གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་ཀྱི་ན་གཞོན་མཛངས་མ་ཞིག་གི་མི་ཚེའི་བརྩོན་ལེན།

2010-01-01 21:07:00 གསར་འགོད་པ་ཞོགས་ཆར། ཀློག་གྲངས། མཆན ཡོད།

                                      -------ཕྱི་འགྲིམ་སློབ་མ་མགོན་ཐར་སྐྱིད་ལ་བཅར་འདྲི་བྱས་པའི་གནས་ཚུལ་གྱི་འཕྲིན་བཏང་བ།
 
       མགོན་ཐར་སྐྱིད་ནི་མདོ་སྨད་ཨ་མདོ་རྐང་ཚ་མཚོ་འཁྱིལ་ཤང་ཡག་མོ་ཚོ་བར་སྐྱེས་ཤིང༌།   ཆུང་དུས་ནས་ཤེས་རིག་གི་གཤོག་ཟུང་ལྡེམ་པོར་འཇུག་པའི་དགའ་སྟོན་ལ་བརྩམས་ཕྱིར།སྤྱི་ལོ༡༩༩༧ལོར་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་བོད་དབྱིན་འཛིན་གྲྭར་ཞུགས་ཤིང༌། ༢༠༠༣ལོར་སློབ་ཆེན་གྱི་འཚོ་བར་མཇུག་ཤད་བྲིས་ནའང༌།༢༠༠༤ལོར་ཧྥི་ལི་ཕིན(Philippines )རྒྱལ་ཁབ་ལ་ཕྱི་འགྲིམ་བྱུང་རྒྱུའི་གོ་སྐབས་བཟང་བོར་ཐོབ་ཅིང༌།ས་དེ་ན་དབྱིན་སྐད་སྦྱོང་སའི་ཁོར་ཡུག་ལེགས་པོ་ཞིག་ཡོད་ཕྱིར་རྒྱལ་ཁབ་དེ་ནས་མོས་རང་ནུས་གང་ཡོད་ཀྱིས་སློབ་སྦྱོང་ལ་ཧུར་བརྩོན་བྱས་པའི་དབང་གིས་ཧྲོ་ཧྲིའི་ཐོབ་ཐང་གི་མཚན་རྟགས་ཐོབ་ཡོད།ད་ལྟ་ཕྱིར་ལོག་སྟེ་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་ན་དབྱིན་ཡིག་དགེ་རྒན་གྱི་བྱ་བ་གཉེར་གྱིན་ཡོད།
 
དྲི་བ།    ཡ་གྲོགས་མོ་མགོན་ཐར་སྐྱིད་ལགས། ཁྱོད་རང་གནས་ཚུལ་ག་འདྲ་ཞིག་གི་འོག་ནས་དབྱིན་ཡིག་ལ་ཧུར་བརྩོན་བྱེད་འདོད་སྐྱེས་བྱུང༌། 

