གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྫོགས་ཆེན༧པདྨ་སྐལ་བཟང་གི་སྙན་རྩོམ་ཁག་བཞི།

2018-06-03 12:10:25 རྫོགས་ཆེན་པདྨ་སྐལ་བཟང་། ཀློག་གྲངས། མཆན ཡོད།

1516676158348454.jpeg
             
                   བོད་རབ་བྱུང་བཅུ་བདུན་མེ་སྤྲེལ་ལོར་རྫོགས་ཆེན་གདན་སར་བཀའ་མ་མདོ་སྒྱུ་སེམས་གསུམ་གྱི་དབང་ཁྲིད་མཇུག་གི་གསུང་རྩོམ།

འདུས་པ་འབྲལ་བའི་ཆོས་ཅན་མི་རྟག་གཤིས།།
སྟོན་དུས་ཆུ་འཛིན་གཡོ་བའི་ངང་ཚུལ་བཞིན།།
གཅིག་ཏུ་བརྟན་པ་མིན་པའི་མངོན་རྟོགས་ཀྱིས།།
འབྲལ་ཁའི་འཕྲིན་ཆུང་དུང་བའི་དབྱངས་སུ་སྒྲོག།

ཤིན་ཏུ་མཛེས་པའི་སྐྱེད་མོས་ཚལ་ཡང་མིག་མེད་སྐྱེ་བོས་མི་མཐོང་ཞིང་།།
སྙན་པའི་སྒྲ་དབྱངས་རྒྱུད་སྟོང་བསྒྲེངས་ཀྱང་འོན་པའི་རྣ་བར་མིན་ཇི་བཞིན།།
སྙིགས་དུས་རྨོངས་པའི་མུན་ཆེན་དཀྲིགས་འདིར་དམ་པའི་འོད་སྣང་མཛེས་མིན་པས།།
རེ་ཞིག་ཞི་བསིལ་ནང་གི་བདུད་རྩིས་ཉམས་རྟོགས་ལུས་ཟུངས་བརྟས་ལ་རེམ།།

སྣང་བའི་རྫུན་ཕུགས་འཁྲུལ་བའི་རང་བཞིན་སྟོང་།།
སྟོང་པ་བལྟར་མེད་བློ་འདས་ཆོས་སྐུའི་གཤིས།།
བརྗོད་མེད་བརྗོད་པའི་མཆོག་གྱུར་བདེ་ཀློང་ཆེར།།
ཆེད་འཛིན་མཁའ་ཡི་མདུད་པ་དོར་དེ་སྐྱིད།།

སྣ་ཚོགས་སྣང་ཞིང་སྲིད་པའི་ཆོས་འདི་སེམས་ཀྱི་ཀུན་རྟོག་ལས་བྱུང་ཞིང་།།
སེམས་ནི་སེམས་ཉིད་སྤྲོས་པ་ཀུན་བྲལ་འདུས་མ་བྱས་དབྱིངས་ལས་བྱུང་བས།།
དེ་ཉིད་ཡེ་དག་གཞི་རྩ་ཀུན་བྲལ་ནམ་མཁའ་ལྟ་བུར་རྟོགས་བྱས་ཏེ།།
གཡོ་མེད་ངང་ལ་རྩོལ་མེད་བཞག་པ་དུས་གསུམ་རྒྱལ་བ་ཀུན་གྱི་ལམ།།

ལྟ་སྒོམ་གངས་ཀྱི་རི་བོའི་སྤོར་གནས་ཤིང་།།
སྣང་ཞེན་འཁྲུལ་བའི་རི་དྭགས་སྤ་སྐོང་བ།།
མི་འཇིགས་རྩལ་ཆེན་རྫོགས་པའི་གཡུ་རལ་ཅན།།
གྲུབ་པའི་གྲོང་ན་མི་ཡི་སེངྒེ་བཞིན།།

ལྷག་བསམ་སྟོན་ཟླ་གསར་པའི་མདངས་འཛིན་མ་སྨད་ཚིག་གི་ཨུ་དུམ་ཝར།།
ལེགས་བྱས་བསོད་ནམས་ལྷས་ཀྱང་བཀུར་འོས་གྱ་ནོམ་གཙང་མའི་སྐྱེས་དང་བཅས།།
ཁྱེད་ལ་མི་རིང་ཡང་ཡང་མཇལ་བའི་གྱེས་ཕྱག་དང་བས་འབུལ་ལགས་ན།།
དགྱེས་འཛུམ་བཞད་པའི་ལང་ཚོའི་དཔལ་དུ་ཡུན་རིང་མཛེས་པའི་རྒྱན་ཆར་ཤོག།

