ཇོ་བོ་སེངྒེའི་རྟོག་སྒྲུང་དགའ་འཁྱིལ་བཀྲ་ཤིས་སྙེ་མའི་ཞལ་ཐང་རིང་མོ་མ།

ཆོས་འབྱོར་རྒྱ་མཚོ།(དཔལ་སྤུངས) 琼迈文学网 2025-12-05
སྒྱུ་མའི་ཐང་སྟོང་སྣང་སྟོང་མ་གྲུབ་གཤིས།།
མི་བདེན་སྒྱུ་མའི་འཕྲུལ་རྩེན་མ་མཐོང་བའི།།
བདག་འདྲ་བློ་ངན་རྟོག་འགྱུ་མཆིས་པའི་སྡེ།། 
རྣ་བའི་མཛེས་མ་འདི་རུ་བློགས་ནས་གསོན།།

དེ་ཡང་སྲིད་པ་གངས་རིའི་མཐོངས་ཀ་ལས།། 
གཟི་བྱིན་ཉི་ཟླའི་དཀྱིལ་འཁོར་བཀྲ་བའི་མོད།། 
མུན་པའི་བསྐལ་བ་ཅིག་ཆར་འཇོམས་དང་ཆར།།
མི་མཇེད་དག་ཞིང་དགའ་འཁྱིལ་འདི་གྲུབ་སྐད།།

བསྐལ་བ་དུ་མའི་འཕེལ་འགྲིབ་ཨ་ལོང་ལས།།
སྐྱིད་རེས་སྡུག་རེས་མ་ངེས་ཆུ་ལྡན་གར།།
སྐྱེ་ཤི་ནམ་མཁའི་ངོགས་སུ་རི་མོ་བཞིན།། 
འཕྲལ་དང་འཕྲལ་དུ་འགྱུ་ཞིང་འགྱུར་བཞིན་ངོམ།།

སྤྲིན་གྱི་འདུ་འགོད་དེངས་བའི་རི་མོ་བཞིན།། 
ཕྱི་རབས་རྐང་གཉིས་ཁྱུ་ཡི་མིག་ལ་མཛེས།། 
སྲིད་པ་གངས་ཀྱི་རི་བོ་ཚར་དངར་བའི།། 
བསིལ་ལྡན་སྨན་གྱི་ཤིང་སྣ་འཁྲིལ་བའི་གནས།། 

གནས་མཆོག་ཡིད་འོང་དྲི་གཞོན་འཕུར་བ་རུ།། 
མཐུན་འཇུག་གྲགས་པ་དཀར་པོའི་གླུ་འདི་ཐོས།། 
སྔོན་ཚེ་ཡུལ་ཕྱོགས་བཀྲ་ཤིས་ཟླ་ཕྱེད་ཞེས།། 
སྟོད་ལ་རྫ་བྲག་དབུ་རྩེ་གངས་དཀར་གདེངས།། 

གངས་དཀར་བུ་མོའི་བྲང་གི་མྱོས་བུམ་ལས།།
གཅེས་དགུའི་སྲོག་དབྱུང་སྲོག་གི་རྒྱུན་འབྱུང་བའི།། 
ལྷ་ཆབ་བདུད་རྩི་སེངྒེའི་ཁ་ཆུ་ཡིས།། 
གསོས་པའི་ལྷ་གཅིག་མེ་ན་ཀ་བཞིན་མ།། 

གང་གི་སྙིང་དབུས་པདྨའི་གེ་སར་ལ།།
སྦུབས་སུ་དོག་ལྡན་བརྩེ་དགའ་རབ་ཏུ་དོག།  
ངོ་མཚར་རེ་ཁ་བཀྲ་ཤིས་རྣམ་བཀྲ་བའི།། 
དེ་ཀོ་རང་བྱུང་སྐུ་མཆོག་ཕྱམ་མེ་ལ།། 

ཉམས་དགའི་དཔལ་འཁྱིལ་གཟུགས་བོངས་ཡན་ལག་ཀུན།།
མཐོང་བའི་མོད་ལ་ལྟ་ན་སྡུག་པར་བཀྲ།།  
བཙན་ཕྱུག་འཕན་གསུམ་སྟོབས་འབྱོར་རྫོགས་པའི་གཞིས།། 
དེ་ལ་དབང་བསྒྱུར་གཡུ་རྒྱལ་དོན་འགྲུབ་པའི།།

སྙིང་དང་མིག་གཉིས་ཇི་བཞིན་གཅེས་དགུ་ཅན།། 
གསང་བའི་མཛའ་མོ་མཚོ་བྱུང་དྷུ་མ་མཆོག།
ཕུལ་བྱུང་ཡོན་ཏན་དཀྱིལ་འཁོར་རྫོགས་ལྡན་མ།། 
གང་གི་ལྷུམས་ལས་གཏེར་དུ་འཁྲུངས་བ་ཅན།།

ཀུན་གྲགས་སྒྲ་ཡི་རི་མོར་སྒྲོལ་མ་ཞེས།། 
འབོད་པ་འདི་ཀོས་སྙན་གྱི་བུ་ཡང་སྐྱོམ།།  
བརྗིད་ལྡན་ཕོ་བྲང་ཀ་ཆེན་གདུང་ལྕམ་ཁང་།། 
ཁང་བཟང་རྨད་བྱུང་བཀྲ་ཤིས་འཁྱིལ་བ་ཅན།། 

ནང་དུ་གསེར་དངུལ་ར་གན་རིན་ཆེན་མཛོད།། 
ཕྱི་ལ་རྟ་དྲེལ་མཛོ་གསུམ་ནོར་གྱིས་ཕྱུགས།།
ཁྱོན་ཡངས་འབྲུ་རིགས་སྨིན་པའི་ཞིང་ས་ལ།། 
གྲོ་འབྲས་ལོ་ཏོག་འབྲུ་རིགས་སྣ་ཚོགས་དུད།། 

སྟོན་དུས་ཞིང་བདག་མཛོད་ཁང་འབྲུ་རིགས་འཁྱིལ།། 
སྟག་གཟིག་ལྤགས་པ་དགུ་མཚན་དུ་མ་དང་།། 
བྱུ་རུ་མུ་ཏིག་པདྨ་ར་ག་དང་།། 
གཟི་མཆོང་རིན་ཆེན་མཛོད་དུ་སྤུངས་སེ་བསྟར།། 

འཁོར་གཡོག་ལག་དོ་མང་དུ་མཆིས་པ་དང་།། 
ལག་ཤེས་ཀུན་ཤེས་གསེར་དངུལ་ལྕགས་ཟངས་ལས།། 
འདོད་པའི་རི་མོ་ཅི་འདོད་འབྲི་ནུས་པའི།། 
འཁོར་གཡོག་ཕོ་མོ་ཉི་ཤུའི་གྲངས་ལྡན་ལས།།

ལག་ཤེས་ཀུན་ཤེས་སྟོབས་ལྡན་ཡེ་ཤེས་ཐོས།། 
དེ་ལ་འཇིག་རྟེན་སྲིད་ཆགས་འཁོར་བའི་ཚང་།། 
སྙིང་སྡུག་མཛངས་མ་ཡིད་ཀྱི་ཐིག་ལེ་ཅན།། 
ཟླ་བོར་རབ་དུངས་བློ་དཀར་རྣམ་བཀྲ་ལ།།  

རེ་ཞིག་དུས་ཀྱི་ཆ་ཀུན་རྫོགས་གྱུར་ཏེ།། 
ཏེ་བོར་བུ་འབྱུང་བརྡ་ཡི་རྒྱང་གླུ་དེས།། 
ཁོལ་པོའི་ལས་བཞག་ཆུང་མའི་དྲུང་འཁོད་དེ།།
ལྷུམས་མཆོག་སྙིམ་ལས་གེ་སར་བཞད་པ་འཛུམ།།

འཁོར་ལོ་དྲུག་ལྡན་གེ་སར་ཁྲི་གསོལ་ཞིང་།། 
དཔག་ཡས་ཁྱོན་དུ་དགའ་བའི་གླུ་བླངས་ཏེ།། 
ཡུལ་ཕྱོགས་ཡུག་ཅིག་ངོ་མཚར་དང་བཅས་ཏེ།། 
སྐད་ཅིག་ངང་ལ་ལྟད་མོ་ལྟ་རུ་འུབ།། 

འཇིག་རྟེན་ཁྱོ་ཤུག་སེམས་གཅིག་ཡིན་ནམ་ཅི།། 
ལུས་ལས་བཙས་པའི་ཁྱེའུ་ཆུང་ངུ་ལ།། 
ནེའུ་ལྡིངས་ཞེས་བོས་དགའ་བའི་རྣམ་འགྱུར་སྟོང་།། 
ཆོ་ག་འདི་ཀོ་རང་རང་ཕ་མར་ཆུང་།།

ཆུང་ངུའི་ལང་ཚོ་རིམ་བཞིན་དར་བའི་མོད།། 
ལོ་བརྒྱད་ཆུང་ངུའི་དུས་སུ་མཚན་གསོལ་ཞིང་།། 
དྲི་མེད་རྒྱལ་བ་ཞེས་པའི་འབོད་པའི་སྒྲ།། 
ཁོ་ར་ཁོར་ཡུག་ཀུན་ཏུ་སྙན་པར་འགྱུ།། 

སྒྱུ་རྩལ་ཡོན་ཏན་གཙུག་ལག་རིག་པའི་གཞུང་།། 
མ་ལུས་ཐམས་ཅད་ལྷག་ཆད་བྲལ་བའི་ངང་།།  
ལག་ཤེས་རི་མོར་མཁས་ཤིང་མཁས་གྱུར་ཏེ།། 
ཕ་ལས་བུ་མཆོག་ཞེས་པའི་མཆིད་ཀྱང་གཡོ།།  

གཙུག་ལག་ལག་ཤེས་རི་མོ་འཛིན་པ་ལ།། 
དཔྱིས་ཕྱིན་ཕུལ་བྱུང་མཁས་ཤིང་དབང་འབྱོར་བའི།། 
ཕ་ཇོའི་སྙིང་ལ་མཁས་གྲུབ་དམ་པའི་སྡེ།། 
ཆེ་རྟགས་རྣམ་ཐར་གཟུགས་བརྙན་རེ་ཁ་བཞིན།།

སྔོན་ཚེ་གཙུག་ལག་རིག་པའི་ཡོན་ཏན་ལ།། 
སློབ་པར་བསྟན་པའི་ཡོངས་འཛིན་དགེ་སྦྱོང་དང་།། 
སྤྱི་གཙུག་རྒྱན་ལ་ཐོར་ཅོག་བཏེགས་པ་ཡི།། 
འཇམ་དབྱངས་བླ་མའི་རྣམ་ཐར་མིག་གི་སྨན།།  

མིག་མཐའི་ཁ་ཆུ་ཕྲོམ་ཕྲོམ་འཕྱུར་བའི་མོད།། 
ཡིད་ཀྱི་ནམ་མཁའ་བློང་བློང་གྱུར་དང་ལྷན།། 
བུ་འདི་མཁས་གྲུབ་དམ་པའི་རྣམ་ཐར་མཆོག། 
འཛིན་པའི་ཆོ་གར་དབང་བསྐུར་ཡིད་འདི་བརྟས།།

སྐྱེ་སྔོན་ཤིང་རྟ་རི་མོ་གསལ་མི་གསལ།། 
ཡིད་དཔྱོད་རྟོག་པའི་ཡུལ་ལ་མི་དཔོག་ཅིང་།།   
ངུར་སྨྲིག་དགེ་ལེགས་དམར་སེར་འདུ་བའི་དབུས།། 
སྐྲ་བྲེག་མཚར་སྡུག་ཕྱམ་མེར་བཞུགས་སུ་གསོལ།།  

དེའི་ཚེ་ལྷན་སྐྱེས་སྒེག་ལྡན་སྨན་ཆུང་མ།། 
སྟོབས་ལྡན་འབྱོར་བས་ཡུལ་ལ་ངོམ་བྱས་པའི།། 
གཡུ་རུས་ཆར་འཁྲུངས་དྭངས་སྨན་སྒྲོལ་མའི་སྤྱན།། 
མི་སྡོད་རྐང་དྲུག་གེ་སར་འཐུང་ལ་བྲེལ།། 

ལྷུན་གྲུབ་གཞས་ཡས་ཁང་བཟང་ཡིད་འོང་མཁར།། 
ཆོས་རྔ་གཎྜི་རྡུང་བའི་སྒྲ་དབྱངས་ལས།། 
བཅུ་དྲུག་སྐུ་དཔལ་རྫོགས་པ་བཙུན་པའི་སྡེ།། 
གཅིག་རྗེས་གཅིག་བྱོན་ཆོས་གླུ་མགྲིན་ལས་སྦྲེང་།། 

གཙུག་ལག་བརྡ་སྤྲོད་རིག་པའི་སྐད་བརྡ་ནས།། 
ཆེ་མཆོག་གསང་བ་ཆེན་མོའི་དཀྱིལ་འཁོར་ཀུན།། 
སྡུག་འབད་ཆོ་ག་དུ་མས་བརྩོན་བགྱིས་ཏེ།། 
མདོ་སྔགས་ཀུན་མཁྱེན་རབ་འབྱམས་སྙན་པ་འཕུར།། 

ཕ་ཡིས་གཏམ་ཐོས་མ་ཡང་དེ་བཞིན་དཔེར།། 
དགའ་བའི་སྟངས་ཀ་དཔེ་རུ་མི་དམིགས་པ།། 
དུས་ཚེ་འཕྲལ་དུ་བང་ཆེན་བྱ་མ་རྟ།། 
བཤོལ་མེད་ཆས་ལྟར་བུ་ལ་མཇལ་དུ་བརྟབ།། 

རེ་ཞིག་དུས་དང་བསྐལ་བའི་བཀོད་པའི་དབང་།། 
རྙིང་ཆོས་སྲིད་པའི་ལུགས་སྲོལ་འགྱུར་དང་བཅས།། 
གསར་བྱུང་སྒྱུ་མའི་ཆོ་འཕྲུལ་ཤར་བའི་མོད།།
རང་རང་གདམ་གསེས་འདི་ཞེས་སྨྲ་མི་ནུས།། 

མཚུངས་མེད་གཙུག་ལག་གཞུང་གི་ཤེས་བྱ་ལ།། 
ཐོགས་མེད་མཁྱེན་དཔྱོད་རྫོགས་པའི་སྤྱན་མངའ་བ།།
གང་ཁྱོད་ཆུང་ངུའི་དུས་ནས་རི་ཁྲོད་དུ།།
གཉུག་མའི་བཙན་སར་གནས་པ་ཅང་བདེན་ནམ།། 