དྲིས་ལན།  ང་རང་ཉིད་ལ་མཚོན་ན་མཐོ་སྒང་གི་ཁ་བ་བོད་པའི་འབྲོག་མོ་ཞིག་ཡིན་པའི་ཆ་ནས་བོད་ཀྱི་སྤྱི་ཚོགས་ཀྱི་མིག་སྔའི་གནས་བབ་ལ་བལྟས་ཡོང་ན།  ནང་སྒོས་ཁྱད་པར་དུ་འབྲོག་མོ་མང་དག་གིས་དབྱིན་སྐད་མི་ཤེས་ལ།དབྱིན་ཡིག་ཤེས་མཁན་དེ་བས་ཀྱང་ཉུང། དེ་ལྟར་ན་ངས་ནི་དངོས་ཡོད་སྤྱི་ཚོགས་སྟེང་གི་བུད་མེད་རྣམས་ཀྱི་འཚོ་བའི་རེ་སྨོན་དེ་ལེགས་འགྲུབ་ཡོང་ཆེད།  ད་གཟོད་ངས་རང་ཉིད་ནས་འགོ་བརྩམས་ཏེ་ནམ་ཡང་ལས་དབང་གི་བསླུ་བྲིད་ལས་འཕག་འཚག་བྱེད་པའི་མི་ཚེ་ཞིག་གི་འཆར་ཡན་ལོ་རྒྱུས་ལ་ཕྱིར་དྲན་བྱེད་དུས།   ངས་འཛམ་གླིང་གི་འགྲོ་བ་མིའི་རིགས་ཀྱི་འདྲ་མཉམ་ལྟ་ཚུལ་དང་བུད་མེད་ཀྱི་རྩིས་ཐང་ལྷག་ཏུ་དྲན་བྱུང༌།  དེ་བས་ང་རང་ངོས་ནས་ལོ་འདི་འགར་དབྱིན་ཡིག་ལ་འབད་པ་ལྷོད་མེད་བྱས་ཁུལ་བགྱིས་པའི་བར་སྐབས་འདིར་ང་རང་གི་ཕུགས་བསམ་ལྟར་མངོན་འགྱུར་བྱུང་མ་ཐུབ།  ཡིན་ནའང༌། ང་རང་ཅུང་ཙམ་དགའ་འོས་པ་ཞིག་ལ་རང་ཉིད་ད་ལྟ་བོད་ཀྱི་སློབ་གྲྭ་ཆེན་མོ་ཞིག་གི་དབྱིན་ཡིག་དགེ་རྒན་གྱི་བྱ་བ་གཉེར་ཐུབ་སོང་བར་རང་ཉིད་ཀྱི་གྲུབ་འབྲས་ཤིག་ལ་བརྩི་བཞིན་ཡོད།  ཅུང་ཙམ་བཤད་ན་དེ་ཙམ་རེད།

དྲི་བ།  ཁྱོད་རང་ཕྱི་རྒྱལ་གྱི་སློབ་གྲྭ་ཆེན་མོར་འགྲིམ་ཐུབ་རྒྱུའི་གོ་སྐབས་ཇི་ལྟར་རྙེད་བྱུང༌།

དྲིས་ལན།   རང་ཉིད་ཀྱི་ཆེས་ཐོག་མའི་ཕུགས་བསམ་གྱི་གདམ་ག་དེ་ལ་འབད་བརྩོན་ལྷོད་མེད་བྱས་པའི་རྐྱེན་གྱིས་དབྱིན་སྐད་ཅུང་ཙམ་ཤེས་བྱུང་བ་དང་དེ་དང་ཆབས་ཅིག་ཕྱི་རྒྱལ་གྱི་གྲོགས་པོ་མང་པོ་ཞིག་ངོ་ཤེས་སུ་གྱུར་བ་ཡིན།  དེ་མིན་ང་ཚོའི་དབྱིན་ཡིག་དགེ་རྒན་གྱིས་རོགས་སྐྱོར་ཚད་མེད་གནང་བ་ཡིན་ཞིང་ཞོར་དུ་རང་ཉིད་ཀྱི་སློབ་སྦྱོང་གྲུབ་འབྲས་ཀྱང་སྔོན་ཐོན་ཡིན་པས་ད་གཟོད་ཕྱི་འགྲིམ་བྱུང་བའི་གོ་སྐབས་བྱུང་བ་རེད། 

དྲི་བ། ཁྱོད་རང་ཕྱི་རྒྱལ་ལ་སོང་སྟེ་དབྱིན་ཡིག་སྦྱོང་འདོད་ཀྱི་འདུན་པ་དེ་གང་ནས་སྐྱེས་བྱུང༌། 

