གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གང་ཤར་སྣང་བའི་མགུར་མ་བདུན་ཚིགས།

2019-03-27 17:38:42 འབྲོག་བུ་དཀོམ་བཀྲ ཀློག་གྲངས། མཆན ཡོད།

 

                                          ལམ་གླུ་འགྱུར་ཁུགས་དྲུག་ལྡན། 

ངའི་ཡ་ཆུང་སེམས་པའི་གུར་ཁང་ན། །
ཤིང་ཙན་དན་ནགས་ཀྱི་སྡོང་པོ་ཡོད། །
དེའི་རྩེ་ན་ཁུ་བྱུག་ཆ་གཅིག་ཡོད། །
བྱ་ནངས་མོ་འཕུར་ཡང་ཕྱི་དྲོ་འབབ། །
ཉིན་གཅིག་ལ་ལྡིང་སྐོར་ལན་གསུམ་རྒྱག །
བྱ་འདི་འདྲ་འཁོར་བ་བསོད་ནམས་རེད། །

ངའི་ན་ཆུང་བྱིས་པའི་བློ་ངོ་ན། །
ཁྱིམ་སྐྱིད་པོ་ཕ་འཛོམས་མ་འཛོམས་ཡིན། །
སྤུན་མིང་སྲིང་ལག་རྡང་སུམ་སྦྲེལ་ཡིན། །
གཡང་ས་དཀར་སྒྱེད་པུའི་མེ་འོད་ལ། །
སྐྱིད་ཕྱེ་ལེབ་དམར་པོ་འཕུར་ལྡིང་རྒྱག །
ཁྱིམ་འདི་འདྲར་སྐྱེས་པ་བདེ་སྐྱིད་རེད། །

ང་གཞོན་ཆུང་དར་མའི་ནམ་མཁའ་ལ། །
ལས་སྐྱིད་སྡུག་ཡག་ཉེས་གངས་མ་ཆར།
ཞལ་འཛུམ་ཆུང་དཀར་ནག་ཉེ་མ་རིང་། །
ནངས་སྔ་མོ་འཛོམས་ཀྱང་ཕྱི་དྲོ་གྱེས། །
ཚེ་གཅིག་ནི་མཚན་གྱི་རྨི་ལམ་བཞིན། །
རྟབ་ཅིག་ལ་འགྱུར་ལྡོག་རྒོད་པ་ལ། །

                                           ལུག་རྫིའི་རྒྱང་འབོད།

དུས་ཚོད་རིང་པོ་མི་འདུག །
མི་ཚེའི་ཕྱེད་ཀ་ཚར་ཐལ། །
སྒུག་པའི་ཁོམ་ལོང་མི་འདུག །
ཉི་མ་སྲོད་ལ་བབས་ཐལ། །
ཁྱོད་ཡོང་གི་ཨེ་ཡོད། ངའི་ན་ཆུང་མ་།
ན་གཞུང་མེ་ཏོག་རྙིད་པ། །
ཁྱོད་ཀྱིས་ཚོར་བ་ཨེ་བྱུང་། །
ལུག་རྫིའི་ཕྱིང་ལྭ་རལ་བ། །
ཁྱོད་ཀྱིས་ཐོས་པ་ཨེ་བྱུང་། །

འདུག་རོགས་གྲོགས་པོ་མི་འདུག །
ཁྱིམ་མཚེས་རྒྱ་འཁོར་བྱས་ཐལ། །
འདུག་རྒྱུའི་ཆོད་སེམས་མི་འདུག །
སྤང་ལྗོངས་བྱེ་མར་གྱུར་ཐལ། །
ཁྱོད་ཡོང་ཀི་ཨེ་ཡོད། ངའི་ན་ཆུང་མ།
འབྲོག་ལ་ཁངས་ཆག་ལྷུང་བ། །
ཁྱོད་ཀྱིས་ཐོས་པ་ཨེ་བྱུང་། །
ལུག་རྫིའི་ཁ་མིག་ཕྱིད་པ། །
ཁྱོད་ཀྱིས་ཚོར་བ་ཨེ་བྱུང་། །

                                          དྲན་པའི་བར་ཐག

གཟས་ནས་བྲིས་པ་མིན་པའི། །
ལྷུན་གྱིས་གྲུབ་པ་ཡིན་པའི། །
ཆུང་འདྲིས་ལགས་ཀྱི་མིག་དེ། །
བྱང་སྐར་འོད་ཆེན་འདྲ་སོང་། །
ཞག་རེ་མ་ཉལ་གོང་ལ། །
ལན་རེར་ལྟ་དགོས་བྱུང་སོང་། །
བྱང་སྐར་ཁ་ཐག་རིང་ཡང་། །
མཇལ་ཡོང་ཁ་ཆད་བཞེས་སོང་། །

