སྐྱོ་གར།(ཞར་བཀོད་གསུམ་ཡོད)
ཡུན་འདྲེས་ཞེན་སྣང་སྣ་ཚོགས་པ། །
ཉོན་མོངས་ལས་ཀྱིས་དྲག་ཏུ་འཕར། །
འཁོར་བའི་བྱེ་ཐང་ངལ་བའི་རྒྱུ། །
ཡིད་གདུང་ཐོབ་པའི་གཉེར་རིས་ཆཊ། །
རྨི་ལམ་སྟོང་གི་སྒྲོམ་ཁ་ཕྱེས། །
དགའ་སྐྱོའི་ཆགས་སྡང་ཉིན་སྲིབ་རྒྱུ། །
འཚོ་བའི་བྲེལ་ཟིང་རབ་ཏུ་རྒོད། །
སྣང་བའི་བློ་གཤོག་འཕག་ཚགས་རྒྱག །
སྒྱུ་མའི་རྣམ་ཐར་འཁྲབ་པ་འདི། །
དུས་མཐའི་རྒུད་པ་ཡང་ཡང་སྒུལ། །
ཤིན་ཏུ་སྐྱོ་བའི་ཟིལ་བ་ཆགས། །
དཀར་ནག་ཚོན་སྡེབ་རྡོ་ལས་ལྕི། །
སྣང་བའི་ཞེན་ཆགས་མིག་ཆུ་བདོ། །
མཐའ་མེད་ཚོར་ཤེས་གཉོམ་པོ་དག །
མཐོང་སྣང་གཅིག་ཏུ་ཡི་མུག་པའི། །
སྡེ་མཐའི་དགའ་སྡུག་ཡ་རེ་ང་། །
མི་སེམས་འཆར་སྒོ་གྲངས་མི་ལང་། །
ཡོལ་བའི་ཕག་གི་སྨྲེང་བ་དེ། །
སྐྱོ་ཤས་སྦྲེལ་ནས་མགོ་བོ་དུད། །
གྱ་གྱུ་སྣེ་མོ་ངལ་བའི་མཐའ། །
འཁོར་བའི་ཞེ་འདོད་ཡིད་རྟོན་ཅི། །
2026.2.3
ཟླ་བདུན་པའི་རབ་བྱེད།
རླུང་དང་མུན་པ་རྡེབ་པས་ན། །
སྣང་བའི་ཞེ་རྩ་ཡིད་རེ་སྨྲེང་། །
འཁོར་བའི་གྲམ་ཐང་ངུ་དགོད་སྐྱེན། །
འཚོ་བའི་ངོ་གདོང་སྨུག་པས་བསྒྲིབས། །
འཁང་རའི་ཆིག་ལབ་ཁྲི་མ་འབུམ། །
སྣང་བའི་ཉི་ནུབ་མཉམ་དུ་ཡོལ། །
སྐྱོ་ཤས་ན་བུན་ཁུར་བརྩེགས་ཀྱང་། །
གཞོན་པའི་བློ་གཤོག་གཏིང་མཐའ་ཟབ། །
རྒྱང་མིག་བརྩེ་བའི་ཁྲེལ་གཞུང་རིང་། །
འདུན་པའི་སྙིང་དབུས་གཟུཊ་སུ་སྤྲུལ། །
རྩེ་གཅིག་རྒྱབ་རྟེན་བྱ་རུང་བའི། །
དབྱངས་དང་གསལ་བྱེད་ལྷ་ཡི་གར། །
མཛེས་བྱེད་བདེ་མཆོག་སྐྱེད་པའི་ཡུམ། །
ཡིད་འོང་ཉམས་ཀྱི་མདངས་རྒྱས་པའི། །
ངག་རིག་སྒྱུ་འཕྲུལ་སོར་མོའི་རྩལ། །
སྐྱིད་སྡུག་སྒྲུང་གི་རྨི་ལམ་འབྲི། །
དྲན་པའི་ཚལ་ནས་བཟློག་མ་ནུས། །
2024.9.15
ཚིག་གི་རིག་བྱེད།
སྒྱུ་འཕྲུལ་ཚིག་གི་མཛེས་པ་རེ་ལ། །
རིག་བྱེད་ངག་གི་སྙན་པ་ཐོགས་ཡོད། །
བརྩེ་བའི་གཞས་ཆུང་ནགས་ཀྱི་ཤོད་དུ། །