དྲིས་ལན།  ཐོག་མར་ངས་འདི་ལྟར་འདང་བརྒྱབ་པ་ཡིན། རང་ཉིད་ཀྱི་ཆེད་ལས་ནི་དབྱིན་ཡིག་གི་སྐད་བརྡ་རིག་པ་དང་སློབ་གསོ་རིག་པ་ཡིན་པའི་ཆ་ནས་རང་རྒྱལ་ན་དེ་དག་སྦྱོང་སའི་ཁོར་ཡུག་ལེགས་པོ་ཞིག་མེད་པ་དང༌།གལ་ཏེ་ཕྱི་རྒྱལ་ལ་འགྲོ་ཐུབ་ན་ས་དེ་ན་དབྱིན་ཡིག་སྦྱོང་སའི་ཁོར་ཡུག་བཟང་བོ་ཡོད་ཞིང༌། དུས་རྒྱུན་འཚོ་བའི་ཁྲོད་དུ་དབྱིན་སྐད་ཁོ་ན་བཀོལ་གྱིན་ཡོད་པས་རང་ཉིད་ཀྱི་ཆུ་ཚད་ཇེ་མཐོར་གཏོང་ཐུབ་པར་ཡིད་ཆེས་ཆེན་པོ་བྱེད་མྱོང༌།  དེ་མིན་ཕྱི་རྒྱལ་ལ་དངོས་སུ་སོང་ནས་དབྱིན་སྐད་སྦྱངས་བ་དང་རང་རྒྱལ་ནས་དབྱིན་སྐད་སྦྱངས་བ་རྩ་བ་ནས་འདྲ་བ་མ་རེད།རྒྱུ་མཚན། རྒྱལ་ཁབ་མི་འདྲ་བ་དང༌། མི་རིགས་མི་འདྲ་བ། ཁོར་ཡུག་མི་འདྲ་བ་རེད། དེའི་རྐྱེན་རང་ཉིད་ཕྱི་འགྲིམ་སློབ་མ་ཞིག་ཡིན་པའི་ཆ་ནས་ཕྱི་རྒྱལ་གྱི་དགེ་སློབ་བར་གྱི་འབྲེལ་བ་དང༌།སློབ་ཁྲིད་བྱེད་སྟངས།  ཕྱི་གླིང་བ་དགེ་རྒན་དག་གིས་མ་འོངས་པའི་རྒྱལ་ཁབ་ཞིག་གི་རྒྱུད་འཛིན་པ།མི་རིགས་ཤིག་གི་བླ་སྲོག་མ་དོར་བའི་མ་འོངས་པའི་བྱིས་པ་དག་གི་སེམས་ཁམས་ལ་རྒྱུས་ལེན་སྟངས་སོགས་ལ་སློབ་སྦྱོང་ཅུང་ཙམ་བྱས་ནས་ཕྱིར་རང་རྒྱལ་ལ་ལོག་སྟེ་རང་རེའི་བོད་ཁ་བ་ཅན་གི་སློབ་མ་དག་གི་དབྱིན་ཡིག་དགེ་རྒན་ཞིག་ཏུ་འགྱུར་ཐུབ་སོང་ན་ངས་དབྱིན་ཡིག་སྦྱོང་འདོད་ཀྱི་འདུན་པ་དེ་ཙམ་ཡིན་པ་དང་ནང་སྒོས་ཁྱད་པར་དུ་འབྲོག་པའི་མཐོ་སྒང་གི་བུད་མེད་དག་གི་ནང་ན་དེང་རབས་འཛམ་གླིང་ལ་ཁ་ཕྱོགས་པའི་དབྱིན་སྐད་ཤེས་ནི་ཤིན་ཏུ་ནས་དཀོན་པོ་རེད་སྙམ།དེ་བས་རང་ཉིད་ནས་འགོ་བརྩམས་ཏེ་མི་ཚེ་རིན་ཐང་སློབ་སྦྱོང་ལ་བརྗེ་བསམ་པ་ཡིན། 
 