སྐྱ་རེངས་རྟ་ཕོ་ཀུན་ནས་འབྱམས་པའི་དུས།། 
ཟུག་མེད་བདེ་ལྡན་མི་རྟག་གཡར་པོའི་ལུས།། 
རྐྱེན་ཆུང་དབང་ཤོར་འཕྲལ་དུ་ན་ཟུག་སྒྲ།། 
ངུ་ཅོ་ཆོ་ངེའི་གདུང་གཏམ་ཀུ་ཅོ་འུར།།  

རབ་དཀར་འཁྲི་ཤིང་མཛེས་མའི་དཔུང་པ་དང་།། 
ཐིག་ལེའི་བཅུད་འདོམས་ལྟེ་བའི་རི་མོ་རུ།། 
དེ་བཞིན་རྫི་མ་དོག་པའི་སྤྱན་དཀྱུས་ཀུན།། 
མི་བཟོད་གཟེར་ཆེན་དུ་ཁས་གདུང་བྱས་སོ།།

དེ་ལྟར་མི་རྟག་གཟུགས་ལ་གཙེར་བའི་དབང་།། 
མཚོ་བྱུང་དྷུ་མ་དབང་མེད་སྐུ་ལུས་ལ།། 
ཟུག་ངུའི་སྟངས་ཀ་སྐད་དང་དུ་མར་བསྟན།། 
དེ་མཐོང་སྙིང་གྲོགས་སེམས་ལ་མི་བཟོད་གདུང་།།

ཟབ་ཡངས་གསོ་རིག་རྒྱ་མཚོའི་གཏིང་དཔག་ལ།། 
འཇུག་ངོགས་ཐོགས་མེད་གྱུར་བའི་གཏམ་དེ་ཡིས།། 
གཡུ་རྒྱལ་དོན་འགྲུབ་ཇོ་བོའི་ཐུགས་འཕྲོག་སྟེ།། 
འབོད་པའི་གཡབ་མོ་ལས་སུ་ཅི་མང་བསྐུལ།། 

ཆེད་དུ་བཀས་བསྐུལ་ཕོ་ཉ་འབྱོར་དང་བསྟུན།། 
ཟུག་གཟེར་ཀུན་འཇོམས་གསེར་ཁབ་ཐུར་མ་ཡིས།། 
གང་གི་མཛའ་མོའི་ན་ཟུག་གཞོལ་པའི་མོད།། 
སྙན་པའི་གཏམ་གྲགས་བསྔགས་པ་དུ་མར་འབབ།། 

ལྷན་སྐྱེས་མཛེས་སྡུག་བཞིན་མཆོག་ཐིག་ལེའི་བཅུད།། 
རང་རང་མིག་ལ་མཛེས་པར་མི་མཐོང་མོད།། 
རྣམ་གཡེངས་རྗེས་ཆགས་གཡོ་མེད་སྤྱན་མངའ་མར།། 
ཉིན་མཚན་གཉིས་མེད་སྣང་བརྙན་ཝ་ལེར་བཀྲ།།

དྲི་ཞིམ་ཤངས་བུ་དགའ་བསྐྱེད་མཆེད་པ་ལས།། 
མདངས་བཀྲ་རས་ཡག་རེ་ཁ་དཔྱངས་བ་ཅན།། 
རྨི་ལམ་གཉིད་ཀྱི་ཆོ་ག་བྱ་བ་རུ།།  
གཞོན་ནུ་མ་གང་འདོད་པས་གདུང་ཞིང་གདུང་།། 

ངོ་ཚ་དང་ལྡན་བཞིན་ལ་དམར་བཀྲ་ཞིང་།། 
ཅིས་ཀྱང་ཡིད་ལ་བརྣག་པའི་ཆོ་ག་ནི།། 
དྲི་མེད་རྒྱལ་བ་གཉིད་དུ་ཡུར་བའི་ཤག།
ཆོམ་རྐུན་འཇབ་བུའི་སྟངས་ཀ་ཅིས་མི་འདོད།། 

ཕྱི་ཉིན་ཐོ་རངས་རྟ་ལྗང་ཤིང་རྟའི་ཟུང་།། 
སྲིད་འདིའི་མངའ་བདག་ལྷུན་པོའི་སྙན་ཀོར་དུ།། 
རྒྱན་སྤྲས་མཚར་སྡུག་དཔལ་ལས་དཔྱངས་བའི་འཕྲུལ།། 
མཐོང་བའི་མིག་ལ་ཤིན་ཏུ་མཛེས་ཤིང་མཛེས།། 

འདོད་ལྡན་དགའ་མགུར་སྒྱུ་མའི་བདེ་བ་ཆེ།། 
མ་མྱོང་འདོད་ལྡན་གཞོན་ནུ་ཀུན་གྱིས་གཤིས།། 
སྙིང་ལ་སྡུག་གུ་མིག་སྨན་གསར་ཕྱམ་མེ།། 
སྒྲོལ་མ་སྤྱན་གྱིས་མཛེས་འཛུམ་པདྨའི་འབྲས།། 

རྣམ་དག་རས་ཀྱི་གཟུགས་བརྙན་དཀྲིས་པ་ཅན།། 
དྲི་མེད་རྒྱལ་བ་འཇིམ་སྐུ་མ་ལགས་ཕྱིར།། 
བརྩེ་འཛུམ་ལྕགས་ཀྱོ་རྣོ་མྱུར་གཟུ་བོའི་མཚོན།། 
མ་འཐེབ་འཐེབ་ན་གདམ་གསེས་གང་དུ་བྱ།། 

ཀྱུར་ཀྱུར་བྱིའུའི་གྲེ་སྙན་སྒྲོག་པ་དང་།། 
ཅིལ་ཅིལ་མཆིལ་བས་མགྲིན་གླུ་སྒྲོག་པའི་ཚལ།། 
ཡལ་ག་བརྐྱང་བརྐུམ་ལག་གདང་སྦྲེལ་འདྲ་ཅན།། 
མིག་གི་སྣང་ངོར་བརྩེ་བའི་མེ་ཏོག་ཕྱེས།། 

གསང་སྟངས་གར་ལས་དྲི་མེད་རྒྱལ་བའི་ཡིད།། 
གཡུ་ཡི་སྒྲོལ་མའི་བྲང་ལ་འཁྲིལ་བྱས་ཤིང་།། 
དཔེར་འོས་མ་མཆིས་ཆང་གིས་ར་བཟིའི་ཟོལ།། 
གྲག་པ་གཏམ་ངན་མྱོང་ན་བདེ་སྟེར་བཤད།། 

གཡུ་རྒྱལ་དོན་འགྲུབ་དྲུང་ལ་ལྐོག་འདུན་བཞིན།། 
ལྷ་གཅིག་སྒྲོལ་མས་ཅི་མཛད་ཞུས་པའི་མོད།། 
ཁྲོ་ཞལ་གཏུམ་ལྡན་ཐུགས་རྒྱལ་བཞེངས་པའི་མོད།། 
དྲི་མེད་རྒྱལ་བའི་སྲོག་ཀྱང་འཕྲོག་པར་བརྩམས།། 

ཐོས་པའི་སྙིང་ན་མཐོང་བའི་སྤྱན་བརླན་པའི།། 
བཙན་པོའི་ཐུགས་དཀྲུག་མགོ་ལ་རྡོ་རྗེའི་ཁྲིམས།། 
མ་བསམ་མགོ་ལ་དབང་མེད་བབས་པའི་གཏམ།། 
ཕ་མའི་སྙིང་ཆུང་འབྱིན་པའི་མཚོན་ལས་ངར།། 

བྲེལ་བརྟབ་གློག་གི་འཁྱུག་གར་ཐོགས་པ་བཞིན།། 
གུས་བཅས་མཇིང་པ་སྒུར་བའི་རྣམ་འགྱུར་ལས།། 
བསམ་མེད་བུ་འདིའི་སྲོག་ལ་མགོན་མཛོད་ཅེས།། 
པུས་བཙུགས་ཐལ་མོ་སྙིམ་དོག་དུ་མར་བརྩམས།། 

ཁྲོ་ཞལ་གཏུམ་པོའི་རང་གཤིས་མི་འགྱུར་ཞིང་།། 
རིགས་དམན་གཡོ་ཅན་ཆོ་གས་སྒྲོལ་མའི་ཡིད།། 
བསླུ་བྲིད་གདོས་ཐག་ཅིས་བཅིངས་ཆོ་ག་འདི།། 
གཡུ་རྒྱལ་དོན་འགྲུབ་བདག་ལ་མཐོང་ཆུང་ངོ་།།  

གསང་སྟབས་ལྐོག་འདུན་འཇུག་པའི་སྤྱོད་ངན་འདི།། 
མཐའ་བཞིའི་ཁྱོན་དུ་མི་ཡིས་མིར་བསྒྲགས་ཏེ།། 
བདག་གི་སྙན་པའི་པྲོག་ཞུ་བརྡབས་པ་ལ།། 
འགྱུར་མེད་བཀའ་ལུང་ཁྲིམས་ཀྱི་མཚོན་ཆ་བརྡར།། 

ནང་འཁོར་ཁོལ་པོ་གསང་ཉུག་མཁས་པ་བཞིན།། 
དྲི་མེད་རྒྱལ་བ་བསྟན་བཤིག་དམ་ཉམ་གྱིས།། 
ལྷ་གཅིག་མཆོག་ལ་གཡོ་སྒྱུའི་ཟོལ་བྱས་ཅེས།། 
མ་ཉེས་ཁ་གཡོག་ཁས་རྒྱག་སྤུ་གྲི་ཕྱར།། 

ལྷ་གཅིག་སྒྲོལ་མ་ཤག་ཏུ་བཅུག་བྱས་ཏེ།། 
ཕྱི་རོལ་ཁོར་ཡུག་མིག་ལ་མི་མཐོང་ཞིང་།། 
སྙིང་ལ་དགའ་སྟེར་དྲི་མེད་རྒྱལ་བའི་ཞལ།། 
མཐོང་སྐལ་ལྟ་ཅི་སྐད་ཀྱང་མི་ཐོས་སོ།། 

སོ་སོའི་སྙིང་གི་ལག་གདང་སྦྲེལ་བྱས་པར།། 
རིགས་རུས་ཆོ་འབྲང་དབང་གིས་མི་འདོད་པའི།། 
ཟུག་ངུ་དུ་མར་བསྐྱེད་པ་ཅིའི་ཕྱིར་རམ།། 
བསྐལ་བ་དུས་ཀྱི་གདམ་གསེས་བསམ་མི་ནུས།། 

དྲི་མེད་རྒྱལ་བའི་ཡིད་ཀྱི་ནམ་མཁའ་རུ།།  
སྐུ་སྲོག་གནངས་བའི་ཕ་མ་འདི་གཉིས་ལ།། 
མི་འདོད་ངལ་བ་སྟེར་བ་མ་ལགས་སོ།། 
སྙམ་ཞིང་གདུང་བའི་མིག་ཆུ་བཞིན་ལ་འཁྲིགས།། 

ལྷ་གཅིག་ཤག་འདི་མུན་པའི་བཙོན་ར་བཞིན།། 
ཆོ་ངེའི་སྒྲ་འབྱིན་ཁོལ་པོ་ནང་གཡོག་སྡེ།། 
ཡིད་ཀྱི་ངོར་ལ་རྣམ་རྟོག་མ་མཛེས་ཤིང་།། 
མ་འགྱངས་གནས་ཚུལ་ཇོ་བོའི་སྙན་ལ་བསྐུར།། 

ཇོ་བོ་འདི་ཉིད་གདུག་སྤྱོད་ཆེ་ཞེས་ཀྱང་།། 
ཤ་ཁྲག་དང་འབྲེལ་བུ་མོ་འདི་ཉིད་ལ།། 
ལྟ་རུ་འོངས་ནས་སྤྱོད་པ་མ་རབས་འདིས།། 
གཡུ་ཚང་ཁྱིམ་བརྒྱུད་ཁ་སྐྱེངས་བགྱིས་སོང་སྐད།། 

སྔོན་ཚེ་བཙན་པོ་ཞང་ཞུང་བཙན་པོའི་བློན།། 
གཞི་བྱེས་དཔུང་གཅིག་ཁམས་སུ་གཞིས་ཆགས་ཏེ།། 
གཡུ་སྒར་རྒྱས་བཏབ་གཡུ་རྒྱལ་དོན་འགྲུབ་བདག། 
ད་རེས་མ་ལེགས་བུ་མོས་ཕ་བླ་བཙོང་།། 

སྟོབས་ལྡན་དབང་ལ་འབྱོངས་བའི་གཉེན་སྡེབ་པ།། 
སྔོན་བྱོན་རང་ལུགས་གཙང་མའི་ལུགས་བཟང་ལ།། 
ང་རང་རིགས་བརྒྱུད་ཆད་ཁའི་བུ་མོ་འདིས།། 
རྐང་འདྲེན་བརླག་པར་བྱས་པས་སེམས་འདི་སྐྱོམ།། 

ཡང་སྒོས་ནང་རྐུན་སྟོབས་ལྡན་ཡེ་ཤེས་ཀྱི།། 
ཁྱི་རྒྱུད་དྲི་མེད་རྒྱལ་བ་བསྟན་དགྲ་འདི།།
ཚུར་མཐོང་ཕྱམ་མེ་བཙུན་པའི་འདྲ་གཟུགས་ལ།། 
ནང་ལ་དུག་ལྔའི་མེ་ལྕེ་མཆེད་ནས་འདུག། 

བསམ་མེད་ཅོལ་ཆུང་ཅི་བཤད་བདེན་འཛིན་པའི།། 
བློ་མེད་བུས་པ་ཇི་བཞིན་བཀའ་ཉན་མ།། 
ང་རང་གཡུ་རྒྱལ་དོན་འགྲུབ་གྲགས་པ་ལ།། 
སྔོན་ལ་མ་བྱུང་ཁྱོད་འདྲ་ཨ་རེ་རྡུགས།། 

རིགས་རུས་ཆོ་འབྲང་རྨད་བྱུང་ཆེ་ལྡན་ལ།། 
སྨྱན་སྦྱོར་ཆོ་གའི་ཟློས་གར་མི་འཛིན་པར།། 
གང་བྱུང་བྱུང་རྒྱལ་ལས་སུ་འཇུག་པ་འདི།། 
གཅམ་ཚིག་གཡོ་ཅན་བདུད་ཀྱིས་འཁྱེར་བ་ཡིན།། 

ཕྱིས་འབྱུང་སྒྲ་གྲག་འགྱུ་བ་སྐྱུག་པའི་ལུད།། 
མི་མཛེས་སྙན་མཚན་བརླག་པའི་རྐང་འདྲེན་འདི།། 
མི་མཐོང་ཡུལ་མེད་མིང་མེད་མ་བགྱིས་ན།། 
བསྐལ་བའི་དུས་ཀུན་གྲག་པའི་སྒྲ་འདིས་གཙེར།། 

