སྙན་ངག་པའི་རང་བཞིན་བརྗོད་པ་ཚངས་སྲས་དགྱེས་པའི་རོལ་མོ།
འཇིག་རྟེན་ཕལ་པས་མཐོང་བར་དཀའ་བའི་དབྱིངས། །
ཚོར་བའི་འཇའ་རིས་འབུམ་གྱིས་བཀོད་མཁས་ཤིང་། །
མི་ཤིགས་ཚིག་གི་རྡོ་རྗེར་རོལ་མཛད་པའི། །
སྨྲ་བའི་དབང་ཕྱུག་སྙན་ངག་མཁན་ལ་འདུད། །
འཁོར་བའི་སྐྱིད་སྡུག་ཆུ་ཡི་རླབས་ཕྲེང་ལྟར། །
ཤིན་ཏུ་ཕྲ་བའི་ཚོར་བས་འཕྲལ་དུ་མྱོང་། །
གཞན་གྱི་སྡུག་བསྔལ་རང་གི་སྙིང་ལ་ཟུག །
སྙིང་རྗེ་དྭངས་མའི་སེམས་ཁམས་གཙང་མར་བསྔགས། །
གཅིག་པུར་འཁྱམས་ཀྱང་སྟོང་སངས་དབྱིངས་ལ་རོལ། །
རང་དབང་འདབ་གཤོག་ནམ་མཁའི་མཐའ་རུ་བརྐྱངས། །
འཇིག་རྟེན་ཆགས་སྡང་རྙོག་མས་མ་གོས་པའི། །
ཤེལ་དཀར་གཙང་མའི་དྭངས་སེམས་དེ་ལ་བསྟོད། །
དཔེ་དང་དོན་གྱི་གར་སྟབས་སྣ་ཚོགས་ཀྱིས། །
སྟོང་གསུམ་འབྱུང་བའི་དབྱངས་རྟ་སྨྱུ་གུར་དྲངས། །
རོ་བརྒྱའི་ཉིང་ཁུ་ཚིག་གི་ཕྲེང་བར་བསྡེབས། །
སྒྱུ་རྩལ་མཛེས་པའི་དཔལ་ཡངས་དེ་ལ་བསྔགས། །
རྡོ་དང་རྩི་ཤིང་ཀུན་ལའང་སྲོག་བཅུད་སྦྱིན། །
གཏིང་མཐའ་བྲལ་བའི་སྟོང་ཉིད་སྙན་ངག་བཟོས། །
སྒྲ་རྒྱན་དོན་རྒྱན་ཉམས་ཀྱི་རྦ་རླབས་འཁྲུགས། །
ཐབས་མཁས་ཚིག་སྦྱོར་འཕྲུལ་གྱི་རྩལ་ལ་བསྟོད། །
འཁོར་བའི་བསླུ་བྲིད་མཐོང་བའི་ཤེས་རབ་སྤྱན། །
རྟོག་དཔྱོད་རྣོན་པོས་ཆོས་ཀྱི་གཤིས་ལུགས་གཟིགས། །
མུན་པའི་གླིང་དུ་དྲང་བདེན་སྒྲོན་མེ་སྦར། །
ལུང་རིགས་མིག་ཡངས་སྙན་ངག་མཁན་ལ་བསྟོད། །
ཟོལ་སྦྱོར་གདོང་འབག་དྲག་ཏུ་བཤུ་བ་དང་། །
དོན་དམ་བདེན་པའི་སྙིང་པོ་སྟོན་བྱེད་པའི། །
གཡོ་མེད་བློ་གྲོས་རལ་གྲི་ཐོགས་པ་ཡི། །
དཔའ་མཛངས་ལྡན་པའི་རྟོག་དཔྱོད་དབང་པོར་བསྔགས། །
གཉིད་དུ་ཡུར་བའི་འགྲོ་རྣམས་གཉིད་ལས་སློངས། །
རྨོངས་པའི་མུན་ཁྲོད་རིག་པའི་དུང་ཆེན་འབུད། །
དུས་རབས་རྒུད་པའི་རྨ་ཁ་གསོ་བའི་སྨན། །
སྤྱི་ཚོགས་བླ་སྲོག་འཛིན་པའི་དཔའ་བོར་བསྟོད། །
མི་ལོ་སྟོང་ཕྲག་བརྒལ་བའི་ལོ་རྒྱུས་ལྗོངས། །
སྙན་ངག་མཁན་གྱི་སྙིང་སྟོབས་རྡོ་རིང་བཞེངས། །
མི་རབས་ཕྱི་མར་བཞག་པའི་བག་ཆགས་བཟང་། །
ནམ་ཡང་ཉམས་པ་མེད་པའི་གཟི་བྱིན་འབར། །
སྨྲ་བའི་ལྷ་མོ་དབྱངས་ཅན་དགྱེས་པའི་ཞལ། །
ཁྱོད་ཀྱི་སྙིང་གི་པདྨོའི་དབུས་སུ་བཞུགས། །
རྟག་ཏུ་ལེགས་བཤད་བདུད་རྩིའི་ཆར་འབེབས་པའི། །
སྙན་ངག་མཁས་པའི་ཚོགས་ལ་བཀྲ་ཤིས་ཤོག །
ཅེས་པ་འདི་ནི་སྙན་ངག་ལ་དུང་བའི་ཁྲོཾ་ཐར་འཇམ་བློས་སྙན་ངག་པའི་ཚོར་བ་སྐྱེན་པའི་སེམས་ཁམས་དང་། ཚིག་སྦྱོར་རོ་དང་ལྡན་པའི་སྒྱུ་རྩལ་གྱི་མཛེས་པ། དྲང་བདེན་དང་གཤིས་ལུགས་འཚོལ་བའི་རྟོག་དཔྱོད་ཀྱི་རྩལ། མཐར་དུས་རབས་དང་སྤྱི་ཚོགས་ལ་སེམས་ཤུགས་དང་དགེ་མཚན་སྟེར་བའི་བག་ཆགས་དང་མཛད་རྗེས་བཅས་ལ་རང་བཞིན་བརྗོད་པའི་ལམ་ནས་བྲིས་པ་དགེ།
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།