དྲི་བ།   ཁྱོད་རང་མཚོ་སྔོན་ཟི་ལིང་གི་གནམ་གྲུ་ས་ཚིགས་ནས་རྒྱང་བསྐྱོད་འཕུར་གྲུ་ལ་འདུག་སྐབས་སེམས་ཀྱི་ཚོར་བ་ག་འདྲ་རེད། 
 
དྲིས་ལན།  སྐབས་དེའི་ངའི་སེམས་ཁམས་ཀྱི་འགྱུར་བ་འདི་མོ་ཞིག་རེད།  མ་གཞི་ནས་འགྲོ་བ་མིའི་རིགས་འདི་དགའ་སྐྱོ་ཆགས་སྡང་གི་ཀློང་ན་འཚོ་བའི་མཐོ་རིམ་སྲོག་ཆགས་ཤིག་ཡིན་པའི་ཆ་ནས་རང་ཉིད་ཞེ་ཆགས་སའི་ཕ་མ་དང་ཡུལ་མི་མིང་སྲིང་སོགས་ལ་དྲན་ཤིང་ཡོད་མོད།  འོན་ཀྱང་རང་ཉིད་ལ་སྔ་མོ་ནས་ཕུགས་བསམ་ཞིག་ཡོད་པའི་སེམས་ཀྱི་དགའ་སྤྲོའི་ཚོར་བ་མི་གནོན་ཞིང༌།ཕ་ཡུལ་དང་ཁ་བྲལ་ཁ་མའི་ཡིད་ཀྱི་བྱུང་བ་དེའང་རིམ་བཞིན་ཡངས་ཤིང་རྒྱ་ཆེ་བའི་རང་བྱུང་ཁོར་ཡུག་བོད་ཡུལ་གྱི་ས་ཆ་ཨང་དང་པོ་རང་དབང་མེད་པར་མིག་ལ་ཇི་འདྲའི་མཛེས་པ་དེ་རེད།  ཡིན་ནའང༌།   རང་ཉིད་ཀྱི་ཕུགས་བསམ་ལ་འགན་ཁུར་བའི་ཆེད་དུ་ངས་རང་ཉིད་ཀྱི་མིག་ཆུའི་ཀློང་ནས་རང་ནུས་གང་ཡོད་ཀྱིས་སེམས་ཀྱི་སྙིང་སྟོབས་ལ་ལྷུར་ལེན་གྱི་བརྩོན་འགྲུས་བྱས་པ་ཡིན།དེ་ལྟར་སེམས་ཀྱི་སྐྱོ་སྡུག་གང་མང་ཞིག་རུམ་ནས་རྒྱང་བསྐྱོད་མཁའ་གྲུ་ལ་བསྡད་ནས་ཕྱི་རྒྱལ་ལ་ཆས་པ་ཡིན། 


དྲི་བ། ཁྱོད་རང་ཕྱིའི་རྒྱལ་ཁབPhilippines ལ་འབྱོར་རྗེས་ཆེས་ཐོག་མའི་སེམས་ཀྱི་བྱུང་སྣང་ག་འདྲ་རེད།
 
དྲིས་ལན།  ཆེས་བརྗེད་དཀའ་བའི་སེམས་ཀྱི་ཚོར་བ་ཞིག་ཡོད་པ་ནི་རྒྱལ་ཁབ་དེའི་རང་བྱུང་ཁོར་ཡུག་གི་ཚ་དྲོད་རེད།  ཚ་དྲོད་དེ་ང་ལ་མཚོན་ན་ཇི་འདྲའི་སྔངས་དགོས་པའི་ཡིད་ཀྱི་བྱུང་བ་ཞིག་རེད་ཨང༌། 
 