ཞེས་པའི་གཏམ་ཞོར་བུ་མོ་གཞོན་ནུ་མ།། 
ཁྲོ་ཞལ་གཏུམ་པོའི་ཟོལ་འཆང་ཕ་ཇོའི་དྲུང་།། 
མཇིང་བའི་གུས་སྟེགས་ཚིག་འཇམ་དབུགས་འཚང་ཞར།། 
གདུག་སྤྱོད་འཇིགས་རུང་ཆོ་ག་བཟློག་བྱོས་ཅེས།།

བརྩེ་ལྡན་སྙིང་གྲོགས་དྲི་མེད་རྒྱལ་བ་ལ།། 
བཀའ་བཙན་རྡོ་རྗེས་ཨར་ལ་མི་གཏད་པར།། 
སྙིང་དབུས་གེ་སར་དོག་པ་རོལ་སྤྱོད་པའི།། 
གང་དང་སྨྱན་གྱི་ཆོ་ག་ལེན་པར་ཞུ།།

དེ་ལྟར་སྙིང་ཆུང་འདར་བའི་རྣམ་འགྱུར་ལས།། 
ཞུས་པའི་ཚིག་ཀྱང་འདར་ཞིང་གཡོ་བ་ཅན།། 
མཚན་མོ་ཟླ་འོད་ནུབ་པར་མནལ་པའི་ཕྱིས།།
འདོད་པའི་བདེ་སྟེར་འོད་དཀར་འགྲིབ་ལྟར་མཐོང་།། 

མི་འཇིགས་སྟོབས་ལྡན་གཡུ་རྒྱལ་དོན་འགྲུབ་དེའི།། 
ཐུགས་ཀྱི་ནམ་མཁའ་འཕྲལ་དུ་ཁྲོས་པའི་མོད།། 
དཔག་ཚད་ཁྱོན་ཀུན་འདར་ཞིང་དངངས་བྱས་ཀྱང་།། 
དེ་ཡང་རེ་ཞིག་ཞི་བར་དེངས་སྲིད་དམ།། 

ཕྱི་རོལ་བཀོད་པ་གཡུ་ཡི་ཤིང་རྒྱས་ཤིང་།། 
ནང་གི་གྱང་ལ་འོད་དཀར་བཀྱེད་པའི་ཤུལ།། 
ཤིང་རྙིང་རྩེ་ལ་ཐག་པས་དམ་བཏགས་པའི།། 
དྲི་མེད་རྒྱལ་བའི་མགྲིན་ལས་སྐྱུག་པའི་གླུ།། 

མི་ཕྱེད་མཛའ་བའི་ཚིག་སྙན་གྲེ་བའི་གླུ།། 
སྙིང་དབུས་གེ་སར་འཐུང་བའི་རྐང་ཐུང་གིས།། 
རྒྱང་ནས་དིར་དིར་བླངས་པར་བླགས་པའི་མོད།། 
ཁྲོས་པའི་ཞལ་འགྱུར་བཀའ་ཡང་ཡང་བར་བྱུང་།།  

ཁྲོ་ཞལ་བཀའ་ལུང་ཉི་ཟླའི་གཟི་བྱིན་ལ།། 
སྒྲ་གཅན་ཁྲོས་པའི་ཁ་རླངས་ནག་པོ་ལྟར།། 
སྟོབས་ལྡན་ཤེད་མོང་རྫོགས་པ་ཇོ་བོའི་དྲུང་།། 
འདར་ཞིང་གཡོ་བའི་རྣམ་འགྱུར་བཅོས་མེད་ངང་།།

རིངས་པར་སྟོབས་ལྡན་ཡེ་ཤེས་ཁྱོ་ཤུག་གཉིས།། 
མཇིང་བའི་གུས་བཀོད་ཕོ་བྲང་ཕྱིར་དུ་ཐོན།། 
སྲོག་ལ་བསྡོས་པའི་བུ་ཕྱིར་ཕ་འཆི་ཞེས།། 
མ་ཡིས་ཕ་མིན་བུ་ཕྱིར་མ་བཟུང་སྟེ།། 

འགྱུར་མེད་བཀའ་ལུང་དག་གིས་སྲོག་ལོངས་ཞེས།། 
མིག་གི་མཁའ་ལས་ཆར་བའི་ཆུ་འབྱོ་ཞིང་།། 
ས་ལ་འགྱེལ་ཞིང་ཐལ་མོ་སྙིམ་དོག་སྦྱར།། 
ཕ་ཡང་མ་བཞིན་གཉིས་མེད་སྙིང་རྗེར་སྣང་།།

དུས་ཚེ་བཀའ་ལུང་ལྗིད་ལྡན་ཡར་བསྡོས་ཏེ།། 
ཁྲོ་ཞལ་གཏུམ་པོ་ཞི་བའི་ངང་ཞུགས་ཏེ།།  
བརྩེ་ཆེན་སྤྱན་གཡོ་ཐང་ནས་ཡར་འཐེན་ཀྱང་།། 
བདེན་ནམ་སྙམ་ཞིང་ཐང་ལ་སྤེལ་མར་འགྱེལ།། 

རབ་གསལ་མུན་འཐིབས་ཤག་སྟོངས་མྱ་ངན་དུ།། 
མཛའ་མཐུན་དང་བྲལ་གདུང་བས་མྱོས་གྱུར་ཏེ།། 
ཤ་སྐམ་བཞིན་འགྱུར་ལྷ་གཅིག་ཡིན་ནམ་མིན།།
འཕྱང་མོ་ཉུག་པའི་སྣང་བརྙན་ཕྱི་རུ་ངོམ།། 

དེ་དང་ཆབས་ཅིག་སྙིང་གྲོགས་གཞོན་ནུ་གང་།། 
མུན་པའི་བཙོན་ལས་ཕྱི་རུ་མངོན་ཕྱུང་སྟེ།། 
རབ་དགའི་ཞལ་འཛུམ་ཕ་མ་ཙམ་མིན་པར།། 
གང་ཞིག་རབ་བརྩེ་མཛའ་མོ་དེ་ཉིད་དོ།།  

དེ་ནས་མུན་ནག་དོང་ལས་ཕྱིར་ཕྱུངས་བའི།། 
གང་དེའི་མིག་ལ་འོད་དཀར་འཆར་བ་ན།། 
མིག་གིས་འོད་ཀྱི་ཐིག་ལེ་མི་ཐེག་ཀྱང་།། 
ཡན་ལག་ཐམས་ཅད་ཕྲ་ཞིང་ཕྲ་བར་མཐོང་།། 

དེ་མཐོང་མིག་གི་མཁའ་ལས་ཆར་འཇོ་ཞིང་།། 
འཕྲལ་དུ་འུབ་པ་བདེན་ནམ་སྙམ་པའི་བློས།། 
འཇུ་ཞིང་མི་གཏོང་རེ་ཞིག་ག་ལ་བར།། 
དགའ་འཁྱིལ་བརྩེ་ཆེན་ཆོ་གའི་ངང་ལ་འཁྲིལ།།

གཡོ་མེད་ཚངས་ཐིག་མཛའ་བའི་སྟོང་སྐུད་ལས།།
སྦྲེལ་བའི་མི་ཕྱེད་གཉེན་གྱི་ཆོ་ག་ལ།། 
ཡུལ་ཕྱོགས་དུ་མའི་མགྲོན་རྣམས་ཕྱམ་གཅིག་ངང་།། 
འཁོད་དེ་དགའ་བའི་ཆང་ལ་ཞབས་དག་སྤྱོད།། 

དུས་ཚེ་མཛའ་མོའི་མིག་ལ་མུ་ཏིག་ཆུན།། 
དཔྱངས་ཐག་འཐེན་པ་ཇི་བཞིན་བཀྲ་བའི་མོད།། 
རང་རང་སྙིང་ལ་ཡི་རངས་སྨོན་པའི་འབྲས།། 
དུད་པ་འདི་ཉིད་བསམས་ཤིང་དགའ་སྤྲོ་འཕེལ།།  

ལོ་དང་ཟླ་བ་མི་སྡོད་ཤིང་རྟའི་འགྲོས།། 
བགྲང་ཡས་བསྐལ་བ་དུ་མ་ཕྱིན་པའི་རྗེས།། 
ཕ་མ་རྒས་ཤིག་ཁོག་པའི་རྣམ་འགྱུར་ལ།། 
མི་སྡུག་རྒ་བའི་རེག་བྱས་འཇོམས་འདིས་གཅོང་།། 

མགྲིན་སྔོན་སྐྱུག་པའི་མདངས་ལྡན་མིག་གི་མདངས།། 
བཅུ་དྲུག་ཉི་ཤུའི་སྐུ་ན་རྫོགས་ཤུལ་དུ།། 
ཤེད་མོང་སྟོབས་ལྡན་གཟུགས་བོངས་ཉམས་པའི་ཤུལ།། 
འཁར་བ་འདྲུད་ཅིང་སྐད་ཀྱང་ལྡབ་མ་ལྡིབ།། 

སྐྱེ་ཤིའི་འཁོར་ལོ་འགྲོས་གསུམ་འཁོར་བའི་ཀློང་།། 
མ་མཐོང་རི་མོ་རྟེན་འབྲེལ་དུས་རྫོགས་པའི།། 
ལྷུམས་ཀྱི་ཟེའུ་འབྲུ་ལས་བཞད་ནེའུ་ལྡིངས་ཁྱུ།།  
གཅིག་ལས་གཉིས་སོགས་འཕེལ་ཞིང་མང་དུ་བདོ།། 

དེ་དག་ལང་ཚོའི་འཁྲི་ཤིང་རྒྱས་པ་དང་།། 
རྒ་བས་རེག་པའི་ཇོ་བོ་རྒུད་པའི་མཐར།།
ཉི་ཚེའི་སེན་མོ་བརྡབས་པའི་སྒྲ་ཡི་སྤུན།། 
འདི་སྣང་སྲིད་པའི་དུས་ཡུན་དཔེ་རུ་འཕྱ།། 

བསམ་པ་ནང་གི་རི་མོ་འབུམ་སྟོང་ལས།། 
ཕྱེད་འགྲུབ་ཕྱེད་ལྷག་ཕྱེད་ལ་བུ་ཚ་འབད།། 
དུས་ཆོས་གནམ་གྱི་བཀའ་ཡིག་བང་ཆེན་གྱིས།། 
དལ་ཅིག་ཇ་ཡུན་ཙམ་ལ་གཅོང་རོང་ཡུལ།། 

རྒ་བའི་ལང་ཚོ་ནུབ་པར་དྲངས་བྱས་ཏེ།། 
བསམ་པའི་ནང་ལ་མི་ཤོང་མཆི་མ་འཁྲིགས།། 
ལུས་རྒུད་སེམས་ལ་བསམ་པའི་ཡོ་ལང་བདོ།།
ཅིས་ཀྱང་མི་ཤོང་རྣམ་རྟོག་དུ་མས་གཙེ།།

རབ་དཀར་ཐོར་ཅོག་རླུང་གི་བསྐྱོད་པའི་ཤུལ།། 
མརྒད་མདངས་མཐུ་ཆུ་ཤེལ་གཡང་ཊིའི་ཤེལ།། 
སྤྱན་ལ་མནབས་ཤིང་ལང་ཚོ་རྒུད་གྱུར་པ།། 
གཅིག་ལས་གཅིག་བདའ་ཇི་བཞིན་མནལ་པར་གྱུར།། 

སྔོན་ཚེ་མཐུན་འཇུག་དགའ་མགུར་བདུད་རྩིའི་ཆང་།། 
སྐྱེད་མོའི་ཚལ་བཟང་ངོགས་སུ་ཞབས་དག་དུས།། 
མི་ཕྱེད་རྡོ་རྗེའི་དབང་བསྐུར་ཇོ་བོ་སོགས།། 
གཟིམས་པར་ཞལ་ཕྱོགས་ནུབ་རིའི་ཕྱོགས་སུ་མནལ།།

དུས་ཕྱིས་ཕོ་བྲང་གཟི་བརྗིད་ལྷང་ངེ་བ།། 
ལྷམ་མེར་རྣམ་བཀྲ་བརྗིད་ལྡན་སྟག་ལྤགས་སྟེང་།། 
དྲི་མེད་རྒྱལ་བ་ཇོ་བོར་དབང་བསྐུར་ཞིང་།། 
ལུགས་འབྱུང་ཤིང་རྟའི་འཁོར་ལོ་དགའ་འཁྱིལ་ལེ།།  

དཀར་འཇམ་ཡག་ཅིག་ཁྱབ་པའི་ཆོ་ག་ལས།། 
སྤྱི་གཙུག་རལ་བའི་ཐོར་ཅོག་མཛེས་པའི་ཞྭ།།
སྔོན་བྱོན་ཇོ་བོའི་འཕྲེང་ལ་མཆོད་གསོལ་བའི།།
མཚན་འདོགས་ཆོ་ག་སྤེལ་བའི་འདུས་རྔ་རྡུང་།།  

རྨད་བྱུང་སྤྱོད་པའི་ཀུན་སྤྱོད་དང་ལྡན་པའི།།
ཡུལ་དེའི་ཁྱོན་ཀུན་ཞི་བདེའི་དཔལ་སྤྱོད་ཅིང་།། 
མགྲིན་གཅིག་མེ་ཏོག་མཚན་གྱི་ཅོད་པན་ནི།། 
སེངྒེའི་དཔལ་འབར་ཞེས་པའི་པྲོག་ཞུ་བཏེགས།།

འདི་སྣང་སྲིད་པའི་གདོས་ཐག་རྣ་གཅུའི་རྫས།། 
ཡང་ཡང་སྲིད་ལ་འདྲེན་པས་གཅུས་པའི་མུར།། 
བརྐམ་པའི་དབང་གྱུར་དེ་ཡང་རྐང་དྲུག་ཁྱུ།། 
པདྨའི་སྦུབས་སུ་རོར་ཆགས་ཀུམ་པ་བཞིན།།

རྟ་དྲེལ་མཛོ་གསུམ་རིན་ཆེན་ཟོང་གི་མཛོད།། 
ཀུན་ནས་སྤུངས་བ་གདམ་པར་འདས་པའི་ཟོང་།། 
མཐོང་བའི་མིག་གིས་མི་དཔོག་རབ་སྤུངས་ཀྱང་།། 
མི་འཚེངས་བསགས་བསྒྲུབ་འཚོལ་སྙིང་འཁོར་བའི་གཤིས།། 

ཅི་ཙམ་སྤྱད་ཀྱང་སྲེད་པའི་ཡོ་ལང་ཅན།། 
དེ་ལྟར་འདོད་ལྡན་བརྐམ་པའི་སྙུན་ཐོགས་ཏེ།། 
འབྱོལ་མེད་ནོར་ལ་སྲེད་ཅིང་ཆགས་འགྱུ་ཞིང་།། 
མཁོས་མེད་ཟོང་རོ་དག་ཀྱང་ཚགས་སུ་བྱ།།  