བསམ་བཞིན་ཉོས་པ་མིན་པའི། །
རྟ་ཁྱུར་སྐྱེས་པ་ཡིན་པའི། །
རྟ་ཕོ་སེར་བྱ་ངང་བ། །
རྟ་མིག་སྲན་མ་ནག་ཆུང་། །
ནངས་རེ་ཡར་ལ་ལངས་དུས། །
ལན་རེར་འབོད་དགོས་ཐུག་བྱུང་། །
རྟ་ཕོ་ཁ་ཐག་རིང་ཡང་། །
འཚེར་སྐད་རྣ་ལ་འཁོར་ཡོང་། །

འདོད་ནས་བཙགས་པ་མིན་པའི། །
གདོད་ནས་བསྙལ་བ་ཡིན་པའི། །
རང་བྱུང་ནས་ཆང་དཀར་པོ།
ཆང་རྩི་ཁ་ལ་མངར་བ། །
དགོང་རེ་ལན་རེ་འཐུང་དུས། །
བྲོ་བ་གཏིང་ནས་ཚོར་ཡོང་། །
ཆང་མ་ལས་བྲེལ་ཆེ་ཡང་། །
བཟི་རོགས་ཡིན་འགྲོ་གསུང་བྱུང་། །

                                            དྲིན་གཟོའི་མགུར་མ།

ཕྱི་གངས་ཀྱི་ལྕགས་རིས་བསྐོར་བ་ཉམས་རེ་དགའ། །
ནང་གཡུ་ཡི་མཚོ་མོ་ལྟེམས་པ་བློ་རེ་བདེ། །
སྔོན་ལོ་ཡི་འཁོར་མོ་སྟོང་གི་གོང་རོལ་ནས། །
ཐབས་ཞི་དྲག་འཛོམས་པའི་སྤུར་རྒྱལ་མེས་དབོན་གྱིས། །
དཔལ་ལྷ་སའི་དམར་པོ་རི་ལ་ཕོ་བྲང་བཞེངས། །
དྲིན་ཡིད་ལ་དྲན་ཞིང་དྲན་ཞིང་སྤོབས་པ་སྐྱེ། །

གནམ་སྔོན་པོ་གཙང་ཞིང་དྲི་མས་གོས་པ་མེད། །
ས་དོག་མོ་ཡངས་ཤིང་ཕུན་ཚོགས་ནོར་གྱིས་གཏམས། །
སྔོན་ལོ་ཡི་འཁོར་མོ་སྟོང་གི་གོང་རོལ་ནས། །
སྙིང་རུས་པ་སྲ་བའི་མགོ་ནག་བོད་པ་ཚོས། །
ས་འདི་ལ་དམར་ཆུང་སྲོག་གི་འདང་ཞིག་བཞག །
དོན་ཡིད་ལ་དྲན་ཞིང་དྲན་ཞིང་མཆི་མ་འཆོར། །

ཆོས་ལུང་རྟོགས་དར་ཞིང་འཆད་ཉན་ཆུ་བོ་རྒྱས། །
གནས་གཙུག་ལག་སྤེལ་ཞིང་བློ་ཡི་རྨོངས་པ་བསངས། །
སྔོན་ལོ་ཡི་འཁོར་མོ་སྟོང་གི་གོང་རོལ་ནས། །
བློ་མཁྱེན་དཔྱོད་ཡངས་པའི་ཚད་མའི་སྐྱེ་བོ་ཚོས། །
བཀའི་བསྟན་བཅོས་བསྒྱུར་ཅིང་བླང་དོར་ལེགས་ཉེས་ཕྱེས། །
དྲིན་ཡིད་ལ་དྲན་ཞིང་དྲན་ཞིང་མོས་གུས་སྐྱེ། །

                                          ཞེད་སྣང་མི་འདུག

འཇིག་རྟེན་འཁྱག་ཅིང་འཁྱགས་པ། །
ཁ་ཆར་འཐབ་པའི་གནས་རེད། །
ཁ་ཆར་འཐབ་པའི་གནས་ན། །
ཁྱོད་རང་ཡོད་པ་དྲན་ན། །
ང་ལ་ཞེད་སྣང་མི་འདུག
སེམས་ལ་དྲོད་སྣང་འཁྱིལ་ཡོང་། །