དྲི་བ།  ཤེས་ཡོན་ཅན་གྱི་མཛངས་མ་ཁྱོད་ལྟ་བུ་དག་གིས་འཐབ་རྩོད་དངོས་ཀྱི་ཞུགས་ཐུབ་པའི་བློ་སྤོབས་ཆེར་བསྐྱེད་ཀྱིས་སྲོལ་རྒྱུན་རིག་གནས་ལ་འཁང་ར་དང་ཡུལ་སྲོལ་གོམས་གཤིས་ལ་ལེ་བདའ་བྱས་ནས་མ་བསྡད་པར་ཕྱི་ནང་གི་རིག་གཞུང་གང་ཡིན་ཡང་ཐོས་བརྩོན་བྱ་ཞིང༌།བུད་མེད་རང་སྟེང་གི་ནུས་པ་ག་འདྲ་ཡིན་པ་གསལ་བོར་ཤེས་ནས་སྲོལ་རྒྱུན་རིག་གནས་དང་སྐྱེས་པ་ཚོའི་གཉའ་གནོན་མ་ཡིན་པའི་བུད་མེད་རང་སྟེང་ནུས་པའི་ངོས་གཞན་ཞིག་ཚོར་གྱིན་འདུགབུད་མེད་དེ་དག་གིས་བུད་མེད་རང་གི་ཐུན་མོང་མ་ཡིན་པའི་ཡོན་ཏན་དེ་ལ་རང་བརྩིའི་བསམ་བློ་ཡོད་ཅིང༌། མ་འོངས་འཕེལ་རྒྱས་ཕྱོགས་ནས་ཀྱང་བསམ་གཞིགས་གམ་མང་གནང་གི་ཡོད་ཚོད་རེད།ཕྱོགས་གཞན་ནས་སྐད་ཆ་རེ་བཤད་ན་བུད་མེད་སྐོར་ཞིག་གིས་བུད་མེད་ཀྱི་གནས་བབ།བུད་མེད་ཀྱི་ཐོབ་ཐང༌།   བུད་མེད་ཀྱི་ལས་དབང༌།བུད་མེད་ཀྱི་ཁེ་དབང༌། བུད་མེད་ཀྱི་གནས་མལ། སོགས་ཕྱོགས་མང་པོ་ནས་འབད་པ་ལྷུར་ལེན་བྱས་ནས་ཁོ་མོ་ཚོས་དུས་དེབ་དང་ཚགས་ཤོག་སྒྲུབ་ཀྱིན་ཕྱོགས་ལ་ཁྱོད་རང་ཉིད་ལ་ལྟ་ཚུལ་ག་འདྲ་ཡོད།