རིན་ཆེན་ལྗོན་ཤིང་མཛེས་པའི་ནགས་ཀྱི་ཁྲོད།།
འོད་སྟོང་པདྨའི་སྤྲིན་གྱི་ཁང་བཟང་གི།
ལྷ་དང་དྲང་སྲོང་འཛུམ་པའི་གནས་མཆོག་འདིར།།
ངོ་མཚར་ཆོས་གཏེར་འགྱེད་ལ་སླར་ཡང་སྤྱོན།།

བཀྲ་ཤིས་ཉི་མ་མཆོག་གསུམ་འོད་སྣང་ནུབ་མེད་གླིང་འདིར་རྟག་འཆར་ཞིང་།།
བདེ་ལེགས་ཟླ་བ་སྲིད་ཞིའི་ལེགས་ཚོགས་མ་ལུས་ཆ་ཤས་ཀུན་རྫོགས་ཏེ།།
ཕུན་ཚོགས་རྒྱུ་སྐར་སྡེ་བཞིའི་དཔལ་གཡང་དགེ་བཅུའི་གྲོགས་སུ་རབ་འཛོམས་པས།
མཐའ་ཡས་སྐྱེ་དགུ་གཏན་དུ་བདེ་བའི་རྫོགས་ལྡན་འབྲས་བཟང་གཡུར་ཟ་ཤོག།
གནས་འདིར་ཡང་ཡང་འཛོམས་པའི་སྨོན་འདུན་ཞུ།

                     རང་ཉིད་ཀྱི་འདྲ་པར་ཞིག་དང་སྦྲགས་ཏེ་ཕུལ་བའི་ཡིག་རིས།

མ་རིག་རྒྱུ་ལས་བསྐྱེད་པའི་འདུ་བྱེད་ཀྱི།།
འཕེན་རྫོགས་བྱེད་པའི་ལས་ཀྱི་འབྲས་སྨིན་པ།།
རྣམ་ཤེས་ཁྱེའུ་ཆུང་ཞུགས་པའི་མིང་གཟུགས་རྟེན།།
ལུགས་འབྱུང་སྲིད་པའི་འཁོར་ལོར་འདི་ན་འཁྱམས།།

ཐོག་མར་བྱིས་པ་མཐིང་གི་སྐྲ་ཅོག་ཅན།།
བར་དུ་ན་གཞོན་དུང་གི་སོ་སྒོས་མཛེས།།
མཐའ་མ་དགེ་སྦྱོང་རྒན་བུ་མགོ་རེག་གཟུགས།།
མི་བརྟན་སྒྱུ་མའི་གཟིགས་མོར་སུ་ཡིད་རྟོན།།

ཡང་མཐར་རུས་གོང་པགས་པའི་ཚོགས་དག་ཀྱང་།།
རྡུལ་གྱི་ཆ་ཤས་སོ་སོར་དེངས་གྱུར་ཚེ།།
དཀར་ནག་འབྲས་བུ་མྱོང་བའི་ལེན་པ་པོ།།
གཞན་དུ་ཡོད་པའི་འཁྲུལ་སྣང་ཆོས་འདི་མཚར།།

མངའ་ཐང་ཆེ་བ་རྒྱལ་པོའི་རྒྱལ་སྲིད་ནས།།
ཉམ་ཆུང་གྱི་ནས་འཚོ་བའི་ཁ་སྟབས་ཀུན།།
གཅིག་ཅར་འཕྲོག་པའི་དུས་ཀྱི་ཕོ་ཉ་ལ།།
ཆོས་ཀྱི་ཟོན་གྱིས་རྟག་ཏུ་མེལ་ཚེ་འོས།།

ཚེ་གཅིག་སྐྱིད་སྡུག་སྒྱུ་མའི་གར་མཁན་འདྲ།།
སྣ་ཚོགས་སྣང་བ་ཡུལ་གྱི་བསླུ་བྲིད་དེ།།
སྔར་འཁྱམས་འཁྲུལ་བའི་ཐ་མ་འདིས་སྐྱོ་ནས།།
ཐོག་མཐའ་དབུས་མེད་འཁོར་བའི་གནས་འདིར་སུན།།