འཁོར་བའི་འདོད་ཡོན་སྒྱུ་མའི་ཞགས་ནག་དེས།། 
གཡོ་མེད་བཅིངས་བའི་ཚུལ་འདི་མཐོང་བའི་མིག། 
མི་བཟོད་གདུང་བའི་སྙིང་རྗེའི་ཆུ་ཆེན་གྱིས།། 
འདོད་ཞུགས་མེ་ཀློང་འཕྲལ་དུ་གཞོལ་པའི་ཕྱིར།། 

ལན་གཅིག་སྙིང་ཆུང་གེ་སར་བཞད་པའི་དབུས།། 
མཛེས་འཛུམ་ཞལ་ལྡན་མཛའ་མོ་གང་དེ་ཡིས།། 
སྒྱུ་མའི་ཆོ་འཕྲུལ་ལྟད་མོར་མཁས་པའི་དྲུང་།། 
ཆོ་འཕྲུལ་རྩལ་རྫོགས་སྒྱུ་མའི་གར་འཁྲབས་སོ།།

ཤར་ཕྱོགས་མཐོངས་ཡངས་རྒྱུན་འབྱམས་བར་སྣང་ལས།། 
ཀུན་ཕན་རྟ་བདུན་ཤིང་རྟ་འཁོར་བའི་དུས།། 
གསེར་དེམ་བུམ་བཟང་བཏུང་བའི་ཆང་དཀར་བཅུད།། 
དངུལ་ཤམ་རྒྱན་མཛེས་ཕོར་བའི་ནང་བླུགས་པ།།  

བདུད་རྩིའི་ལྦུ་བ་ཆལ་ཆིལ་ཕྲེང་བརྩེགས་ཤིང་།། 
བདུད་རྩིའི་ངོགས་སུ་དགྱེས་ཞལ་ཤར་བའི་མོད།། 
འཕྲལ་དུ་གནས་འགྱུར་སྣང་བའི་མེ་ལོང་ངོགས།། 
འདི་སྣང་མྱོང་བའི་ཆགས་སྡང་མ་སྤངས་པར།། 

བཀོད་པ་མི་མཇེད་སྒྱུ་མའི་ཐང་དང་རི།། 
མཐའ་མེད་ཕ་རོལ་བྱང་ཐང་མི་མེད་སར།། 
ཆིབས་པ་ཅང་ཤེས་རྔོག་རིས་འཇའ་འཁྱིལ་གོང་།།
བསམ་མེད་མཐའ་བྲལ་ལྗོངས་སུ་འབྱོལ་བྱས་ཏེ།། 

ཏེ་བོར་མིག་གིས་ཀུན་ཏུ་གཟིགས་པའི་མོད།། 
མ་མཐོང་མ་གྲག་ཐང་སྟོང་ཡུལ་ལ་འབྱོར།། 
གནས་འདི་གང་ཞེས་འདྲི་ཚིག་སུ་ལ་བྱ།། 
དེ་བཞིན་གང་དུ་གཤེགས་དང་འགྲོ་བར་བྱ།། 

ཕར་བལྟས་རི་ཆུང་དེ་རུ་ཕྱིན་པ་དང་།། 
མཚོ་མོ་རང་བྱུང་གཡུ་མཚོ་ལྟེམ་མེར་འཁྱིལ།། 
རབ་ཡངས་མཁའ་བྲལ་ཆུ་འཛིན་ལྡིང་ཁང་ལས།། 
དབང་ཕྱོགས་ལྷུན་པོ་འབིགས་བརྗིད་གཅིག་ལས་མཐོ།། 

དེ་དག་དབུ་ལ་ལ་ཐོད་བཅིངས་འདྲའི་སྤྲིན།།
དེ་འོག་འབྱིན་འཇུག་ངང་བའི་ཁྱུ་དང་ཁྱུ།། 
གཅིག་རྗེས་དུ་མ་འདེད་ཅིང་འཕུར་ནས་འོངས།། 
མཐའ་མེད་བྱང་ཐང་འདི་ཀོ་ཅི་དང་གང་།།

དེ་ནས་གཡས་ཕྱོགས་རི་བོའི་གུད་ཅིག་ཏུ།། 
ར་ཁྱུའི་རྗེས་འདེད་གནག་རྫི་ན་ཆུང་མ།།
རྫི་གླུ་སིང་སིང་ལེན་པའི་གྲེ་ཐོགས་ཅན།།  
གཅིག་པུ་ཚུར་འོངས་སྐད་བརྡ་བསྒྱུར་བ་ན།།

དེ་ཡང་མཐོང་ན་སྡུག་གུ་དགའ་འཁྱིལ་ཅན།། 
ལྷུན་གྲུབ་ལང་ཚོ་དཔལ་གྱིས་མི་སྒེག་ཀྱང་།། 
མིག་གིས་མཐོང་བའི་མཐར་ལ་དགའ་འཕེལ་ཞིང་།། 
ཡུལ་དེའི་མཐུན་འཇུག་ངང་ལས་ཁང་གསར་བསྐྲུན།།

ཡུལ་དེའི་མི་རྣམས་གཅིག་ལ་གཅིག་སྡང་ཞིང་།། 
ནང་འཁྲུག་མི་བཟློག་དམེ་ཤི་གྱོད་སོགས་བདོ།། 
མ་བསམ་དབང་གྱུར་བཀོད་པའི་རི་མོ་ལས།། 
གཏན་གྱི་མཛའ་མོར་ཐོབ་པ་དེ་དང་ལྷན།། 

ལྟོགས་གྲིར་འཆི་བའི་དབུགས་རྒྱུན་ཆད་དམ་ཆད།། 
འཁྱག་གྲིར་འདར་བའི་སོ་སྒྲ་འཆའ་ཞིང་འཆའ།།
བྱད་བཞིན་ཐལ་བའི་མདངས་མཐུ་གོས་ངན་གྱོན།། 
ལག་པའི་སེན་མོ་ལྷུང་ཞིང་གས་ཀ་ཐོན།། 

ཆགས་ལྡན་དགའ་བའི་སྦྱོར་སྟབས་ཆོ་འཕྲུལ་ལས།།
ལུས་ཀྱི་ཆོ་གས་བསྐྱེད་ཅིང་བཙས་པའི་ཁྱུ།། 
བདོ་ཞིང་དེ་དག་འཁྱག་ལྟོགས་ཤི་བའི་དོགས།། 
རེ་དོགས་ར་བའི་ལྕགས་ལས་ཕྱིར་མི་ཐར།། 

ངམ་གནག་གཡོ་ཅན་ཝ་མོའི་འདུར་རྒྱུག་དང་།།
བསྡོངས་ནས་སྦྲེལ་བའི་སྒྲོ་ལྡན་མཐེབ་ལོང་མ།།
སྡུག་འབད་མདའ་མོ་རྔོན་པའི་མདའ་འཁྱེར་ཏེ།། 
སྡིག་པའི་ལས་བགྱིས་རི་དྭགས་གསོད་ཅིང་གསོད།།

རྫ་བྲག་མཐོན་པོའི་བྱ་རྒྱལ་གཟན་འཁོར་དང་།།
རི་ཞོལ་རྔོན་པ་མདའ་འཁུར་གཤེད་མ་གཉིས།།
རང་རང་ཚང་གི་མལ་གྱི་ཕྲུ་གུའི་ཆེད།།
འདུར་རྒྱུག་བྲེལ་བྲེལ་བརྟབ་པ་ཤིན་ཏུ་མཚུངས།།

གཞོན་པའི་དུས་རྫོགས་རྒ་བའི་ནད་ཀྱིས་གདུང་།། 
ཕས་བཤད་བུས་བཞག་མ་ལ་རྡོ་དབྱུག་གཞུ།།
མ་རབས་ཀུན་ཤེས་ཕ་མའི་བཀའ་འཇོག་པའི།།
ཐ་ཆད་སྤྱོད་ངན་མ་བསླབས་འཛིན་མཁས་ཅན།། 

བུ་གསུམ་གཡས་དང་བུ་མོ་གཉིས་བཅས་ལྔ།།
འབྱོར་བ་དང་བྲལ་སྡིག་པའི་ཟས་བསྟེན་ཕྱིར།། 
ལྟོ་གོས་གཉིས་ཕྱིར་རི་དྭགས་བཤོར་དུ་སོང་།། 
ཚེ་སྟོད་ཤེད་མོང་ཆ་ཙམ་མ་མཆིས་ཤིང་།།

རྒུད་དང་རྒ་བའི་དབང་གྱུར་མིག་ཀྱང་ལོང་།། 
རྣོ་ཆོད་རལ་གྲིའི་ངར་ཤུགས་མ་ཡོད་ཅི།། 
རྒས་པའི་དབང་གྱུར་རི་དྭགས་རྗེས་མི་ཆོད།། 
དམར་ནག་རྭ་ཅོ་མི་ཐེག་ཁྲག་རྭ་ཅན།། 

འགྱེལ་ཞིང་འགྱེལ་བའི་ཤྭ་ཕོ་ཞིག་མཐོང་སྟེ།། 
རལ་གྲིའི་ཤུབས་ནས་གྲི་བཏོན་སྙིང་ལ་བཏབ།། 
བྲང་སྙིང་རལ་གྲི་བཏབ་ཤུལ་ཁྲག་དམར་འཕྱོ།། 
ཤྭ་ཕོ་བཤས་ཤིང་ཤ་དང་རྭ་འཁྱེར་ཏེ།།

རྗེས་ཆགས་བུ་དང་བུ་མོ་ཆུང་མ་ལ།།
ཞལ་ཕྱོགས་རྒྱང་ནས་ཇེ་ཉེར་ཕྱིན་པའི་དུས།།
བུ་ཡིས་ཕ་ཞེས་འབོད་པའི་སྒྲ་སྒྲོག་ཅིང་།།
ཆུང་མ་སྒོར་བུད་སྔུན་བསུས་ཁྱིམ་དུ་ཕྱིན།། 

ཞག་གཅིག་འཁོར་ལོ་རྫོགས་པའི་ཕྱིན་ཉིན་དེར།།
ཐོ་རངས་ཆུང་མ་བུ་དང་བུ་མོ་བཅས།། 
མཚོ་ཆེན་གཡས་འཁྱིལ་ངོགས་སུ་འཇུག་བྱ་ཞེས།།
མགྲིན་གཅིག་བློ་བབས་དེ་རུ་ཉེར་བསྡོགས་བྱས།།

བརྩེ་འཛུམ་བཞིན་དཀར་མཛའ་བའི་དུས་ཀྱི་ངོགས།། 
དུས་ཚེ་རླབས་ཞགས་ནག་པོའི་ཞགས་པ་ཡིས།།
མཚོ་ངོགས་འགྲམ་རྒྱུ་བུ་ཆུང་དྲངས་བ་ན།། 
མ་ཡིས་དེ་མཐོང་མ་དང་བུ་གཉིས་ཟུང་།། 

མཚོ་རླབས་འཕྱུར་བས་སྲོག་དབུགས་ཤོར་བ་དང་།། 
དེའི་རྗེས་བུ་རྒྱུག་བུ་མོ་ཐམས་ཅད་རྒྱུག། 
ཨ་མ་ཞེས་འབོད་ལྷན་གཅིག་མཚོ་ཡིས་དྲངས།། 
ཕ་ཡིས་དེ་མཐོང་གདུང་བའི་ཆོ་ངེ་འདོན།། 

སྔ་ཕྱིར་གཉིས་མེད་རང་ཡང་མཚོ་རུ་ལྕེབས།། 
སྲོག་གི་ལྷག་མ་མཚོ་ལ་སྐྱེལ་བ་དང་།། 
ཤི་བའི་སྡུག་བསྔལ་དུ་ཁ་སྣང་བའི་གར།།
སྒྱུ་མའི་ཆོ་འཕྲུལ་སྣང་བརྙན་མངོན་སུམ་བཞིན།།

མི་རིང་མི་ཐུང་བཅུ་གཉིས་ཡུན་གྱི་ལོར།།
སྡུག་འབད་ལས་བགྱིས་ཟིན་ཙམ་མ་ཟིན་འདྲའི།།
འཁོན་ལ་མཐུན་པ་བཟའ་ཚང་མི་རྟག་ཆོས།།
རྗེས་ཆགས་འཁོར་བ་དེ་ཡང་རྫོགས་པར་བགྱིས།། 

དེ་ལྟར་སྒྱུ་མའི་ཆོ་འཕྲུལ་མཛད་པ་ལ།། 
བདེན་པའི་ཡུལ་ཞེས་འཁོར་བའི་ཆོས་དང་ནོར།། 
བརྐམ་པའི་ཆགས་པ་དེངས་ཤིང་ཞི་གྱུར་ཏེ།། 
ཆོས་འདོད་འཁོར་བའི་སྡུག་བསྔལ་དུ་ཁས་གཙེར།།

རྟོག་སྒྲུང་གཟུགས་བརྙན་མེ་ལོང་ངོགས་ཀྱི་འཇའ།། 
འདི་ནས་མི་སྣང་དབྱིངས་སུ་ཡར་ལ་དེངས།། 
ཚིག་རིས་མདའ་མོ་སྣང་བ་ལངས་ཤོར་བའི།།
སྤྲིན་གསེབ་བྱ་རྒྱལ་སྙིང་ལ་ཅིས་མི་འཐེབ།།

མ་བཏགས་ཐོལ་བྱུང་ངག་གི་ཆོ་ག་ལ།། 
རང་བབས་ཚིགས་བཅད་སྒྱུ་མའི་མེ་ལོང་འདི།། 
ཡིག་གཟུགས་ལྕེ་མཆུའི་སྡེབ་སྦྱོར་འཕྲུལ་སྒྱུར་གར།། 
མཐོང་རྟེན་གཟུགས་བརྙན་ཆུང་ངུ་ཡོད་དམ་ཅི།། 

སྙན་ངག་སྒྱུ་མའི་བུ་མོ་ཤེལ་གྱི་མཁའ།། 
ཕྱི་གསལ་ནང་གསལ་སྒྲིབ་མེད་ལྷང་ངེ་ལ།། 
བསྐལ་བ་མ་སྟོང་དེ་སྲིད་འཇུག་གྱུར་ཏེ།། 
ངག་རིག་རྒྱ་མཚོའི་དབུས་སུ་རྩེན་གྱུར་ཅིག།
    ཤར་ཕྱོགས་ནགས་ཀྱི་བཀོད་པ་རྒྱས་པའི་དབུས་ནས་དུས་ཚོད་གསུམ་གྱི་ནང་ལ་སྒ་འཇོག་རྟ་འཇོག་དུས་གཅིག་ཏུ་བཀོད་པའོ།།