འཁོར་བ་སྐྱོ་ཞིང་སྐྱོ་བ། །
སྒྱུ་མའི་ཁབ་ཀྱི་རྩེ་རེད། །
སྒྱུ་མའི་ཁབ་ཀྱི་རྩེ་ན། །
ཁྱོད་རང་བྲེལ་བ་མཐོང་ན། །
ང་ལ་ཞེད་སྣང་མི་འདུག །
ལས་ཀྱི་གནས་མལ་རྙེད་ཡོང་། །

སྲང་ལམ་དོག་ཅིང་དོག་པ། །
རྫུན་དང་ཕྲ་མའི་ལམ་རེད། །
རྫུན་དང་ཕྲ་མའི་ལམ་ན། །
ཁྱོད་རང་ངལ་བ་བསམ་ན། །
ང་ལ་ཞེད་སྣང་མི་འདུག །
སྐྱིད་སྡུག་དཔུང་བ་གཤིབ་ཡོང་། །

                                         འཚོལ་བ།

སྔོ་ལྗང་གཡུ་ལོ་ཡི་ཚལ་ལ། །
མཐིང་སྨུག་སྦྲ་ཆུང་ཞིག་ཕུབ་སྟེ། །
སྒྲུང་ཡིག་དབྱངས་རྟ་ལ་འདྲེན་པའི། །
འབྲོག་པའི་ཁྱིམ་ཚང་དེ་གང་ན། །

དགོང་ཀའི་ཉི་ནུབ་ཀྱི་དུས་སུ། །
སྟོང་ལུག་རུ་མཐའ་ལ་བསྐོར་ཏེ། །
མདོ་གདུགས་ཆག་མེད་དུ་འདོན་པའི། །
ལུག་རྫི་རྒད་པོ་དེ་གང་ན། །

དབྱར་གཞུང་ན་སྤང་གི་མཚམས་ན། །
རྩེད་ར་ས་རྡོ་ཡིས་བརྩིགས་ཤིང་། །
མགོ་ཞྭ་མེ་ཏོག་གིས་བསླེས་པའི། །
བྱིས་པ་རྐང་རྗེན་དེ་གང་ན། །

བཞོ་ཟུང་ཟངས་དཀར་གྱི་མེ་ལོང་། །
བཞོ་ཟེའུ་ཤིག་དམར་གྱི་ཟོ་བ། །
ཕྱག་ཟུང་འོ་མ་ཡིས་བསྒྲེས་པའི། །
ཨ་ཅེ་འབྲོག་མོ་དེ་གང་ན། །

                                           ཡིད་ཆད་དངན་པ་དགུ་སྐོར།

འཇིག་རྟེན་འཇིག་ན་འཇིག་ཆོག །
ང་ཚོ་མཉམ་དུ་འཇིག་ཆོག །
འཁོར་བ་རྡུག་ཆག་འདི་ཡིས། །
ང་ཚོ་སྡུག་ལ་གཏད་སོང་། །

ཐོག་མའི་བརྩེ་དུང་བོར་སོང་། །
ཐ་མའི་ཁ་ཆད་བརྗེད་སོང་། །
ཡིད་ཀྱི་སྤང་ལ་བཀྲམས་པའི། །
གཡང་དཀར་ལུག་ཁྱུ་བོར་སོང་། །

ཡིད་གཞུང་ཤེལ་དཀར་བུམ་པ། །
རྣམ་རྟོག་རླུང་གིས་གཡོས་སོང་། །
སེམས་འགྱུ་ཐང་དཀར་རྒོད་པོས། །
ལ་དང་ལུང་པ་བརྒྱབ་སོང་། །

ཀླུ་རྒྱབ་རྫོང་ཁང་ནང་ན། །
དགོས་པའི་མི་དེ་མི་འདུག །
མི་དགོས་རྒྱ་ཧོར་འདྲེས་མ། །
འཚང་ཀ་རྒྱག་གིན་མངོན་ཡོང་། །

འོ་མ་རྫུན་མས་བསྐོལ་བའི། །
བར་སྐོར་དཀྲུག་ཇ་འཐུང་དུས། །
རང་ཡུལ་ལུང་པའི་ཆུ་འཁྱག །
དེ་ལས་ཞིམ་སྣང་ཆེ་བ། །

གཡུ་བྱུར་ཚོང་ཁྲོམ་ཆེ་ཡང་། །
དགོས་པའི་གཟུ་དེ་མ་རྙེད། །
གཟུ་རྫུན་ཕྲེང་བ་ཁྲ་ཤེལ། །
ལག་མགོར་དཀྲི་འདོད་མ་བྱུང་། །

རྩོམ་སྒྲིག་པ། ལྷ་སྐྱིད།

  (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།