འོན་ཀྱང་མཁས་མཐར་གཏུགས་པའི་མར་གྱུར་འགྲོ།།
གདོད་མའི་རྒྱལ་སྲིད་མཆོག་ལ་འགོད་ནུས་པའི།།
ནང་གི་ནུས་པ་སྟོབས་སུ་མ་གྱུར་བར།།
མཐའ་གཉིས་སྤངས་པའི་དམ་བཅས་རྟག་འཚོར་སྨོན།།

རྟེན་འདིར་དད་ཅིང་དགའ་དང་བཀུར་བའམ།།
འགའ་ཞིག་གཤེ་ཞིང་མི་སྙན་སྒྲོག་པའང་རུང་།།
ཇི་སྙེད་འབྲེལ་ཀུན་དམ་པའི་སེམས་གཉིས་ཀྱི།།
གསེར་འགྱུར་རྩི་ཡིས་རྟག་ཏུ་བཏང་མ་གྱུར།།

                       རང་ཉིད་ཀྱི་འདྲ་པར་ཞིག་གི་རྒྱབ་ལོགས་སུ་བྲིས་པའི་ཡིག་རིས།

གཅེས་སྲོག་ཕ་མས་བསྐྱེད་པའི་ཤ་ཁྲག་རྟེན།།
ལན་གཅིག་རུ་དམ་ལུང་པར་ལས་ཀྱིས་བསྐོས།།
རྣམ་པར་འགྱུར་བའི་སྣང་བརྙན་རྟེན་འབྲེལ་སྒོ།།
ཕྱིས་འདིར་དྲན་པའི་ཡིད་ཀྱི་མེ་ལོང་གསལ།།

སྐྱེ་ཀུན་སྨོན་པས་འབྲེལ་བ་རྫོགས་ཆེན་པའི།།
ཆོས་སྲིད་བ་དན་བསྒྲེངས་བའི་གཡར་དམ་ཆེར།།
ཟུངས་ཁྲག་དྲོན་མོས་སྦགས་པའི་ཤུལ་རྗེས་དང་།།
ངལ་བརྒྱའི་ཚོར་བའི་མྱོང་བ་ཡང་འདིར་མངོན།།

དཔོག་དཀའི་མ་འོངས་གསར་པའི་མདུན་ལྗོངས་དང་།།
བརྒལ་དཀའི་འདས་དོན་ལ་ལུང་རི་མོའི་འགྲོས།།
ཧ་ཅང་ཞུམ་པ་མིན་པའི་ཆོད་སེམས་བཅས།།
སྣ་ཚོགས་ལྐོག་གྱུར་ཆོས་ཀྱང་འདི་ལས་འབྱེད།།

ཡུན་ཐུང་མི་ཚེའི་ཉི་མ་གློག་གི་ཕྲེང་།།
སྐད་ཅིག་མི་བརྟན་འགྱུར་བའི་གྱ་གྱུ་མང་།།
དེས་ཀྱང་མཚོན་པ་མིན་པའི་ལྷག་བསམ་ཟླ།།
ཆ་ཡིས་གཞལ་དཀའི་ཕན་བདེའི་ག་བུར་སྟུག།

གང་ཞིག་མཐོང་ཐོས་གཏམ་གྱིས་གླེང་བ་དང་།།
ཡིད་ལ་བྱེད་དམ་གཟུགས་བརྙན་ཙམ་གྱིས་ཀྱང་།།
སྐྱེ་བའི་མཐའ་མ་རྙེད་བགྱིད་མཐའ་ཡས་པའི།།
འགྲོ་ཚོགས་སྒྲོལ་བའི་ཉེར་འཚོར་བདག་འགྱུར་ཤོག།