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཇོ་བོ་སེངྒེའི་རྟོག་སྒྲུང་དགའ་འཁྱིལ་བཀྲ་ཤིས་སྙེ་མའི་ཞལ་ཐང་རིང་མོ་མ།

2025-12-05 ཆོས་འབྱོར་རྒྱ་མཚོ།(དཔལ་སྤུངས) ཀློག་གྲངས། མཆན ཡོད།
སྒྱུ་མའི་ཐང་སྟོང་སྣང་སྟོང་མ་གྲུབ་གཤིས།།
མི་བདེན་སྒྱུ་མའི་འཕྲུལ་རྩེན་མ་མཐོང་བའི།།
བདག་འདྲ་བློ་ངན་རྟོག་འགྱུ་མཆིས་པའི་སྡེ།། 
རྣ་བའི་མཛེས་མ་འདི་རུ་བློགས་ནས་གསོན།།

དེ་ཡང་སྲིད་པ་གངས་རིའི་མཐོངས་ཀ་ལས།། 
གཟི་བྱིན་ཉི་ཟླའི་དཀྱིལ་འཁོར་བཀྲ་བའི་མོད།། 
མུན་པའི་བསྐལ་བ་ཅིག་ཆར་འཇོམས་དང་ཆར།།
མི་མཇེད་དག་ཞིང་དགའ་འཁྱིལ་འདི་གྲུབ་སྐད།།

བསྐལ་བ་དུ་མའི་འཕེལ་འགྲིབ་ཨ་ལོང་ལས།།
སྐྱིད་རེས་སྡུག་རེས་མ་ངེས་ཆུ་ལྡན་གར།།
སྐྱེ་ཤི་ནམ་མཁའི་ངོགས་སུ་རི་མོ་བཞིན།། 
འཕྲལ་དང་འཕྲལ་དུ་འགྱུ་ཞིང་འགྱུར་བཞིན་ངོམ།།

སྤྲིན་གྱི་འདུ་འགོད་དེངས་བའི་རི་མོ་བཞིན།། 
ཕྱི་རབས་རྐང་གཉིས་ཁྱུ་ཡི་མིག་ལ་མཛེས།། 
སྲིད་པ་གངས་ཀྱི་རི་བོ་ཚར་དངར་བའི།། 
བསིལ་ལྡན་སྨན་གྱི་ཤིང་སྣ་འཁྲིལ་བའི་གནས།། 

གནས་མཆོག་ཡིད་འོང་དྲི་གཞོན་འཕུར་བ་རུ།། 
མཐུན་འཇུག་གྲགས་པ་དཀར་པོའི་གླུ་འདི་ཐོས།། 
སྔོན་ཚེ་ཡུལ་ཕྱོགས་བཀྲ་ཤིས་ཟླ་ཕྱེད་ཞེས།། 
སྟོད་ལ་རྫ་བྲག་དབུ་རྩེ་གངས་དཀར་གདེངས།། 

གངས་དཀར་བུ་མོའི་བྲང་གི་མྱོས་བུམ་ལས།།
གཅེས་དགུའི་སྲོག་དབྱུང་སྲོག་གི་རྒྱུན་འབྱུང་བའི།། 
ལྷ་ཆབ་བདུད་རྩི་སེངྒེའི་ཁ་ཆུ་ཡིས།། 
གསོས་པའི་ལྷ་གཅིག་མེ་ན་ཀ་བཞིན་མ།། 

གང་གི་སྙིང་དབུས་པདྨའི་གེ་སར་ལ།།
སྦུབས་སུ་དོག་ལྡན་བརྩེ་དགའ་རབ་ཏུ་དོག།  
ངོ་མཚར་རེ་ཁ་བཀྲ་ཤིས་རྣམ་བཀྲ་བའི།། 
དེ་ཀོ་རང་བྱུང་སྐུ་མཆོག་ཕྱམ་མེ་ལ།། 

ཉམས་དགའི་དཔལ་འཁྱིལ་གཟུགས་བོངས་ཡན་ལག་ཀུན།།
མཐོང་བའི་མོད་ལ་ལྟ་ན་སྡུག་པར་བཀྲ།།  
བཙན་ཕྱུག་འཕན་གསུམ་སྟོབས་འབྱོར་རྫོགས་པའི་གཞིས།། 
དེ་ལ་དབང་བསྒྱུར་གཡུ་རྒྱལ་དོན་འགྲུབ་པའི།།

སྙིང་དང་མིག་གཉིས་ཇི་བཞིན་གཅེས་དགུ་ཅན།། 
གསང་བའི་མཛའ་མོ་མཚོ་བྱུང་དྷུ་མ་མཆོག།
ཕུལ་བྱུང་ཡོན་ཏན་དཀྱིལ་འཁོར་རྫོགས་ལྡན་མ།། 
གང་གི་ལྷུམས་ལས་གཏེར་དུ་འཁྲུངས་བ་ཅན།།

ཀུན་གྲགས་སྒྲ་ཡི་རི་མོར་སྒྲོལ་མ་ཞེས།། 
འབོད་པ་འདི་ཀོས་སྙན་གྱི་བུ་ཡང་སྐྱོམ།།  
བརྗིད་ལྡན་ཕོ་བྲང་ཀ་ཆེན་གདུང་ལྕམ་ཁང་།། 
ཁང་བཟང་རྨད་བྱུང་བཀྲ་ཤིས་འཁྱིལ་བ་ཅན།། 

ནང་དུ་གསེར་དངུལ་ར་གན་རིན་ཆེན་མཛོད།། 
ཕྱི་ལ་རྟ་དྲེལ་མཛོ་གསུམ་ནོར་གྱིས་ཕྱུགས།།
ཁྱོན་ཡངས་འབྲུ་རིགས་སྨིན་པའི་ཞིང་ས་ལ།། 
གྲོ་འབྲས་ལོ་ཏོག་འབྲུ་རིགས་སྣ་ཚོགས་དུད།། 

སྟོན་དུས་ཞིང་བདག་མཛོད་ཁང་འབྲུ་རིགས་འཁྱིལ།། 
སྟག་གཟིག་ལྤགས་པ་དགུ་མཚན་དུ་མ་དང་།། 
བྱུ་རུ་མུ་ཏིག་པདྨ་ར་ག་དང་།། 
གཟི་མཆོང་རིན་ཆེན་མཛོད་དུ་སྤུངས་སེ་བསྟར།། 

འཁོར་གཡོག་ལག་དོ་མང་དུ་མཆིས་པ་དང་།། 
ལག་ཤེས་ཀུན་ཤེས་གསེར་དངུལ་ལྕགས་ཟངས་ལས།། 
འདོད་པའི་རི་མོ་ཅི་འདོད་འབྲི་ནུས་པའི།། 
འཁོར་གཡོག་ཕོ་མོ་ཉི་ཤུའི་གྲངས་ལྡན་ལས།།

ལག་ཤེས་ཀུན་ཤེས་སྟོབས་ལྡན་ཡེ་ཤེས་ཐོས།། 
དེ་ལ་འཇིག་རྟེན་སྲིད་ཆགས་འཁོར་བའི་ཚང་།། 
སྙིང་སྡུག་མཛངས་མ་ཡིད་ཀྱི་ཐིག་ལེ་ཅན།། 
ཟླ་བོར་རབ་དུངས་བློ་དཀར་རྣམ་བཀྲ་ལ།།  

རེ་ཞིག་དུས་ཀྱི་ཆ་ཀུན་རྫོགས་གྱུར་ཏེ།། 
ཏེ་བོར་བུ་འབྱུང་བརྡ་ཡི་རྒྱང་གླུ་དེས།། 
ཁོལ་པོའི་ལས་བཞག་ཆུང་མའི་དྲུང་འཁོད་དེ།།
ལྷུམས་མཆོག་སྙིམ་ལས་གེ་སར་བཞད་པ་འཛུམ།།

འཁོར་ལོ་དྲུག་ལྡན་གེ་སར་ཁྲི་གསོལ་ཞིང་།། 
དཔག་ཡས་ཁྱོན་དུ་དགའ་བའི་གླུ་བླངས་ཏེ།། 
ཡུལ་ཕྱོགས་ཡུག་ཅིག་ངོ་མཚར་དང་བཅས་ཏེ།། 
སྐད་ཅིག་ངང་ལ་ལྟད་མོ་ལྟ་རུ་འུབ།། 

འཇིག་རྟེན་ཁྱོ་ཤུག་སེམས་གཅིག་ཡིན་ནམ་ཅི།། 
ལུས་ལས་བཙས་པའི་ཁྱེའུ་ཆུང་ངུ་ལ།། 
ནེའུ་ལྡིངས་ཞེས་བོས་དགའ་བའི་རྣམ་འགྱུར་སྟོང་།། 
ཆོ་ག་འདི་ཀོ་རང་རང་ཕ་མར་ཆུང་།།

ཆུང་ངུའི་ལང་ཚོ་རིམ་བཞིན་དར་བའི་མོད།། 
ལོ་བརྒྱད་ཆུང་ངུའི་དུས་སུ་མཚན་གསོལ་ཞིང་།། 
དྲི་མེད་རྒྱལ་བ་ཞེས་པའི་འབོད་པའི་སྒྲ།། 
ཁོ་ར་ཁོར་ཡུག་ཀུན་ཏུ་སྙན་པར་འགྱུ།། 

སྒྱུ་རྩལ་ཡོན་ཏན་གཙུག་ལག་རིག་པའི་གཞུང་།། 
མ་ལུས་ཐམས་ཅད་ལྷག་ཆད་བྲལ་བའི་ངང་།།  
ལག་ཤེས་རི་མོར་མཁས་ཤིང་མཁས་གྱུར་ཏེ།། 
ཕ་ལས་བུ་མཆོག་ཞེས་པའི་མཆིད་ཀྱང་གཡོ།།  

གཙུག་ལག་ལག་ཤེས་རི་མོ་འཛིན་པ་ལ།། 
དཔྱིས་ཕྱིན་ཕུལ་བྱུང་མཁས་ཤིང་དབང་འབྱོར་བའི།། 
ཕ་ཇོའི་སྙིང་ལ་མཁས་གྲུབ་དམ་པའི་སྡེ།། 
ཆེ་རྟགས་རྣམ་ཐར་གཟུགས་བརྙན་རེ་ཁ་བཞིན།།

སྔོན་ཚེ་གཙུག་ལག་རིག་པའི་ཡོན་ཏན་ལ།། 
སློབ་པར་བསྟན་པའི་ཡོངས་འཛིན་དགེ་སྦྱོང་དང་།། 
སྤྱི་གཙུག་རྒྱན་ལ་ཐོར་ཅོག་བཏེགས་པ་ཡི།། 
འཇམ་དབྱངས་བླ་མའི་རྣམ་ཐར་མིག་གི་སྨན།།  

མིག་མཐའི་ཁ་ཆུ་ཕྲོམ་ཕྲོམ་འཕྱུར་བའི་མོད།། 
ཡིད་ཀྱི་ནམ་མཁའ་བློང་བློང་གྱུར་དང་ལྷན།། 
བུ་འདི་མཁས་གྲུབ་དམ་པའི་རྣམ་ཐར་མཆོག། 
འཛིན་པའི་ཆོ་གར་དབང་བསྐུར་ཡིད་འདི་བརྟས།།

སྐྱེ་སྔོན་ཤིང་རྟ་རི་མོ་གསལ་མི་གསལ།། 
ཡིད་དཔྱོད་རྟོག་པའི་ཡུལ་ལ་མི་དཔོག་ཅིང་།།   
ངུར་སྨྲིག་དགེ་ལེགས་དམར་སེར་འདུ་བའི་དབུས།། 
སྐྲ་བྲེག་མཚར་སྡུག་ཕྱམ་མེར་བཞུགས་སུ་གསོལ།།  

དེའི་ཚེ་ལྷན་སྐྱེས་སྒེག་ལྡན་སྨན་ཆུང་མ།། 
སྟོབས་ལྡན་འབྱོར་བས་ཡུལ་ལ་ངོམ་བྱས་པའི།། 
གཡུ་རུས་ཆར་འཁྲུངས་དྭངས་སྨན་སྒྲོལ་མའི་སྤྱན།། 
མི་སྡོད་རྐང་དྲུག་གེ་སར་འཐུང་ལ་བྲེལ།། 

ལྷུན་གྲུབ་གཞས་ཡས་ཁང་བཟང་ཡིད་འོང་མཁར།། 
ཆོས་རྔ་གཎྜི་རྡུང་བའི་སྒྲ་དབྱངས་ལས།། 
བཅུ་དྲུག་སྐུ་དཔལ་རྫོགས་པ་བཙུན་པའི་སྡེ།། 
གཅིག་རྗེས་གཅིག་བྱོན་ཆོས་གླུ་མགྲིན་ལས་སྦྲེང་།། 

གཙུག་ལག་བརྡ་སྤྲོད་རིག་པའི་སྐད་བརྡ་ནས།། 
ཆེ་མཆོག་གསང་བ་ཆེན་མོའི་དཀྱིལ་འཁོར་ཀུན།། 
སྡུག་འབད་ཆོ་ག་དུ་མས་བརྩོན་བགྱིས་ཏེ།། 
མདོ་སྔགས་ཀུན་མཁྱེན་རབ་འབྱམས་སྙན་པ་འཕུར།། 

ཕ་ཡིས་གཏམ་ཐོས་མ་ཡང་དེ་བཞིན་དཔེར།། 
དགའ་བའི་སྟངས་ཀ་དཔེ་རུ་མི་དམིགས་པ།། 
དུས་ཚེ་འཕྲལ་དུ་བང་ཆེན་བྱ་མ་རྟ།། 
བཤོལ་མེད་ཆས་ལྟར་བུ་ལ་མཇལ་དུ་བརྟབ།། 

རེ་ཞིག་དུས་དང་བསྐལ་བའི་བཀོད་པའི་དབང་།། 
རྙིང་ཆོས་སྲིད་པའི་ལུགས་སྲོལ་འགྱུར་དང་བཅས།། 
གསར་བྱུང་སྒྱུ་མའི་ཆོ་འཕྲུལ་ཤར་བའི་མོད།།
རང་རང་གདམ་གསེས་འདི་ཞེས་སྨྲ་མི་ནུས།། 

མཚུངས་མེད་གཙུག་ལག་གཞུང་གི་ཤེས་བྱ་ལ།། 
ཐོགས་མེད་མཁྱེན་དཔྱོད་རྫོགས་པའི་སྤྱན་མངའ་བ།།
གང་ཁྱོད་ཆུང་ངུའི་དུས་ནས་རི་ཁྲོད་དུ།།
གཉུག་མའི་བཙན་སར་གནས་པ་ཅང་བདེན་ནམ།། 