དྲིས་ལན།   དྲི་བ་འདི་ཤིན་ཏུ་ནས་རྒྱ་ཆེན་པོ་འདུག  ཡིན་ནའང༌།   ངས་རང་གི་བསམ་ཚུལ་བཤད།    སྤྱིར་ན་འཛམ་གླིང་རིག་པའི་དཔའ་བོ་དགེ་འདུན་ཆོས་འཕེལ་མཆོག་ནས་མི་ལོ་དུ་མར་ཞིབ་འཇུག་མཛད་པའི་འདོད་པའི་བསྟན་བཅོས་སུ་གསུངས་དོན།  རང་གི་རང་དོན་ཡུལ་གྱི་སྤྱི་དོན་དང༌།།རྒྱལ་བོའི་རྒྱལ་སྲིད་སྤྲང་བོའི་འཚོ་ཐབས་སོགས།། ཆེ་ཆུང་བྱ་བ་གང་དང་གང་བྱེད་ཀྱང༌།།     མེད་དུ་མི་རུང་བ་ནི་བུད་མེད་ཡིན།། ཞེས་གསུང་ཡོད་པར་ལྟོས་ན་བུད་མེད་ནི་འཇིག་རྟེན་མི་ཡུལ་གྱི་རླབས་ཆེ་བའི་ཚེ་སྲོག་གི་མྱུ་གུ་འབྱུང་སའི་ཐོན་ཁུངས་ཤིག་ཡིན་པ་གསལ་བོར་ངེས་ཐུབ།  དེ་ལྟར་ན་བོད་གཞུག་སྐྱིད་ནས་བཤད་དོན།གནམ་གྱི་ཕྱེད་ཀའི་བདག་མོའམ་མིའི་རིགས་ཀྱི་མ་ཡུམ་དུ་གྱུར་བའི་བུད་མེད་རྣམས་ནི་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང༌། དར་རྒུད།འབྱོར་ཕྱུག་དབང་དྲགས་སོགས་གནས་བབ་གང་གི་ཆ་ནས་ཀྱང་གྲུབ་ཆ་འགངས་ཆེན་ཞིག་ཡིན་པ་སྨྲོས་མེད་རེད། ཞེས་པའི་གནས་ལུགས་འདི་ལ་ང་རང་ཉིད་ཇི་འདྲའི་འཐད་ཨང༌།   ང་ཚོས་རང་རེའི་བཙན་པོ་བོད་ཀྱི་ལོ་རྒྱུས་ཡིག་ཚང་ལ་ཞིབ་ལྟ་བྱས་ན་བུད་མེད་ཀྱི་འགན་འཁྲི་དང༌།   འཇོན་ཐང༌། གནས་བབ་སོགས་ནས་ཧ་ཅང་ཞིབ་མོར་བྲིས་ཡོད་པའི་ཡིག་ཚགས་ངས་ཀྱང་མང་པོ་མཐོང་མ་ཐུབ་མོད།  ཡིན་ནའང༌། ང་ཚོས་ངོས་ཤུགས་གང་རུང་ནས་མཐོང་ཐུབ་པ་ནི་རྒྱལ་མོ་འབྲོ་བཟའ་ཁྲི་མ་ལོད་ཀྱིས་བོད་ཀྱི་ཆབ་སྲིད་བསྐྱངས་ཚུལ་དང༌།མ་ཅིག་ལབ་གྱི་སྒྲོལ་མ་ཡིས་ཟབ་མོ་གཅོད་ཀྱི་གདམས་པ་གསར་གཏོད་མཛད་ཚུལ།  རྗེ་བཙུན་མི་ལ་རས་པའི་མ་ཡུམ་མྱང་ཚ་དཀར་རྒྱན་གྱིས་བསམ་བློའི་སྙིང་སྟོབས་ཀྱིས་བོད་ཡུལ་ན་མངའ་བའི་གངས་རིའི་བུ་མོ་དག་ལ་ཁོག་དཔུང་ལ་རྒྱའི་སྤོབས་པ་སྩལ་ཡོང༌།  དེ་བས་ལོ་རབས་བརྒྱད་ཅུ་བ་ནས་ད་ལྟའི་བར་དུ་བོད་པའི་བུད་མེད་ཀྱི་སྤྱི་ཚོགས་ལ་མིག་ཉུལ་ཐེངས་གཅིག་འཕེན་དུས། 《བཞོ་ལུང》དཔེ་དེབ་དང༌།《གངས་རིའི་བུ་མོ》དུས་དེབ།《སྒྲོལ་མ》དུས་དེབ། 《གངས་ཅན་སྐྱེས་མའི་ཚགས་པར》སོགས་ལས་བུད་མེད་རང་གི་དོན་དག་གཞན་སུས་ཀྱང་ཅི་ཡང་མི་བཤད་ལ། གང་གིས་ཀྱང་བུད་མེད་རང་བརྩིའི་བསམ་བློ་ལ་འགན་མ་ཁུར་བའི་སྣང་ཚུལ་ཞིག་ང་རང་ཉིད་ལ་སྟེར་མྱོང༌།  ད་ལྟ་དགའ་འོས་པ་ཞིག་ལ་བོད་ཁུལ་ཡོངས་ནས་བུད་མེད་རྩིས་ཐང་ལ་མཐོང་ཆེན་བྱེད་ཀྱིན་པའི་བོད་ཀྱི་ན་གཞོན་སྐྱེས་པ་སེམས་ཁུར་ཅན་དག་གིས་དངོས་ཡོད་སྤྱི་ཚོགས་ནས་བུད་མེད་ལ་སྐད་ཆ་བཤད་ཀྱིན་པ་ང་རང་བུད་མེད་ཡོངས་ཀྱི་ཚབ་བྱས་ཏེ་ན་གཞོན་སྐྱེས་པ་དེ་དག་ལ་ཐུགས་རྗེ་ཆེ་ཞུ་ན་འདོད་ཡོད། 
 