                      ཅེས་པའང་རང་ཉིད་ཀྱི་འདྲ་པར་ཞིག་གི་རྒྱབ་ལོགས་སུ་བྲིས་པའོ།།

                      ཚངས་སྤྱོད་དགེ་སྦྱོང་གཞོན་ནུའི་ངང་ཚུལ།

སྲིད་འདིར་ཆེ་བ་ཚངས་དབང་ལྷ་ཡི་བདེ་འབྱོར་དག་ཀྱང་གཅིག་ཏུ་བརྟན་མིན་གཡོ་ཞིང་འགྱུར་བའི་འདུས་བྱས་ཀྱི།།
རང་མཚང་ཉིད་ལས་སྐྱོ་བས་ཡིད་དབྱུང་ཞི་བསིལ་དམ་ཆོས་ལེགས་གསུང་བཀའ་དང་དགོངས་འགྲེལ་དོན་གྱི་སྙིང་པོའི་བཅུད།།
ངེས་འབྱུང་ལམ་གྱི་སྲོག་ཏུ་འཛིན་མཁས་རྣམ་དག་ཁྲིམས་ཀྱི་བརྟུལ་ཞུགས་ལ་གནས་དྲང་སྲོང་རྗེས་ཞུགས་གང་ཟག་ཆེ།།
འཕྲལ་ཡུན་དགེ་བའི་གཏན་ལེགས་འདུན་མ་དོན་གཉིས་འབྲས་ལྡན་ཐར་དང་ཐམས་ཅད་མཁྱེན་པ་མཆོག་ལ་རིངས་བར་ཕྱོགས།།

ཆགས་སོགས་ཉོན་མོངས་དུག་ཅན་ཚེར་མའི་ཚལ།།
ཞི་བར་མ་གྱུར་དེ་སྲིད་སྡུག་བསྔལ་གྱི།།
ཟུག་རྔུར་བཅས་ཕྱིར་ཆོས་འདུལ་པདྨའི་མཚོར།།
ཞུགས་པའི་སྐྱེས་བུ་ངང་པའི་དེད་དཔོན་བཞིན།།

གསེར་མདོག་བཙོད་དང་གུར་གུམ་མདངས་འཛིན་སྟོན་པས་གནང་བའི་རྣམ་གསུམ་ངུར་སྨྲིག་རྒྱལ་མཚན་མཛེས་པས་ཡོངས་སྤྲས་ཤིང་།།
དྲན་དང་ཤེས་བཞིན་བག་ཡོད་དང་བཅས་སྤྱོད་ལམ་གཙང་ལྡན་འཁྲིལ་བག་ཆགས་པའི་གོམ་སྟབས་དལ་བུས་ས་ཆེན་གནོན།།
བཅུ་གཉིས་སྦྱང་བའི་ཡོན་ཏན་ལ་གནས་ཉིས་བརྒྱ་ལྔ་བཅུའི་ཁྲིམས་ལས་མི་འདའ་དམ་པའི་ཚུལ་དགུའི་བདག་ཉིད་ཅན།།
ཤཱཀྱའི་རྗེས་ཞུགས་ཐུབ་པའི་བསྟན་འཛིན་ས་གསུམ་འགྲོ་བའི་གཙུག་གིས་བཏུད་པའི་ཚོགས་གཉིས་དཔལ་གྱི་ཞིང་སར་བརྗིད།།

འཇིག་རྟེན་རིན་ཆེན་སྤུངས་པས་སྒྱུ་མའི་ལུས།།
བརྒྱན་པའི་བློ་ཆུང་བྱིས་པ་མང་མཐོང་ཡང་།།
བསླབ་གསུམ་ནོར་བུའི་རྒྱན་གྱིས་ཡོངས་སྤུད་པའི།།
ཕུལ་བྱུང་སྡེ་སྣོད་འཛིན་པ་བརྒྱ་ལམ་ཙམ།།

དཀར་གསལ་ཟླ་བ་ཀུན་ནས་རྒྱས་འདྲའི་ཞལ་གྱི་དཀྱིལ་འཁོར་གནག་སྣུམ་དབུ་སྐྲའི་ལན་ཚར་གཡོ་མིན་དབུ་ཟླུམ་མཛེས།།
ཁྲ་ཟིལ་ཐོ་རངས་སྐར་ཆེན་འཛུམ་ལྟའི་སྤྱན་ཟུང་འདོད་ཡོན་གཟུགས་ལ་གཡེང་མིན་དམའ་བའི་ས་ལ་མཉམ་པར་གཟིགས།།
ལྷ་ཡི་རྔར་མཚུངས་ཚངས་དབྱངས་གསུང་ནི་ཅ་ཅོའི་ངག་དང་ནམ་ཡང་མཛའ་མིན་དབྱངས་སྙན་དམ་པའི་ཆོས་སུ་སྒྲོག།
མཆོག་ཏུ་མི་གཡོ་མཁའ་འདྲའི་ཐུགས་ཀྱང་ཀུན་ཉོན་རླུང་གིས་རྟག་ཏུ་མི་རྫི་བྱང་ཆུབ་སེམས་དང་ཏིང་འཛིན་བརྟན།།