ཡིད་འོང་འཕགས་མའི་རྨི་ལམ་འཁོར་ཡོད། །
བཞིན་བཟང་ཟླ་བའི་འོད་ཀྱི་ཟེགས་མ། །
ཐོད་ལ་ལྷུང་བའི་ཟུར་མིག་ཀེམ་ཡོད། །
མཐོང་སྣང་ལུས་ཀྱི་ལང་ཚོ་སྨིན་པའི། །
ཀུ་མུད་མེ་ཏོག་སྙིམ་པར་ཚིམ་ཡོད། །
བཞིན་མཛེས་མདངས་དེ་སེམས་སུ་བྲིས་ནས། །
ཏིང་འཛིན་ངོས་སུ་ལྷ་རུ་སྒོམ་ཡོད། །
རྨི་ལམ་བརྩེགས་པའི་ཡིད་གཞུང་དེ་རུ། །
ཟག་མེད་བདེ་བའི་སྨོན་པ་བཏབ་ཡོད། །
དབྱངས་ཅན་ལྷ་ཡི་དྭངས་སེམས་གཙང་མ། །
འདང་ཞེན་སྤྲས་པའི་སྙན་ངག་མཚོན་ཡོད། །
མཛའ་གཅུགས་ཟམ་པའི་ཁ་དན་འཁྱུག་སྟེ། །
སྙན་ཚིག་སྤྲོས་པའི་མགུར་གླུ་བཞེངས་ཡོད། །
དད་འདུན་ཡིད་ཀྱི་མེ་ལོང་ངོས་སུ། །
བརྩེ་བའི་ཞལ་འཛུམ་པིར་གྱིས་བྲིས་ཡོད། །
ཚོར་ཤེས་སྒྲ་དབྱངས་གྲོགས་སུ་སྦྲན་ནས། །
ཚོགས་དྲུག་རྒྱུད་མངས་སྒྲ་ལ་དྲངས་ཡོད། །
2024.7
ཡོལ་བའི་རྒྱབ་ཀྱི་མི་རྟག་པ།
ཚོར་བའི་སྲེད་འདི་སྒུལ་ཙ་ན། །
རྨོངས་བའི་ཚལ་དུ་ལྡིང་སྐོར་བྱས། །
སྒྱུ་མའི་མཚོན་རིས་མཐོང་བ་ན། །
སྣང་བ་མུན་པའི་གཏིང་རུམ་ཡིབ། །
སྟོང་སྣང་བརྒྱ་ཡི་ལ་ལུང་བརྒལ། །
ཀུན་རྟོག་དགའ་སྐྱོའི་རླབས་རིས་གཡོ། །
སྐྱེ་འཆི་མགོ་སྙོམས་སེམས་སུ་ཐོགས། །
འཁོར་བའི་ཆོས་ཉིད་སྟོང་ཞིང་འཁྱག །
འཇའ་ཡིས་འཁྲུལ་གཟུཊ་ཕབ་པ་དེ། །
དཀར་ནག་འབྱེད་པའི་ཏིང་འཛིན་གསལ། །
དུས་མཐའི་གྱ་གྱུ་གདངས་སུ་ཞུགས། །
ནགས་ཀྱི་གཟེབ་ཏུ་ཆར་ཆུ་བྱོ། །
རླུང་བའི་གསེབ་ཀྱི་འཆར་ཡན་སྦྲན། །
ཟང་ཟིང་སྒྱུ་མའི་སྐྱོ་གར་འདུ། །
གཅོང་རོང་ཁྲོད་དུ་རྒྱ་རུ་ཚུད། །
མི་རྟག་ངེས་མེད་རླུང་བུ་གཡུག །
ཞེ་རུ་རྣག་པའི་མྱ་ངན་བརྩེགས། །
བཅོས་མིན་སྡང་བའི་གནམ་གྱི་མཐའ། །
འདང་ཞེན་ཨ་ལོང་གྲི་ཡིས་བཤགས། །
སྤྲོ་སྣང་མུན་པའི་སྦུབས་སུ་དྲངས། །
གཟུགས་མེད་ན་བུན་ཤུགས་གླུ་བླངས། །
2024.6.30
རྩོམ་སྒྲིག་པ། གངས་དགའ།
རྩོམ་ཁུངས། ངེད་དྲ་བ།

