སྟོན་ཀ་དང་སེམས་ཚོར།
འཁྲི་ཤིང་འདབ་མ་རྙིང་བའི་ཡལ་གའི་གསེང་ནས།།
མགྲིན་སྙན་ལྷ་བྱ་མ་བུ་མོན་ལ་ལོག་གྲབས།།
སེམས་གཅོང་ན་བུན་ཐེབས་པའི་བྱིའུ་ཆུང་ང་རང་།།
ཁེར་རྐྱང་འཚོ་བའི་གནས་མལ་སྟོང་ལ་སྐྲག་བྱུང་།།
མིག་གིས་ཟིན་ལ་ཉེ་བའི་རི་ཁྱུའི་ཕྲག་པར།།
རབ་དཀར་ཁ་བའི་འདབ་མ་ལྷབ་ལྷུབ་འཐོར་དུས།།
རི་ལུང་བསིལ་བ་བྲན་པའི་སྦྲང་ཆར་ཟིལ་མའི།།
ཤག་ཤག་འབབ་པའི་སྒྲ་དེ་རྣ་བར་ལྷག་འདུག།
ནོར་འཛིན་ལྗང་མོའི་ལྭ་བ་བརྗེ་ལ་བྲེལ་ཞིང་།།
དཀར་དམར་མེ་ཏོག་བཞིན་རས་གློ་བུར་ཡལ་དུས།།
རྐང་དྲུག་བུང་བའི་རྣམ་ཤེས་གཏད་སོ་མེད་པར།།
སྐྱོ་བའི་གཤོག་ཟུང་བརྐྱངས་ཏེ་གང་དུ་འཕུར་སོང་།།
གནམ་སྔོན་ཐང་མར་བརྡལ་འདྲའི་གཡུ་མདོག་མཚོ་ཆུང་།།
མི་འགྱང་དར་གྱིས་སྦྲུམ་ལ་སྟ་གོན་བྱེད་དུས།།
གསེར་མིག་བཙོན་དུ་ཉལ་བའི་དགུན་ཟླ་རིང་མོ།།
དྲན་ན་སྨྲེང་བའི་དབྱངས་རྟ་ལུས་ཀྱིས་མི་ཐེག།
སྦྲ་མཐའ་ནོར་གྱིས་གང་བའི་ལྷས་ར་ནང་གི།
འོ་ཟོམ་ལག་ཏུ་ཐོགས་པའི་གཞོན་ནུ་མ་དེའི།།
བསེར་བུ་རླུང་གི་གྲང་ངད་གདོང་གིས་བསུ་བཞིན།།
དབྱར་ཁའི་འཚོ་བ་དེ་ལ་ཞེན་ཆགས་ལུས་འདུག།
དལ་གྱིས་དལ་གྱིས་འཛུམ་པའི་ཞོགས་པ་རེ་རེ།།
རྩྭ་ལྗང་ཟིལ་བ་ཁྲོམ་མེར་ཉི་རྩེར་སྒུག་དུས།།
སྟོན་ཀའི་ལས་ལ་བྲེལ་བའི་རྒྱང་གི་ཨ་མ།།
བགྲེས་པའི་ཞལ་ངོ་དེ་ལ་སེམས་ཁྲལ་ལྕི་སོང་།།
མི་སྙན་དབྱངས་ཀྱི་འཇམ་རྩུབ་རེས་མོས་བར་ན།།
མི་རྟག་དུས་ཀྱི་འགྱུར་བ་རེ་རེ་བྲིས་ཤིང་།།
མི་སེམས་མེ་ལོང་ནང་གི་གཟུགས་འགྱུར་ཁྲོད་ནས།།
མི་རྟོགས་རྟོག་པའི་གནས་ལུགས་རེ་རེ་མཐོང་བྱུང་།།
ལོ་ཟླ་ཆུ་བོ་བཞིན་དུ་འཕེལ་འགྲིབ་མོད་ཀྱང་།།
དེ་ལ་ཚད་ཐིག་ཡོད་པ་ཀུན་གྱིས་ཤེས་གསལ།།
མི་ནི་ངེས་མེད་སྤྲིན་པ་ལོ་འགྱུར་ཟླ་འགྱུར།།
ཐ་ན་ཉིན་ཞག་ཙམ་ཡང་རྟག་བརྟན་བྲལ་འདུག།
དབྱར་གསུམ་ཟླ་བའི་མཛེས་སྡུག་ཁད་ཀྱིས་ནུབ་ཀྱང་།།
སང་ལོ་ཡང་བསྐྱར་འཆར་བའི་ཡིད་ཆེས་བྱེད་ཆོག།
ཨ་གསར་ཁྱི་རྔ་སྐྱེས་ལ་ཐེ་ཚོམ་མེད་པའི།།
ཡིད་འདྲིས་མི་དག་མི་འགྱུར་གདེང་ཚོད་མ་རྙེད།།
འོན་ཏེ་དུས་བཞི་མགྱོགས་རུང་མ་མགྱོགས་ཅི་བྱ།།
མི་སེམས་འགྱུར་ལྡོག་མང་ཡང་མ་མང་ཅི་དོན།།
དུང་སེམས་རླབས་སུ་འདྲེས་པའི་བུ་མོ་ང་རང་།།
ཁེར་རྐྱང་འཚོ་བའི་གནས་མལ་བདེ་བས་ཆོག་འདུག།
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།