《དབུས་དང་ཡི་གེའི་རྨུ་ཐག་རིང་མོ》སོགས་སྙན་ངག་ཁག་བཞི།
༡ དབུས་དང་ཡི་གེའི་རྨུ་ཐག་རིང་མོ།
ཡི་གེའི་རྨུ་ཐག་རིང་མོ།།
མངོན་སུམ་མིག་ལ་ཤར་གིས།།
སེམས་པའི་དྲག་ཆར་དེའང་།།
ད་ཆ་ཡིད་ལ་འཁོར་ཕྱིན།།
བརྣག་པར་གྱུར་བའི་ཡུལ་ནི།།
ལྷ་སའི་ཇོ་ཤཱཀ་མ་རེད།།
བཞུགས་ཤག་རེ་རེའི་སྟེང་གི །
ས་མཐའི་ཡུལ་གདུང་ཡིན་ཤག །
བར་སྐོར་སྲང་ལམ་བརྒྱུད་དུས།།
ཨ་མདོ་བ་ཞིག་དྲན་དྲགས།།
གོམ་ཆུང་ནང་གི་སེམས་ཆུང་།།*
སྐྱིད་ཆུ་ལས་ཀྱང་འཁྱག་རེད།།
ཕྱི་དྲོའི་གྲིབ་ཆེན་ལྷུང་དུས།།
འབྲོག་རི་དགའ་ལྡན་མཇལ་སོང་།།
སྐྲ་ཡི་ཉག་མ་གཅིག་ནི།།*
ད་དུང་རླུང་གིས་མ་ཁུར།།
རི་བོའི་རྩེ་རུ་གཡོ་འདུག །
སེངྒེ་གཅིག་གི་སྣང་བརྙན།།
བློ་ལ་འཁྲུལ་བ་མེད་པར།།
ཤེས་པས་བུ་གར་བརྟོལ་དུས།།
དབུས་ནི་ཅི་ཞིག་ཡིན་ཨང་།།
མཆན། *སེམས་ཆུང་ནི་གཉོམ་དུང་ངེར་ལུས་བའི་སེམས་པར་གོ
*རྗེ་རིན་པོ་ཆེའི་མ་ཡུམ་ལགས་ཀྱི་བུ་དྲན་དྲགས་ཏེ། དབུ་སྐྲ་དཀར་པོ་ཉག་གཅིག་དབུས་གཙང་ཡུལ་ལ་བསྐུར་བར་གོ
༢ ཆུ་མིག་བྱང་ཆུབ།
ཆུ་མིག་བྱང་ཆུབ་རང་བརྡོལ།།
གང་ལ་བརྡོལ་ཡང་གཅིག་གི །
ལག་གི་ཨུ་དུམ་ཝ་ར།།
མིག་གིས་མཐོང་ཡང་མི་བྲ།།
སེམས་པའི་གཏིང་ནས་འཁྲུངས་ཕྱིན།།
བསམ་གཏན་རི་བོའི་མགུལ་དུ།།
མོས་གུས་ཆུང་ཡང་བསྐྱེད་དོ།།
ཆུ་ནང་ཚེས་པའི་ཟླ་བ།།
མུན་པའི་ལག་ཟུང་རེད་བཞག །
མཐའ་མའི་ཞི་བ་ཆེན་མོ།།
སྐྱོ་ནི་དགོས་དོན་མེད་མོད།།
སྐྱོ་བ་རང་དབང་མི་འདུག །
༣ གོ་ལྡོག་གི་དུས་རབས།
ལག་པའི་ནང་གི་མངོན་སུམ་རྒྱུ།།
དོང་ཙེ་སིལ་མ་འགའ་དང་འཁྲུལ།།
ཆོས་ཉིད་ངང་དུ་གནས་པ་དག །
སྐད་ཆའི་ཐལ་རྡུལ་ཀློང་དུ་དྲངས།།
མདུན་གྱི་མེ་ལོང་ཆག་རོའི་ནང་།།
སྙི་བར་གྱུར་བའི་ངོ་གདོང་གས།།
གཟུགས་ཀྱི་སྒྲ་ཡང་ཐོས་ཙ་ན།།
རྫས་རྣམས་རང་སོར་དབྱེ་དཀའོ།།
ཆུ་ཁར་གཡེང་བའི་ཝུ་སོབ་ལས།།
བཅོས་མའི་དྲི་ངད་འཐུལ་ལུ་ལུ།།
རྨོངས་བའི་སྐྱེད་མོའི་ཚལ་ནང་དུ།།
ཧ་ལོའི་མེ་ཏོག་བཞད་ཅིང་འཕྱིང་།།*
མཆན། *གླང་མདུན་དཔལ་འབྱོར་ལགས་ཀྱི་བརྩམས་སྒྲུང<མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ>ཞེས་པའི་ཧ་ལོའི་སྣང་བརྙན་ལ་སྦྱར་ནས་གོ་བ་ལེན་དགོས།
༤ ངག་ལྐུགས་པ།
མངོན་སུམ་སྒྱུ་མའི་ལས་སྣང་ལ།།
མི་རྟག་རླུང་བུ་ངེས་མེད་གཡུག །
ཆོས་ཉིད་གཅེར་བུ་མངོན་ཙ་ན།།
ངག་མི་འཁྲོལ་བའི་དུས་བྱུང་ངོ་།།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།