སྐྱ་རེངས་རྟ་ཕོ་ཀུན་ནས་འབྱམས་པའི་དུས།། 
ཟུག་མེད་བདེ་ལྡན་མི་རྟག་གཡར་པོའི་ལུས།། 
རྐྱེན་ཆུང་དབང་ཤོར་འཕྲལ་དུ་ན་ཟུག་སྒྲ།། 
ངུ་ཅོ་ཆོ་ངེའི་གདུང་གཏམ་ཀུ་ཅོ་འུར།།  

རབ་དཀར་འཁྲི་ཤིང་མཛེས་མའི་དཔུང་པ་དང་།། 
ཐིག་ལེའི་བཅུད་འདོམས་ལྟེ་བའི་རི་མོ་རུ།། 
དེ་བཞིན་རྫི་མ་དོག་པའི་སྤྱན་དཀྱུས་ཀུན།། 
མི་བཟོད་གཟེར་ཆེན་དུ་ཁས་གདུང་བྱས་སོ།།

དེ་ལྟར་མི་རྟག་གཟུགས་ལ་གཙེར་བའི་དབང་།། 
མཚོ་བྱུང་དྷུ་མ་དབང་མེད་སྐུ་ལུས་ལ།། 
ཟུག་ངུའི་སྟངས་ཀ་སྐད་དང་དུ་མར་བསྟན།། 
དེ་མཐོང་སྙིང་གྲོགས་སེམས་ལ་མི་བཟོད་གདུང་།།

ཟབ་ཡངས་གསོ་རིག་རྒྱ་མཚོའི་གཏིང་དཔག་ལ།། 
འཇུག་ངོགས་ཐོགས་མེད་གྱུར་བའི་གཏམ་དེ་ཡིས།། 
གཡུ་རྒྱལ་དོན་འགྲུབ་ཇོ་བོའི་ཐུགས་འཕྲོག་སྟེ།། 
འབོད་པའི་གཡབ་མོ་ལས་སུ་ཅི་མང་བསྐུལ།། 

ཆེད་དུ་བཀས་བསྐུལ་ཕོ་ཉ་འབྱོར་དང་བསྟུན།། 
ཟུག་གཟེར་ཀུན་འཇོམས་གསེར་ཁབ་ཐུར་མ་ཡིས།། 
གང་གི་མཛའ་མོའི་ན་ཟུག་གཞོལ་པའི་མོད།། 
སྙན་པའི་གཏམ་གྲགས་བསྔགས་པ་དུ་མར་འབབ།། 

ལྷན་སྐྱེས་མཛེས་སྡུག་བཞིན་མཆོག་ཐིག་ལེའི་བཅུད།། 
རང་རང་མིག་ལ་མཛེས་པར་མི་མཐོང་མོད།། 
རྣམ་གཡེངས་རྗེས་ཆགས་གཡོ་མེད་སྤྱན་མངའ་མར།། 
ཉིན་མཚན་གཉིས་མེད་སྣང་བརྙན་ཝ་ལེར་བཀྲ།།

དྲི་ཞིམ་ཤངས་བུ་དགའ་བསྐྱེད་མཆེད་པ་ལས།། 
མདངས་བཀྲ་རས་ཡག་རེ་ཁ་དཔྱངས་བ་ཅན།། 
རྨི་ལམ་གཉིད་ཀྱི་ཆོ་ག་བྱ་བ་རུ།།  
གཞོན་ནུ་མ་གང་འདོད་པས་གདུང་ཞིང་གདུང་།། 

ངོ་ཚ་དང་ལྡན་བཞིན་ལ་དམར་བཀྲ་ཞིང་།། 
ཅིས་ཀྱང་ཡིད་ལ་བརྣག་པའི་ཆོ་ག་ནི།། 
དྲི་མེད་རྒྱལ་བ་གཉིད་དུ་ཡུར་བའི་ཤག།
ཆོམ་རྐུན་འཇབ་བུའི་སྟངས་ཀ་ཅིས་མི་འདོད།། 

ཕྱི་ཉིན་ཐོ་རངས་རྟ་ལྗང་ཤིང་རྟའི་ཟུང་།། 
སྲིད་འདིའི་མངའ་བདག་ལྷུན་པོའི་སྙན་ཀོར་དུ།། 
རྒྱན་སྤྲས་མཚར་སྡུག་དཔལ་ལས་དཔྱངས་བའི་འཕྲུལ།། 
མཐོང་བའི་མིག་ལ་ཤིན་ཏུ་མཛེས་ཤིང་མཛེས།། 

འདོད་ལྡན་དགའ་མགུར་སྒྱུ་མའི་བདེ་བ་ཆེ།། 
མ་མྱོང་འདོད་ལྡན་གཞོན་ནུ་ཀུན་གྱིས་གཤིས།། 
སྙིང་ལ་སྡུག་གུ་མིག་སྨན་གསར་ཕྱམ་མེ།། 
སྒྲོལ་མ་སྤྱན་གྱིས་མཛེས་འཛུམ་པདྨའི་འབྲས།། 

རྣམ་དག་རས་ཀྱི་གཟུགས་བརྙན་དཀྲིས་པ་ཅན།། 
དྲི་མེད་རྒྱལ་བ་འཇིམ་སྐུ་མ་ལགས་ཕྱིར།། 
བརྩེ་འཛུམ་ལྕགས་ཀྱོ་རྣོ་མྱུར་གཟུ་བོའི་མཚོན།། 
མ་འཐེབ་འཐེབ་ན་གདམ་གསེས་གང་དུ་བྱ།། 

ཀྱུར་ཀྱུར་བྱིའུའི་གྲེ་སྙན་སྒྲོག་པ་དང་།། 
ཅིལ་ཅིལ་མཆིལ་བས་མགྲིན་གླུ་སྒྲོག་པའི་ཚལ།། 
ཡལ་ག་བརྐྱང་བརྐུམ་ལག་གདང་སྦྲེལ་འདྲ་ཅན།། 
མིག་གི་སྣང་ངོར་བརྩེ་བའི་མེ་ཏོག་ཕྱེས།། 

གསང་སྟངས་གར་ལས་དྲི་མེད་རྒྱལ་བའི་ཡིད།། 
གཡུ་ཡི་སྒྲོལ་མའི་བྲང་ལ་འཁྲིལ་བྱས་ཤིང་།། 
དཔེར་འོས་མ་མཆིས་ཆང་གིས་ར་བཟིའི་ཟོལ།། 
གྲག་པ་གཏམ་ངན་མྱོང་ན་བདེ་སྟེར་བཤད།། 

གཡུ་རྒྱལ་དོན་འགྲུབ་དྲུང་ལ་ལྐོག་འདུན་བཞིན།། 
ལྷ་གཅིག་སྒྲོལ་མས་ཅི་མཛད་ཞུས་པའི་མོད།། 
ཁྲོ་ཞལ་གཏུམ་ལྡན་ཐུགས་རྒྱལ་བཞེངས་པའི་མོད།། 
དྲི་མེད་རྒྱལ་བའི་སྲོག་ཀྱང་འཕྲོག་པར་བརྩམས།། 

ཐོས་པའི་སྙིང་ན་མཐོང་བའི་སྤྱན་བརླན་པའི།། 
བཙན་པོའི་ཐུགས་དཀྲུག་མགོ་ལ་རྡོ་རྗེའི་ཁྲིམས།། 
མ་བསམ་མགོ་ལ་དབང་མེད་བབས་པའི་གཏམ།། 
ཕ་མའི་སྙིང་ཆུང་འབྱིན་པའི་མཚོན་ལས་ངར།། 

བྲེལ་བརྟབ་གློག་གི་འཁྱུག་གར་ཐོགས་པ་བཞིན།། 
གུས་བཅས་མཇིང་པ་སྒུར་བའི་རྣམ་འགྱུར་ལས།། 
བསམ་མེད་བུ་འདིའི་སྲོག་ལ་མགོན་མཛོད་ཅེས།། 
པུས་བཙུགས་ཐལ་མོ་སྙིམ་དོག་དུ་མར་བརྩམས།། 

ཁྲོ་ཞལ་གཏུམ་པོའི་རང་གཤིས་མི་འགྱུར་ཞིང་།། 
རིགས་དམན་གཡོ་ཅན་ཆོ་གས་སྒྲོལ་མའི་ཡིད།། 
བསླུ་བྲིད་གདོས་ཐག་ཅིས་བཅིངས་ཆོ་ག་འདི།། 
གཡུ་རྒྱལ་དོན་འགྲུབ་བདག་ལ་མཐོང་ཆུང་ངོ་།།  

གསང་སྟབས་ལྐོག་འདུན་འཇུག་པའི་སྤྱོད་ངན་འདི།། 
མཐའ་བཞིའི་ཁྱོན་དུ་མི་ཡིས་མིར་བསྒྲགས་ཏེ།། 
བདག་གི་སྙན་པའི་པྲོག་ཞུ་བརྡབས་པ་ལ།། 
འགྱུར་མེད་བཀའ་ལུང་ཁྲིམས་ཀྱི་མཚོན་ཆ་བརྡར།། 

ནང་འཁོར་ཁོལ་པོ་གསང་ཉུག་མཁས་པ་བཞིན།། 
དྲི་མེད་རྒྱལ་བ་བསྟན་བཤིག་དམ་ཉམ་གྱིས།། 
ལྷ་གཅིག་མཆོག་ལ་གཡོ་སྒྱུའི་ཟོལ་བྱས་ཅེས།། 
མ་ཉེས་ཁ་གཡོག་ཁས་རྒྱག་སྤུ་གྲི་ཕྱར།། 

ལྷ་གཅིག་སྒྲོལ་མ་ཤག་ཏུ་བཅུག་བྱས་ཏེ།། 
ཕྱི་རོལ་ཁོར་ཡུག་མིག་ལ་མི་མཐོང་ཞིང་།། 
སྙིང་ལ་དགའ་སྟེར་དྲི་མེད་རྒྱལ་བའི་ཞལ།། 
མཐོང་སྐལ་ལྟ་ཅི་སྐད་ཀྱང་མི་ཐོས་སོ།། 

སོ་སོའི་སྙིང་གི་ལག་གདང་སྦྲེལ་བྱས་པར།། 
རིགས་རུས་ཆོ་འབྲང་དབང་གིས་མི་འདོད་པའི།། 
ཟུག་ངུ་དུ་མར་བསྐྱེད་པ་ཅིའི་ཕྱིར་རམ།། 
བསྐལ་བ་དུས་ཀྱི་གདམ་གསེས་བསམ་མི་ནུས།། 

དྲི་མེད་རྒྱལ་བའི་ཡིད་ཀྱི་ནམ་མཁའ་རུ།།  
སྐུ་སྲོག་གནངས་བའི་ཕ་མ་འདི་གཉིས་ལ།། 
མི་འདོད་ངལ་བ་སྟེར་བ་མ་ལགས་སོ།། 
སྙམ་ཞིང་གདུང་བའི་མིག་ཆུ་བཞིན་ལ་འཁྲིགས།། 

ལྷ་གཅིག་ཤག་འདི་མུན་པའི་བཙོན་ར་བཞིན།། 
ཆོ་ངེའི་སྒྲ་འབྱིན་ཁོལ་པོ་ནང་གཡོག་སྡེ།། 
ཡིད་ཀྱི་ངོར་ལ་རྣམ་རྟོག་མ་མཛེས་ཤིང་།། 
མ་འགྱངས་གནས་ཚུལ་ཇོ་བོའི་སྙན་ལ་བསྐུར།། 

ཇོ་བོ་འདི་ཉིད་གདུག་སྤྱོད་ཆེ་ཞེས་ཀྱང་།། 
ཤ་ཁྲག་དང་འབྲེལ་བུ་མོ་འདི་ཉིད་ལ།། 
ལྟ་རུ་འོངས་ནས་སྤྱོད་པ་མ་རབས་འདིས།། 
གཡུ་ཚང་ཁྱིམ་བརྒྱུད་ཁ་སྐྱེངས་བགྱིས་སོང་སྐད།། 

སྔོན་ཚེ་བཙན་པོ་ཞང་ཞུང་བཙན་པོའི་བློན།། 
གཞི་བྱེས་དཔུང་གཅིག་ཁམས་སུ་གཞིས་ཆགས་ཏེ།། 
གཡུ་སྒར་རྒྱས་བཏབ་གཡུ་རྒྱལ་དོན་འགྲུབ་བདག། 
ད་རེས་མ་ལེགས་བུ་མོས་ཕ་བླ་བཙོང་།། 

སྟོབས་ལྡན་དབང་ལ་འབྱོངས་བའི་གཉེན་སྡེབ་པ།། 
སྔོན་བྱོན་རང་ལུགས་གཙང་མའི་ལུགས་བཟང་ལ།། 
ང་རང་རིགས་བརྒྱུད་ཆད་ཁའི་བུ་མོ་འདིས།། 
རྐང་འདྲེན་བརླག་པར་བྱས་པས་སེམས་འདི་སྐྱོམ།། 

ཡང་སྒོས་ནང་རྐུན་སྟོབས་ལྡན་ཡེ་ཤེས་ཀྱི།། 
ཁྱི་རྒྱུད་དྲི་མེད་རྒྱལ་བ་བསྟན་དགྲ་འདི།།
ཚུར་མཐོང་ཕྱམ་མེ་བཙུན་པའི་འདྲ་གཟུགས་ལ།། 
ནང་ལ་དུག་ལྔའི་མེ་ལྕེ་མཆེད་ནས་འདུག། 

བསམ་མེད་ཅོལ་ཆུང་ཅི་བཤད་བདེན་འཛིན་པའི།། 
བློ་མེད་བུས་པ་ཇི་བཞིན་བཀའ་ཉན་མ།། 
ང་རང་གཡུ་རྒྱལ་དོན་འགྲུབ་གྲགས་པ་ལ།། 
སྔོན་ལ་མ་བྱུང་ཁྱོད་འདྲ་ཨ་རེ་རྡུགས།། 

རིགས་རུས་ཆོ་འབྲང་རྨད་བྱུང་ཆེ་ལྡན་ལ།། 
སྨྱན་སྦྱོར་ཆོ་གའི་ཟློས་གར་མི་འཛིན་པར།། 
གང་བྱུང་བྱུང་རྒྱལ་ལས་སུ་འཇུག་པ་འདི།། 
གཅམ་ཚིག་གཡོ་ཅན་བདུད་ཀྱིས་འཁྱེར་བ་ཡིན།། 

ཕྱིས་འབྱུང་སྒྲ་གྲག་འགྱུ་བ་སྐྱུག་པའི་ལུད།། 
མི་མཛེས་སྙན་མཚན་བརླག་པའི་རྐང་འདྲེན་འདི།། 
མི་མཐོང་ཡུལ་མེད་མིང་མེད་མ་བགྱིས་ན།། 
བསྐལ་བའི་དུས་ཀུན་གྲག་པའི་སྒྲ་འདིས་གཙེར།། 

