མི་རྟག་པའི་གླུ།
ཉི་ནུབ་ཧྲིལ་བོ་ཞིག་གི་གྲུ་ཟུར་ནས།།
འདུ་འབྲལ་ལས་ཀྱི་གསང་བ་དྲན་དང་ལྷན།།
མི་ཟད་མི་རྟག་གླུ་ཡི་ཆར་ཆུ་ཡིས།།
ཁོ་མོའི་མགྲིན་པའི་ཡང་སྙིང་སྦོང་ན་འདོད།།
ནམ་མཁའ་མི་རྟག་གསལ་ལ་ལན་རེ་མོག།
ཉི་ཟླ་མི་རྟག་མུན་པའི་གླིང་ཡང་སྐྱེས།།
དུས་ཚིཊ་མི་རྟག་དྲོ་གྲང་རེས་སུ་འཐབ།།
བྱ་དངོས་མི་རྟག་ཡིད་ཀྱི་མཐའ་རུ་ལྷུང་།།
དམ་པ་མི་རྟག་དག་པའི་ཞིང་ལ་གཤེགས།།
ཕྱུག་པོ་མི་རྟག་སློང་བཞིན་གྲོང་མཐའ་ཉུལ།།
མཚན་སྙན་མི་རྟག་བྲག་སྟོང་སྒྱུ་མའི་སྐད།།
བཙུན་པ་མི་རྟག་འཁོར་བའི་ཁ་འཛིན་གྱུར།།
མི་གཤིས་མི་རྟག་དགའ་སྡུག་གློག་ལས་མྱུར།།
ཚེ་སྲོག་མི་རྟག་རླུང་གསེབ་མར་མེ་བཞིན།།
སྣང་བ་མི་རྟག་ཅོལ་ཆུང་བྱིས་པའི་སེམས།།
ཐམས་ཅད་མི་རྟག་འགྱུར་བའི་ཟློས་གར་ཉིད།།
རི་ཚོགས་མི་རྟག་དབྱར་སྔོ་དགུན་ལ་སྐྱ།།
རྩི་ཤིང་མི་རྟག་སྟོན་འབྲས་དགུན་དུས་རལ།།
གཙང་པོ་མི་རྟག་ཁྲུང་ཁྲུང་གནས་ལ་བྱིན།།
ངས་ཀྱང་མི་རྟག་མདོ་ནས་སེམས་གཅོང་འབྲི།།
མཛའ་མཐུན་མི་རྟག་ཐ་མ་བྲལ་ཏེ་འགྲོ།།
དགྲ་གཉེན་མི་རྟག་ལན་མཛའ་ལན་རེ་འཁོན།།
གཉིས་ཀ་མི་རྟག་ཆགས་སྡང་སྣོར་མའི་གཞི།།
ཡོད་ཚད་མི་རྟག་མདང་གི་རྨི་ལམ་ཙམ།།
འཚོ་བ་མི་རྟག་དབྱར་དགུན་སྟོན་དཔྱིད་བཞིན།།
ལང་ཚོ་མི་རྟག་མེ་ཏོག་པདྨའི་གཟུགས།།
བྱ་གཞག་མི་རྟག་བྱིས་པའི་རྩེད་མོ་དང་།།
སྤྲོ་སྣང་མི་རྟག་ཆར་རྗེས་འཇའ་ཚོན་འདྲ།།
བདེ་སྡུག་མི་རྟག་ལོ་དང་ཟླ་བའི་ཡུན།།
མཐོ་དམན་མི་རྟག་མི་ཚེའི་སྟོད་སྨད་ཙམ།།
སྐྱེ་འགྲོ་མི་རྟག་སྐྱེ་འཆིའི་གཞུང་ལམ་སྙེག།
སྐྱིད་པོ་མི་རྟག་འཁོར་བ་སྡུག་གི་ཀློང་།།
འབྱུང་འགྱུར་མི་རྟག་སེམས་ཀྱིས་དཔོག་མི་ནུས།།
ཡུལ་དུས་མི་རྟག་སྣང་བརྙན་སྣ་ཚོགས་བསྐྲུན།།
ཕྱི་ནང་མི་རྟག་དྲི་ཟའི་གྲོང་ཁྱེར་བཞིན།།
ཐམས་ཅད་མི་རྟག་བསམ་ན་ཨ་ཐང་ཆད།།
རྩོམ་སྒྲིག་པ། གངས་དགའ།
རྩོམ་ཁུངས། ངེད་དྲ་བ།