དྲི་བ།ཁྱོད་རང་སོང་བའི་རྒྱལ་ཁབ་དེ་ནས་མིའི་དཔལ་ཡོན་དང་ཡུལ་སྲོལ་གོམས་གཤིས། ཆོས་ལུགས་དད་མོས།  རིག་གནས་བྱང་ཚད། འཚོ་བའི་སྤྱོད་སྟངས་སོགས་ནས་རང་རེའི་རྒྱལ་ཁབ་དང་མི་འདྲ་སའི་ཁྱད་པར་དང་ནང་སྒོས་བོད་ཀྱི་སྤྱི་ཚོགས་དང་མི་གཅིག་པའི་ལྟ་ཚུལ་ཉུང་བསྡུས་ཤིག་ང་ཚོ་ལ་བཤད་ན་ཇི་འདྲ་རེད།
 
དྲིས་ལན།  ཐོག་མར་མིའི་སྤུས་ཚད་རྩ་བ་ནས་འདྲ་བ་མ་རེད།   དེ་བས་ཕྱོགས་ཡོངས་ནས་འདྲ་ས་མ་རེད།  ཁོ་ཚོ་མི་དང་མིའི་བར་ལ་ཞེ་འདང་ཆེ་ཞིང༌།ཡུལ་དང་དུས་ལའང་དེ་བས་ཀྱང་བརྩི་བཀུར་ཆེ།  མིའི་རང་དབང་བརྩོན་ལེན་ཐུབ་པས་ཆོས་ལུགས་ལ་རང་མོས་ཡོད་པ།  རིག་པའི་གནས་ལ་སྤྲོ་བ་ཡོད་པ།འཚོ་བའི་སྤྱོད་སྟངས་ལ་སྤུས་ཚད་མཐོ་བ་སོགས་ཀྱི་ཁྱད་ཆོས་དང་བྱང་ཚད་ཡ་མཚར་པོ་འདུག  དེའི་རྐྱེན་གྱིས་ང་ཚོས་ཕྱོགས་མང་པོ་ནས་ཁོ་ཚོའི་རྗེས་ཆོད་ཀྱིན་མི་འདུག  ཁྱད་པར་དུ་བོད་པའི་སྤྱི་ཚོགས་ཀྱི་ནག་ཉེས་མཐོང་དུས་ང་ལ་འཇིགས་སྐྲག་སྐྱེས་ཀྱིན་ཡོད།རྒྱལ་ཁབ་གཉིས་ཀྱི་བར་ན་བར་ཐག་ཤིན་ཏུ་རིང་བོ་ཡོད་ཅིང༌། སྤྱི་ཚོགས་འཕེལ་རྒྱས་ཀྱང་གནམ་ས་ལྟ་བུའི་ཁྱད་པར་ཡོད། དེ་བས་ང་ཚོས་བོད་ཀྱི་སློབ་གྲྭ་ཆེན་མོ་ན་སློབ་གཉེར་གྱི་ལས་ལ་བརྩོན་བཞིན་པའི་སློབ་ཆེན་པ་དག་གིས་ངེས་པར་དུ་བསམ་གཞིགས་ཡོད་པའི་སྒོ་ནས་དངོས་ཡོད་སྤྱི་ཚོགས་ལ་ཁ་གཏད་དེ་སློབ་སྦྱོང་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་རེད་སྙམ།
 