ཞེས་པའི་གཏམ་ཞོར་བུ་མོ་གཞོན་ནུ་མ།། 
ཁྲོ་ཞལ་གཏུམ་པོའི་ཟོལ་འཆང་ཕ་ཇོའི་དྲུང་།། 
མཇིང་བའི་གུས་སྟེགས་ཚིག་འཇམ་དབུགས་འཚང་ཞར།། 
གདུག་སྤྱོད་འཇིགས་རུང་ཆོ་ག་བཟློག་བྱོས་ཅེས།།

བརྩེ་ལྡན་སྙིང་གྲོགས་དྲི་མེད་རྒྱལ་བ་ལ།། 
བཀའ་བཙན་རྡོ་རྗེས་ཨར་ལ་མི་གཏད་པར།། 
སྙིང་དབུས་གེ་སར་དོག་པ་རོལ་སྤྱོད་པའི།། 
གང་དང་སྨྱན་གྱི་ཆོ་ག་ལེན་པར་ཞུ།།

དེ་ལྟར་སྙིང་ཆུང་འདར་བའི་རྣམ་འགྱུར་ལས།། 
ཞུས་པའི་ཚིག་ཀྱང་འདར་ཞིང་གཡོ་བ་ཅན།། 
མཚན་མོ་ཟླ་འོད་ནུབ་པར་མནལ་པའི་ཕྱིས།།
འདོད་པའི་བདེ་སྟེར་འོད་དཀར་འགྲིབ་ལྟར་མཐོང་།། 

མི་འཇིགས་སྟོབས་ལྡན་གཡུ་རྒྱལ་དོན་འགྲུབ་དེའི།། 
ཐུགས་ཀྱི་ནམ་མཁའ་འཕྲལ་དུ་ཁྲོས་པའི་མོད།། 
དཔག་ཚད་ཁྱོན་ཀུན་འདར་ཞིང་དངངས་བྱས་ཀྱང་།། 
དེ་ཡང་རེ་ཞིག་ཞི་བར་དེངས་སྲིད་དམ།། 

ཕྱི་རོལ་བཀོད་པ་གཡུ་ཡི་ཤིང་རྒྱས་ཤིང་།། 
ནང་གི་གྱང་ལ་འོད་དཀར་བཀྱེད་པའི་ཤུལ།། 
ཤིང་རྙིང་རྩེ་ལ་ཐག་པས་དམ་བཏགས་པའི།། 
དྲི་མེད་རྒྱལ་བའི་མགྲིན་ལས་སྐྱུག་པའི་གླུ།། 

མི་ཕྱེད་མཛའ་བའི་ཚིག་སྙན་གྲེ་བའི་གླུ།། 
སྙིང་དབུས་གེ་སར་འཐུང་བའི་རྐང་ཐུང་གིས།། 
རྒྱང་ནས་དིར་དིར་བླངས་པར་བླགས་པའི་མོད།། 
ཁྲོས་པའི་ཞལ་འགྱུར་བཀའ་ཡང་ཡང་བར་བྱུང་།།  

ཁྲོ་ཞལ་བཀའ་ལུང་ཉི་ཟླའི་གཟི་བྱིན་ལ།། 
སྒྲ་གཅན་ཁྲོས་པའི་ཁ་རླངས་ནག་པོ་ལྟར།། 
སྟོབས་ལྡན་ཤེད་མོང་རྫོགས་པ་ཇོ་བོའི་དྲུང་།། 
འདར་ཞིང་གཡོ་བའི་རྣམ་འགྱུར་བཅོས་མེད་ངང་།།

རིངས་པར་སྟོབས་ལྡན་ཡེ་ཤེས་ཁྱོ་ཤུག་གཉིས།། 
མཇིང་བའི་གུས་བཀོད་ཕོ་བྲང་ཕྱིར་དུ་ཐོན།། 
སྲོག་ལ་བསྡོས་པའི་བུ་ཕྱིར་ཕ་འཆི་ཞེས།། 
མ་ཡིས་ཕ་མིན་བུ་ཕྱིར་མ་བཟུང་སྟེ།། 

འགྱུར་མེད་བཀའ་ལུང་དག་གིས་སྲོག་ལོངས་ཞེས།། 
མིག་གི་མཁའ་ལས་ཆར་བའི་ཆུ་འབྱོ་ཞིང་།། 
ས་ལ་འགྱེལ་ཞིང་ཐལ་མོ་སྙིམ་དོག་སྦྱར།། 
ཕ་ཡང་མ་བཞིན་གཉིས་མེད་སྙིང་རྗེར་སྣང་།།

དུས་ཚེ་བཀའ་ལུང་ལྗིད་ལྡན་ཡར་བསྡོས་ཏེ།། 
ཁྲོ་ཞལ་གཏུམ་པོ་ཞི་བའི་ངང་ཞུགས་ཏེ།།  
བརྩེ་ཆེན་སྤྱན་གཡོ་ཐང་ནས་ཡར་འཐེན་ཀྱང་།། 
བདེན་ནམ་སྙམ་ཞིང་ཐང་ལ་སྤེལ་མར་འགྱེལ།། 

རབ་གསལ་མུན་འཐིབས་ཤག་སྟོངས་མྱ་ངན་དུ།། 
མཛའ་མཐུན་དང་བྲལ་གདུང་བས་མྱོས་གྱུར་ཏེ།། 
ཤ་སྐམ་བཞིན་འགྱུར་ལྷ་གཅིག་ཡིན་ནམ་མིན།།
འཕྱང་མོ་ཉུག་པའི་སྣང་བརྙན་ཕྱི་རུ་ངོམ།། 

དེ་དང་ཆབས་ཅིག་སྙིང་གྲོགས་གཞོན་ནུ་གང་།། 
མུན་པའི་བཙོན་ལས་ཕྱི་རུ་མངོན་ཕྱུང་སྟེ།། 
རབ་དགའི་ཞལ་འཛུམ་ཕ་མ་ཙམ་མིན་པར།། 
གང་ཞིག་རབ་བརྩེ་མཛའ་མོ་དེ་ཉིད་དོ།།  

དེ་ནས་མུན་ནག་དོང་ལས་ཕྱིར་ཕྱུངས་བའི།། 
གང་དེའི་མིག་ལ་འོད་དཀར་འཆར་བ་ན།། 
མིག་གིས་འོད་ཀྱི་ཐིག་ལེ་མི་ཐེག་ཀྱང་།། 
ཡན་ལག་ཐམས་ཅད་ཕྲ་ཞིང་ཕྲ་བར་མཐོང་།། 

དེ་མཐོང་མིག་གི་མཁའ་ལས་ཆར་འཇོ་ཞིང་།། 
འཕྲལ་དུ་འུབ་པ་བདེན་ནམ་སྙམ་པའི་བློས།། 
འཇུ་ཞིང་མི་གཏོང་རེ་ཞིག་ག་ལ་བར།། 
དགའ་འཁྱིལ་བརྩེ་ཆེན་ཆོ་གའི་ངང་ལ་འཁྲིལ།།

གཡོ་མེད་ཚངས་ཐིག་མཛའ་བའི་སྟོང་སྐུད་ལས།།
སྦྲེལ་བའི་མི་ཕྱེད་གཉེན་གྱི་ཆོ་ག་ལ།། 
ཡུལ་ཕྱོགས་དུ་མའི་མགྲོན་རྣམས་ཕྱམ་གཅིག་ངང་།། 
འཁོད་དེ་དགའ་བའི་ཆང་ལ་ཞབས་དག་སྤྱོད།། 

དུས་ཚེ་མཛའ་མོའི་མིག་ལ་མུ་ཏིག་ཆུན།། 
དཔྱངས་ཐག་འཐེན་པ་ཇི་བཞིན་བཀྲ་བའི་མོད།། 
རང་རང་སྙིང་ལ་ཡི་རངས་སྨོན་པའི་འབྲས།། 
དུད་པ་འདི་ཉིད་བསམས་ཤིང་དགའ་སྤྲོ་འཕེལ།།  

ལོ་དང་ཟླ་བ་མི་སྡོད་ཤིང་རྟའི་འགྲོས།། 
བགྲང་ཡས་བསྐལ་བ་དུ་མ་ཕྱིན་པའི་རྗེས།། 
ཕ་མ་རྒས་ཤིག་ཁོག་པའི་རྣམ་འགྱུར་ལ།། 
མི་སྡུག་རྒ་བའི་རེག་བྱས་འཇོམས་འདིས་གཅོང་།། 

མགྲིན་སྔོན་སྐྱུག་པའི་མདངས་ལྡན་མིག་གི་མདངས།། 
བཅུ་དྲུག་ཉི་ཤུའི་སྐུ་ན་རྫོགས་ཤུལ་དུ།། 
ཤེད་མོང་སྟོབས་ལྡན་གཟུགས་བོངས་ཉམས་པའི་ཤུལ།། 
འཁར་བ་འདྲུད་ཅིང་སྐད་ཀྱང་ལྡབ་མ་ལྡིབ།། 

སྐྱེ་ཤིའི་འཁོར་ལོ་འགྲོས་གསུམ་འཁོར་བའི་ཀློང་།། 
མ་མཐོང་རི་མོ་རྟེན་འབྲེལ་དུས་རྫོགས་པའི།། 
ལྷུམས་ཀྱི་ཟེའུ་འབྲུ་ལས་བཞད་ནེའུ་ལྡིངས་ཁྱུ།།  
གཅིག་ལས་གཉིས་སོགས་འཕེལ་ཞིང་མང་དུ་བདོ།། 

དེ་དག་ལང་ཚོའི་འཁྲི་ཤིང་རྒྱས་པ་དང་།། 
རྒ་བས་རེག་པའི་ཇོ་བོ་རྒུད་པའི་མཐར།།
ཉི་ཚེའི་སེན་མོ་བརྡབས་པའི་སྒྲ་ཡི་སྤུན།། 
འདི་སྣང་སྲིད་པའི་དུས་ཡུན་དཔེ་རུ་འཕྱ།། 

བསམ་པ་ནང་གི་རི་མོ་འབུམ་སྟོང་ལས།། 
ཕྱེད་འགྲུབ་ཕྱེད་ལྷག་ཕྱེད་ལ་བུ་ཚ་འབད།། 
དུས་ཆོས་གནམ་གྱི་བཀའ་ཡིག་བང་ཆེན་གྱིས།། 
དལ་ཅིག་ཇ་ཡུན་ཙམ་ལ་གཅོང་རོང་ཡུལ།། 

རྒ་བའི་ལང་ཚོ་ནུབ་པར་དྲངས་བྱས་ཏེ།། 
བསམ་པའི་ནང་ལ་མི་ཤོང་མཆི་མ་འཁྲིགས།། 
ལུས་རྒུད་སེམས་ལ་བསམ་པའི་ཡོ་ལང་བདོ།།
ཅིས་ཀྱང་མི་ཤོང་རྣམ་རྟོག་དུ་མས་གཙེ།།

རབ་དཀར་ཐོར་ཅོག་རླུང་གི་བསྐྱོད་པའི་ཤུལ།། 
མརྒད་མདངས་མཐུ་ཆུ་ཤེལ་གཡང་ཊིའི་ཤེལ།། 
སྤྱན་ལ་མནབས་ཤིང་ལང་ཚོ་རྒུད་གྱུར་པ།། 
གཅིག་ལས་གཅིག་བདའ་ཇི་བཞིན་མནལ་པར་གྱུར།། 

སྔོན་ཚེ་མཐུན་འཇུག་དགའ་མགུར་བདུད་རྩིའི་ཆང་།། 
སྐྱེད་མོའི་ཚལ་བཟང་ངོགས་སུ་ཞབས་དག་དུས།། 
མི་ཕྱེད་རྡོ་རྗེའི་དབང་བསྐུར་ཇོ་བོ་སོགས།། 
གཟིམས་པར་ཞལ་ཕྱོགས་ནུབ་རིའི་ཕྱོགས་སུ་མནལ།།

དུས་ཕྱིས་ཕོ་བྲང་གཟི་བརྗིད་ལྷང་ངེ་བ།། 
ལྷམ་མེར་རྣམ་བཀྲ་བརྗིད་ལྡན་སྟག་ལྤགས་སྟེང་།། 
དྲི་མེད་རྒྱལ་བ་ཇོ་བོར་དབང་བསྐུར་ཞིང་།། 
ལུགས་འབྱུང་ཤིང་རྟའི་འཁོར་ལོ་དགའ་འཁྱིལ་ལེ།།  

དཀར་འཇམ་ཡག་ཅིག་ཁྱབ་པའི་ཆོ་ག་ལས།། 
སྤྱི་གཙུག་རལ་བའི་ཐོར་ཅོག་མཛེས་པའི་ཞྭ།།
སྔོན་བྱོན་ཇོ་བོའི་འཕྲེང་ལ་མཆོད་གསོལ་བའི།།
མཚན་འདོགས་ཆོ་ག་སྤེལ་བའི་འདུས་རྔ་རྡུང་།།  

རྨད་བྱུང་སྤྱོད་པའི་ཀུན་སྤྱོད་དང་ལྡན་པའི།།
ཡུལ་དེའི་ཁྱོན་ཀུན་ཞི་བདེའི་དཔལ་སྤྱོད་ཅིང་།། 
མགྲིན་གཅིག་མེ་ཏོག་མཚན་གྱི་ཅོད་པན་ནི།། 
སེངྒེའི་དཔལ་འབར་ཞེས་པའི་པྲོག་ཞུ་བཏེགས།།

འདི་སྣང་སྲིད་པའི་གདོས་ཐག་རྣ་གཅུའི་རྫས།། 
ཡང་ཡང་སྲིད་ལ་འདྲེན་པས་གཅུས་པའི་མུར།། 
བརྐམ་པའི་དབང་གྱུར་དེ་ཡང་རྐང་དྲུག་ཁྱུ།། 
པདྨའི་སྦུབས་སུ་རོར་ཆགས་ཀུམ་པ་བཞིན།།

རྟ་དྲེལ་མཛོ་གསུམ་རིན་ཆེན་ཟོང་གི་མཛོད།། 
ཀུན་ནས་སྤུངས་བ་གདམ་པར་འདས་པའི་ཟོང་།། 
མཐོང་བའི་མིག་གིས་མི་དཔོག་རབ་སྤུངས་ཀྱང་།། 
མི་འཚེངས་བསགས་བསྒྲུབ་འཚོལ་སྙིང་འཁོར་བའི་གཤིས།། 

ཅི་ཙམ་སྤྱད་ཀྱང་སྲེད་པའི་ཡོ་ལང་ཅན།། 
དེ་ལྟར་འདོད་ལྡན་བརྐམ་པའི་སྙུན་ཐོགས་ཏེ།། 
འབྱོལ་མེད་ནོར་ལ་སྲེད་ཅིང་ཆགས་འགྱུ་ཞིང་།། 
མཁོས་མེད་ཟོང་རོ་དག་ཀྱང་ཚགས་སུ་བྱ།།  

