཤིང་ཁོང་མོས་མོ་རྩིས་ལུང་བསྟན་ཞུས། །
མཇུག་མཐར་བྱ་རྒྱལ་རྒོད་པོ་བཞིན་དུ་སྤྲིན་དཀར་བང་རིམ་བརྟོལ་བ་རྨིས། །
སྤྲིན་པའི་ཀློང་ནས་ཕོ་བྲང་མཐོང་དུས་ཁ་པར་བླངས་ནས་ཚད་པ་ན། །
ང་རང་གློ་བུར་གཉིད་ལས་སད་ཅིང་ཐམས་ཅད་རྨི་ལམ་ཡིན་པ་རྟོགས། །

                               ༢༠༡༨/༤/༢༧ལ་བྲིས།


 རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།