དྲི་བ། ཁྱོད་རངPhilippinesརྒྱལ་ཁབ་ནས་ཆེས་སྤྲོ་སྣང་ལྡན་ས་གང་རེད། ཡང་ན་ཆེས་སུན་སྣང་སྐྱེས་ས་གང་རེད།
 
དྲིས་ལན།  རྒྱལ་ཁབ་དེའི་སློབ་ཁྲིད་བྱེད་སྟངས་དང་དཔེ་མཛོད་ཁང༌།  མཚོ་ནང་དུ་ཆུ་ལ་རྐྱལ་བ་སོགས་ནི་ང་ལ་མཚོན་ན་ཆེས་སྤྲོ་སྐྱིད་ལྡན་པའི་ཚོར་བ་ཡོད།  ང་རང་ས་དེ་ནས་ཆེས་སུན་ས་ནི་དུས་ཚིགས་ཀྱི་འཁོར་བསྐྱོད་བར་གྱི་གནམ་ཟླ་ལ་འགྱུར་མེད་པ་དེ་རེད།ནམ་ཡང་ཚ་དྲོད་ཀྱིས་ཁེངས་འདུག་པ་དེ་ལས་གཞན་མེད།
 
དྲི་བ། ཁྱོད་ཀྱིས་ས་དེ་ནས་དུས་རྒྱུན་ཡིད་ལ་དྲན་མྱོང་བའི་ཕ་ཡུལ་གྱི་དོན་དག་གང་དག་ཡོད་མྱོང༌།
 
དྲིས་ལན།  ནམ་རྒྱུན་ང་དང་ང་ལྟ་བུའི་བོད་ཀྱི་ན་གཞོན་མ་དག་གིས་སྐྱིད་སྡུག་དུས་ལྟར་ཡིད་ལ་འཁོར་མྱོང༌།  ཡིན་ནའང༌།  གཙོ་བོ་རང་ཉིད་དང་རང་མོས་ལ་འབྲེལ་བ་ཡོད་པ་ཞིག་ཡིན་པའི་ཆ་ནས་ངས་རང་གི་ལྷུར་བརྩོན་ལ་དུས་ལྟར་རྒྱུན་འཁྱོངས་བྱེད་རྒྱུ་ལས་ཐབས་གཞན་ཅི་ཡང་ཡོད་མ་མྱོང༌།   ང་རང་གི་མཐོང་ཐོས་མྱོང་གསུམ་འདི་ཕྱིར་ཕ་ཡུལ་ཀྲུང་གོའི་མ་ཡུམ་བོད་ཡུལ་ལ་བསྐྱོད་དུས་རང་ནུས་ཡོད་ཚུལ་གྱིས་རང་དང་འདྲ་བའི་བློ་མཐུན་གཞོན་ནུ་མ་མང་པོ་ཞིག་ལ་བསམ་བློ་བརྗེ་རེས་ཀྱི་ཚུལ་དུ་བཤད་འདོད་ཡོད་པ་དེ་ཡིན།
 
དྲི་བ་འདོན་མཁན་ནས།   ཐེངས་འདིའི་བཅར་འདྲའི་གནས་ཚུལ་འདི་ཁྱོད་ཀྱིས་རང་ཉིད་ཀྱི་དུས་ཚོད་ཀྱི་བར་གསེང་ནས་དང་ལེན་བྱས་པར་ཐུགས་རྗེ་ཆེ་ཞུས་ཤིང་ཆབས་ཅིག་ཁྱོད་ཀྱི་བྱ་བའི་འདུན་པ་ཡོད་ཚད་དུས་ལྟར་རྨི་ལམ་ནང་ནས་འགྲུབ་པར་ཡིད་ཆེས་དང་རེ་སྒུག་བྱས་ཏེ་བཀྲ་ཤིས་བདེ་ལེགས་ཀྱི་ཁ་དྲོ་ལོ་བརྒྱ་ཤོག 
 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།