འཁོར་བའི་འདོད་ཡོན་སྒྱུ་མའི་ཞགས་ནག་དེས།། 
གཡོ་མེད་བཅིངས་བའི་ཚུལ་འདི་མཐོང་བའི་མིག། 
མི་བཟོད་གདུང་བའི་སྙིང་རྗེའི་ཆུ་ཆེན་གྱིས།། 
འདོད་ཞུགས་མེ་ཀློང་འཕྲལ་དུ་གཞོལ་པའི་ཕྱིར།། 

ལན་གཅིག་སྙིང་ཆུང་གེ་སར་བཞད་པའི་དབུས།། 
མཛེས་འཛུམ་ཞལ་ལྡན་མཛའ་མོ་གང་དེ་ཡིས།། 
སྒྱུ་མའི་ཆོ་འཕྲུལ་ལྟད་མོར་མཁས་པའི་དྲུང་།། 
ཆོ་འཕྲུལ་རྩལ་རྫོགས་སྒྱུ་མའི་གར་འཁྲབས་སོ།།

ཤར་ཕྱོགས་མཐོངས་ཡངས་རྒྱུན་འབྱམས་བར་སྣང་ལས།། 
ཀུན་ཕན་རྟ་བདུན་ཤིང་རྟ་འཁོར་བའི་དུས།། 
གསེར་དེམ་བུམ་བཟང་བཏུང་བའི་ཆང་དཀར་བཅུད།། 
དངུལ་ཤམ་རྒྱན་མཛེས་ཕོར་བའི་ནང་བླུགས་པ།།  

བདུད་རྩིའི་ལྦུ་བ་ཆལ་ཆིལ་ཕྲེང་བརྩེགས་ཤིང་།། 
བདུད་རྩིའི་ངོགས་སུ་དགྱེས་ཞལ་ཤར་བའི་མོད།། 
འཕྲལ་དུ་གནས་འགྱུར་སྣང་བའི་མེ་ལོང་ངོགས།། 
འདི་སྣང་མྱོང་བའི་ཆགས་སྡང་མ་སྤངས་པར།། 

བཀོད་པ་མི་མཇེད་སྒྱུ་མའི་ཐང་དང་རི།། 
མཐའ་མེད་ཕ་རོལ་བྱང་ཐང་མི་མེད་སར།། 
ཆིབས་པ་ཅང་ཤེས་རྔོག་རིས་འཇའ་འཁྱིལ་གོང་།།
བསམ་མེད་མཐའ་བྲལ་ལྗོངས་སུ་འབྱོལ་བྱས་ཏེ།། 

ཏེ་བོར་མིག་གིས་ཀུན་ཏུ་གཟིགས་པའི་མོད།། 
མ་མཐོང་མ་གྲག་ཐང་སྟོང་ཡུལ་ལ་འབྱོར།། 
གནས་འདི་གང་ཞེས་འདྲི་ཚིག་སུ་ལ་བྱ།། 
དེ་བཞིན་གང་དུ་གཤེགས་དང་འགྲོ་བར་བྱ།། 

ཕར་བལྟས་རི་ཆུང་དེ་རུ་ཕྱིན་པ་དང་།། 
མཚོ་མོ་རང་བྱུང་གཡུ་མཚོ་ལྟེམ་མེར་འཁྱིལ།། 
རབ་ཡངས་མཁའ་བྲལ་ཆུ་འཛིན་ལྡིང་ཁང་ལས།། 
དབང་ཕྱོགས་ལྷུན་པོ་འབིགས་བརྗིད་གཅིག་ལས་མཐོ།། 

དེ་དག་དབུ་ལ་ལ་ཐོད་བཅིངས་འདྲའི་སྤྲིན།།
དེ་འོག་འབྱིན་འཇུག་ངང་བའི་ཁྱུ་དང་ཁྱུ།། 
གཅིག་རྗེས་དུ་མ་འདེད་ཅིང་འཕུར་ནས་འོངས།། 
མཐའ་མེད་བྱང་ཐང་འདི་ཀོ་ཅི་དང་གང་།།

དེ་ནས་གཡས་ཕྱོགས་རི་བོའི་གུད་ཅིག་ཏུ།། 
ར་ཁྱུའི་རྗེས་འདེད་གནག་རྫི་ན་ཆུང་མ།།
རྫི་གླུ་སིང་སིང་ལེན་པའི་གྲེ་ཐོགས་ཅན།།  
གཅིག་པུ་ཚུར་འོངས་སྐད་བརྡ་བསྒྱུར་བ་ན།།

དེ་ཡང་མཐོང་ན་སྡུག་གུ་དགའ་འཁྱིལ་ཅན།། 
ལྷུན་གྲུབ་ལང་ཚོ་དཔལ་གྱིས་མི་སྒེག་ཀྱང་།། 
མིག་གིས་མཐོང་བའི་མཐར་ལ་དགའ་འཕེལ་ཞིང་།། 
ཡུལ་དེའི་མཐུན་འཇུག་ངང་ལས་ཁང་གསར་བསྐྲུན།།

ཡུལ་དེའི་མི་རྣམས་གཅིག་ལ་གཅིག་སྡང་ཞིང་།། 
ནང་འཁྲུག་མི་བཟློག་དམེ་ཤི་གྱོད་སོགས་བདོ།། 
མ་བསམ་དབང་གྱུར་བཀོད་པའི་རི་མོ་ལས།། 
གཏན་གྱི་མཛའ་མོར་ཐོབ་པ་དེ་དང་ལྷན།། 

ལྟོགས་གྲིར་འཆི་བའི་དབུགས་རྒྱུན་ཆད་དམ་ཆད།། 
འཁྱག་གྲིར་འདར་བའི་སོ་སྒྲ་འཆའ་ཞིང་འཆའ།།
བྱད་བཞིན་ཐལ་བའི་མདངས་མཐུ་གོས་ངན་གྱོན།། 
ལག་པའི་སེན་མོ་ལྷུང་ཞིང་གས་ཀ་ཐོན།། 

ཆགས་ལྡན་དགའ་བའི་སྦྱོར་སྟབས་ཆོ་འཕྲུལ་ལས།།
ལུས་ཀྱི་ཆོ་གས་བསྐྱེད་ཅིང་བཙས་པའི་ཁྱུ།། 
བདོ་ཞིང་དེ་དག་འཁྱག་ལྟོགས་ཤི་བའི་དོགས།། 
རེ་དོགས་ར་བའི་ལྕགས་ལས་ཕྱིར་མི་ཐར།། 

ངམ་གནག་གཡོ་ཅན་ཝ་མོའི་འདུར་རྒྱུག་དང་།།
བསྡོངས་ནས་སྦྲེལ་བའི་སྒྲོ་ལྡན་མཐེབ་ལོང་མ།།
སྡུག་འབད་མདའ་མོ་རྔོན་པའི་མདའ་འཁྱེར་ཏེ།། 
སྡིག་པའི་ལས་བགྱིས་རི་དྭགས་གསོད་ཅིང་གསོད།།

རྫ་བྲག་མཐོན་པོའི་བྱ་རྒྱལ་གཟན་འཁོར་དང་།།
རི་ཞོལ་རྔོན་པ་མདའ་འཁུར་གཤེད་མ་གཉིས།།
རང་རང་ཚང་གི་མལ་གྱི་ཕྲུ་གུའི་ཆེད།།
འདུར་རྒྱུག་བྲེལ་བྲེལ་བརྟབ་པ་ཤིན་ཏུ་མཚུངས།།

གཞོན་པའི་དུས་རྫོགས་རྒ་བའི་ནད་ཀྱིས་གདུང་།། 
ཕས་བཤད་བུས་བཞག་མ་ལ་རྡོ་དབྱུག་གཞུ།།
མ་རབས་ཀུན་ཤེས་ཕ་མའི་བཀའ་འཇོག་པའི།།
ཐ་ཆད་སྤྱོད་ངན་མ་བསླབས་འཛིན་མཁས་ཅན།། 

བུ་གསུམ་གཡས་དང་བུ་མོ་གཉིས་བཅས་ལྔ།།
འབྱོར་བ་དང་བྲལ་སྡིག་པའི་ཟས་བསྟེན་ཕྱིར།། 
ལྟོ་གོས་གཉིས་ཕྱིར་རི་དྭགས་བཤོར་དུ་སོང་།། 
ཚེ་སྟོད་ཤེད་མོང་ཆ་ཙམ་མ་མཆིས་ཤིང་།།

རྒུད་དང་རྒ་བའི་དབང་གྱུར་མིག་ཀྱང་ལོང་།། 
རྣོ་ཆོད་རལ་གྲིའི་ངར་ཤུགས་མ་ཡོད་ཅི།། 
རྒས་པའི་དབང་གྱུར་རི་དྭགས་རྗེས་མི་ཆོད།། 
དམར་ནག་རྭ་ཅོ་མི་ཐེག་ཁྲག་རྭ་ཅན།། 

འགྱེལ་ཞིང་འགྱེལ་བའི་ཤྭ་ཕོ་ཞིག་མཐོང་སྟེ།། 
རལ་གྲིའི་ཤུབས་ནས་གྲི་བཏོན་སྙིང་ལ་བཏབ།། 
བྲང་སྙིང་རལ་གྲི་བཏབ་ཤུལ་ཁྲག་དམར་འཕྱོ།། 
ཤྭ་ཕོ་བཤས་ཤིང་ཤ་དང་རྭ་འཁྱེར་ཏེ།།

རྗེས་ཆགས་བུ་དང་བུ་མོ་ཆུང་མ་ལ།།
ཞལ་ཕྱོགས་རྒྱང་ནས་ཇེ་ཉེར་ཕྱིན་པའི་དུས།།
བུ་ཡིས་ཕ་ཞེས་འབོད་པའི་སྒྲ་སྒྲོག་ཅིང་།།
ཆུང་མ་སྒོར་བུད་སྔུན་བསུས་ཁྱིམ་དུ་ཕྱིན།། 

ཞག་གཅིག་འཁོར་ལོ་རྫོགས་པའི་ཕྱིན་ཉིན་དེར།།
ཐོ་རངས་ཆུང་མ་བུ་དང་བུ་མོ་བཅས།། 
མཚོ་ཆེན་གཡས་འཁྱིལ་ངོགས་སུ་འཇུག་བྱ་ཞེས།།
མགྲིན་གཅིག་བློ་བབས་དེ་རུ་ཉེར་བསྡོགས་བྱས།།

བརྩེ་འཛུམ་བཞིན་དཀར་མཛའ་བའི་དུས་ཀྱི་ངོགས།། 
དུས་ཚེ་རླབས་ཞགས་ནག་པོའི་ཞགས་པ་ཡིས།།
མཚོ་ངོགས་འགྲམ་རྒྱུ་བུ་ཆུང་དྲངས་བ་ན།། 
མ་ཡིས་དེ་མཐོང་མ་དང་བུ་གཉིས་ཟུང་།། 

མཚོ་རླབས་འཕྱུར་བས་སྲོག་དབུགས་ཤོར་བ་དང་།། 
དེའི་རྗེས་བུ་རྒྱུག་བུ་མོ་ཐམས་ཅད་རྒྱུག། 
ཨ་མ་ཞེས་འབོད་ལྷན་གཅིག་མཚོ་ཡིས་དྲངས།། 
ཕ་ཡིས་དེ་མཐོང་གདུང་བའི་ཆོ་ངེ་འདོན།། 

སྔ་ཕྱིར་གཉིས་མེད་རང་ཡང་མཚོ་རུ་ལྕེབས།། 
སྲོག་གི་ལྷག་མ་མཚོ་ལ་སྐྱེལ་བ་དང་།། 
ཤི་བའི་སྡུག་བསྔལ་དུ་ཁ་སྣང་བའི་གར།།
སྒྱུ་མའི་ཆོ་འཕྲུལ་སྣང་བརྙན་མངོན་སུམ་བཞིན།།

མི་རིང་མི་ཐུང་བཅུ་གཉིས་ཡུན་གྱི་ལོར།།
སྡུག་འབད་ལས་བགྱིས་ཟིན་ཙམ་མ་ཟིན་འདྲའི།།
འཁོན་ལ་མཐུན་པ་བཟའ་ཚང་མི་རྟག་ཆོས།།
རྗེས་ཆགས་འཁོར་བ་དེ་ཡང་རྫོགས་པར་བགྱིས།། 

དེ་ལྟར་སྒྱུ་མའི་ཆོ་འཕྲུལ་མཛད་པ་ལ།། 
བདེན་པའི་ཡུལ་ཞེས་འཁོར་བའི་ཆོས་དང་ནོར།། 
བརྐམ་པའི་ཆགས་པ་དེངས་ཤིང་ཞི་གྱུར་ཏེ།། 
ཆོས་འདོད་འཁོར་བའི་སྡུག་བསྔལ་དུ་ཁས་གཙེར།།

རྟོག་སྒྲུང་གཟུགས་བརྙན་མེ་ལོང་ངོགས་ཀྱི་འཇའ།། 
འདི་ནས་མི་སྣང་དབྱིངས་སུ་ཡར་ལ་དེངས།། 
ཚིག་རིས་མདའ་མོ་སྣང་བ་ལངས་ཤོར་བའི།།
སྤྲིན་གསེབ་བྱ་རྒྱལ་སྙིང་ལ་ཅིས་མི་འཐེབ།།

མ་བཏགས་ཐོལ་བྱུང་ངག་གི་ཆོ་ག་ལ།། 
རང་བབས་ཚིགས་བཅད་སྒྱུ་མའི་མེ་ལོང་འདི།། 
ཡིག་གཟུགས་ལྕེ་མཆུའི་སྡེབ་སྦྱོར་འཕྲུལ་སྒྱུར་གར།། 
མཐོང་རྟེན་གཟུགས་བརྙན་ཆུང་ངུ་ཡོད་དམ་ཅི།། 

སྙན་ངག་སྒྱུ་མའི་བུ་མོ་ཤེལ་གྱི་མཁའ།། 
ཕྱི་གསལ་ནང་གསལ་སྒྲིབ་མེད་ལྷང་ངེ་ལ།། 
བསྐལ་བ་མ་སྟོང་དེ་སྲིད་འཇུག་གྱུར་ཏེ།། 
ངག་རིག་རྒྱ་མཚོའི་དབུས་སུ་རྩེན་གྱུར་ཅིག།
    ཤར་ཕྱོགས་ནགས་ཀྱི་བཀོད་པ་རྒྱས་པའི་དབུས་ནས་དུས་ཚོད་གསུམ་གྱི་ནང་ལ་སྒ་འཇོག་རྟ་འཇོག་དུས་གཅིག་ཏུ་བཀོད་པའོ།།

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།