ཉི་ཟླ་བྱེ་བའི་དཔལ་གྱིས་མཚོན་མིན་ཞིང་།།
གཏེར་དང་ནོར་བུའི་མཛོད་ཀྱིས་བསྒྲུན་མིན་པའི།།
ཞི་དུལ་ལྟ་ན་སྡུག་པའི་གཟུགས་འཆང་བ།།
འཕགས་ནོར་བདུན་གྱིས་མཛེས་བྱས་སྲིད་འདིར་རྨད།།

ཟོག་པོ་ཁྲམ་རྐྱལ་གཡོ་སྒྱུའི་མཁན་པོ་འཇིག་རྟེན་བསླུ་བྱེད་གྲུབ་གཏེར་རྫུན་མའི་ལྟར་སྣང་མིག་གི་བསྐྱེད་རིམ་དང་།།
ཕྱོགས་རེར་ཞེན་པའི་ལྟ་གྲུབ་ཁ་འཛིན་ཆོས་བརྒྱད་ལྷུར་ལེན་ཆགས་སྡང་དྲག་པོའི་ཀུན་དཀྲིས་ཅན་གྱི་བཙུན་པའི་གཟུགས།།
གནས་སྐབས་གཞན་དང་མཐར་ཐུག་རང་བསླུའི་བསྟན་སེལ་ཆོམ་པོ་བདུད་ཀྱི་བཤེས་གཉེན་ལོག་འཚོས་བརྒྱགས་པའི་གཟི་མདངས་ཅན།།
སྙིགས་མའི་རང་མཚང་ཕྱི་རུ་ཤར་བའི་ལྟས་དག་མཐོང་ནས་དང་བའི་སེམས་པ་ཚངས་སྤྱོད་དུལ་བ་ཁྱེད་ལ་ཤོར།།

གང་གཱའི་ཀླུང་གི་རྡུལ་མཉམ་བསྐལ་པ་རུ།།
རྒྱལ་དང་སྲས་རྣམས་བསྙེན་པའི་དགེ་ལས་ཀྱང་།།
བདེ་གཤེགས་བསྟན་ལ་བསླབ་པ་གཅིག་འཛིན་པའི།།
བསོད་ནམས་དུས་འདིར་འཕགས་ཞེས་རྒྱལ་བས་གསུངས།།

དེ་སླད་ཐུབ་པ་མཆོག་གི་བསྟན་པ་ཕྱི་ཡི་མཁར་དང་མངའ་ཐང་གིས་མིན་འདུ་འཛིའི་འཁོར་གྱིས་དེ་བས་མིན།།
ནང་དུ་འདིར་སྣང་བདེ་ལ་ཞེན་པའི་སྟོབས་འབྱོར་གྱིས་མིན་ཆེ་དགུས་འདུད་པའི་སྙན་གྲགས་བཀུར་སྟིའི་ལ་རྒྱས་མིན།།
ཚུལ་གནས་ཐོས་དང་བསམ་སྒོམ་སྟོབས་ཀྱི་ཤེས་རབ་ཆེ་དང་གཞན་ཕན་དག་པས་དེ་ལ་རི་མོར་བགྱིད་པའི་ཕྱིར།།
ཚངས་སྤྱོད་དགེ་སྦྱོང་གཞོན་ནུའི་གཟུགས་བརྙན་ཡི་གེའི་ལམ་ནས་རི་མོར་བྲིས་འདིས་དེར་མོས་ཀུན་ཀྱང་དེ་འདྲར་ཤོག།

                           ཅེས་ཤར་མི་ཉག་པ་ཉན་ཤུལ་མཁན་པོ་མདོ་སྡེ་མཆོག་གི་ངོར་དུས་དེབ་ཅིག་གི་དགོས་མཁོར་༡༩༨༨ལོར་རྫོགས་ཆེན་ནས་པདྨའི་མིང་ཅན་དེས་བྲིས།།


རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། རྫོགས་ཆེན་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།