ལབ་རྒྱག་པ།
ལབ་བརྒྱབ་ནི་མ་ཡིན་ལབ་ཅིག་རྒྱག།
ང་འབྲོག་གི་བུ་ལོས་ལབ་ཅིག་རྒྱག།
གནས་རིག་པའི་ལྡིང་ཁང་མ་འགྲིམ་ཡང་།།
ཡུལ་ཕ་མའི་ཤུལ་འཛིན་རྒྱུད་འཛིན་བྱས།།
གུར་དཀར་པོའི་སྒོ་མིག་ཤར་ལ་གཏད།།
ཁྱིམ་ཕུག་གི་གཙོ་བོར་སྐུ་ཞིག་བཤམས།།
ཁ་གོ་འདོན་ཐབ་ཀའི་རྩ་ནས་གྱེར།།
སྒོ་ཕྱི་རོལ་གཡང་ཟོག་ཕྱུགས་ཀྱིས་བསྐོར།།
ནམ་སྐྱ་རེངས་ཐོག་མ་བཀྱགས་མ་བཀྱགས།།
རྟ་འདོ་བ་ཞོན་ནས་རྫི་ལ་སོང་།།
སྨུག་ལང་ལོང་འཐིབས་པའི་རྫ་མགོ་ན།།
གླུ་སིང་སིང་ལེན་པའི་འབྲོག་མོ་ཞིག།།
ཁ་ལག་པའི་བར་ནས་བལྟ་ས་ཡིན།།
གཏམ་ཀུ་རེ་བཤད་ནས་མཐུན་སོང་ན།།
སྙིང་བུ་ཕྲུག་གཅེས་རོགས་སྐྱོང་རོགས་ཡིན།།
གནམ་སྔོན་པོའི་འོག་གི་སྤྲིན་དཀར་དང་།།
ངའི་ལུག་ཁྱུའི་བར་ན་གནའ་གཏམ་ཞིག།
དགུང་སྐར་ཚོགས་ཁྲ་མོའི་འདུ་ར་དང་།།
ངའི་རུ་སྡེའི་བར་ན་རྩེད་མཚར་ཞིག།
ཁྱོད་གྲོང་ཁྱེར་ཅན་ལ་སྟོབས་ཆེ་ཡང་།།
ང་འབྲོག་གི་བུ་ལ་སྐྱིད་སྣང་ཞིག།
ང་འབྲོག་གི་བུ་ལོས་ལབ་ཅིག་རྒྱག།
ལབ་བརྒྱབ་ནི་མ་ཡིན་ལབ་ཅིག་རྒྱག།
ང་འབྲོག་གི་བུ་མོས་ལབ་ཅིག་རྒྱག།
ཤེས་ཡོན་ཏན་ཟེར་བ་མ་སྦྱང་ཡང་།།
ཡུལ་ཕ་མའི་ཁ་ལེན་ཚིག་བརྩི་བྱས།།
གཏན་འདུན་མའི་སྐྱིད་སྡུག་ཡུལ་ལ་གཏད།།
སྐེ་མཇིང་བའི་མདུད་པར་སྐུ་ཞིག་བཏགས།།
ལག་ལས་ཀ་ལྷས་རའི་དཀྱིལ་ནས་ངོམ།།
ཁྱིམ་ཕྱི་ནང་བར་གསུམ་དྲོད་ཀྱིས་ཁེངས།།
ནངས་མཚམས་སྤྲིན་དམར་པོ་ཤར་མ་ཤར།།
རྒྱབ་ཆུ་ཟོ་ཁུར་ནས་ཆུ་ཁར་སོང་།།
རྟ་འདོ་བ་རྒྱུག་སའི་རྒྱུག་ལམ་ན།།
ཀྭི་སིང་སིང་འདེབས་པའི་སྟག་ཤར་ཞིག།
ཁ་སེམས་པའི་བར་ནས་ཉན་ས་ཡིན།།
ཚིག་སྙིང་གཏམ་བཤད་ནས་འགྲིག་སོང་ན།།
གཞི་འཁོར་བ་འཁོར་རོགས་སྐྱོང་རོགས་ཡིན།།
ཆར་ཟམ་ཟིམ་ཀློང་གི་འཇའ་ཚོན་དང་།།
ངའི་འབྲི་མོའི་བར་ན་མཛེས་རིས་ཤིག།
གློག་ཆེམ་ཆེམ་འཕྲོ་བའི་འབྲུག་སྒྲ་དང་།།
ངའི་ན་ཟླའི་བར་ན་གསང་བ་ཞིག།
ཁྱོད་གྲོང་ཁྱེར་ཅན་ལ་འཕྲུལ་མང་ཡང་།།
ང་འབྲོག་གི་བུ་མོར་སྐྱིད་སྣང་ཞིག།
ང་འབྲོག་གི་བུ་མོས་ལབ་ཅིག་རྒྱག།
སྤྱི་ལོ་2026ལོར་རྨ་ལྷོ་སོག་རྫོང་དུ་བྲིས།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།

