གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོར་ཟིན་པའི་ཨཊ་ལཱན་ཐྲི་སི་གྲོང་ཁྱེར།

2016-01-16 10:27:02 ཐེ་བོ་སངས་རྒྱས། ཀློག་གྲངས། མཆན ཡོད།

images (1).jpg

  སྤྱི་ལོའི་སྔོན་གྱི་ལོ་ 350.ཡས་མས་སུ་གནའ་བོའི་གྷི་རི་སིའི་མཚན་ཉིད་རིག་པ་བ་ཕི་ལཱེ་ཐྲོ་Plato, ལགས་ཀྱིས་ཨཊ་ལཱན་ཊིག་རྒྱ་མཚོའི་Atlantic, དཀྱིལ་གྱི་མཛེས་སྡུག་ལྡན་པའི་གླིང་ཕྲན་ཞིག་གི་སྐོར་བྲིས། ཁོང་རྒྱ་མཚོའི་རྦ་རླབས་འོག་ཏུ་ཉིན་གཅིག་དང་མཚན་གཅིག་བསྐྱོད་ཅིང་། སྒྱུ་འཕྲུལ་ལྟ་བུའི་གླིང་ཕྲན་དེའི་ལོ་རྒྱུས་འགྲེལ་བཤད་ཞིབ་གསལ་རང་བཞིན་ཅན་གྱི་དཔེ་དེབ་གཉིས་བསྣམས་ནས་ཡོང་།  དེ་ནས་བཟུང་ལོ་ངོ་མང་པོའི་རིང་མི་རྣམས་ཀྱིས་བོར་ཟིན་ཅིང་སྦས་པའི་ཨཊ་ལཱན་ཐྲི་སི་Atlantis,གྲོང་ཁྱེར་དེ་བཙལ།  

 ཨཊ་ལཱན་ཐྲི་སིའི་སྐྱེ་དངོས།

  ཕི་ལཱེ་ཐྲོ་ཡིས་འགྲེལ་བཤད་བརྒྱབ་པའི་ནང་། ཨཊ་ལཱན་ཐྲིའི་མི་རྣམས་ཁང་བཟོའི་འཆར་འགོད་ཐད་འགྲན་ཟླ་བྲལ་ཞིང་། དེ་རུ་རྒྱལ་པོའི་ཕོ་བྲང་ཁག་དང་། ལྷ་ཁང་།  གྲུ་ཁའི་མགྲོན་ཁང་།   གྲུ་གཟིངས་ཞིག་གསོ་ཁང་སོགས་ཁང་བརྩེགས་ཚར་དུ་དངར་བ་མ་ཟད། ཡུལ་གྲུ་དེའི་རྒྱལ་ས་ནི་མཐའ་ཆུ་ཡིས་མུ་ཁྱུད་ཀྱིས་བསྐོར་བའི་རི་བོ་ཞིག་གི་སྟེང་ཆགས་ཡོད་པ་དང་། མཐའི་ཆུ་རྐ་ཆེན་པོ་བསྐྲུན་པའི་ནང་གཡོར་གྲུ་དག་གཏོང་སའི་རྒྱ་ཁྱོན་མངའ་བ། ཟོ་ཆུན་ལྟར་འཁོར་བའི་ཆུ་ཡུར་ཆེན་པོ་དེ་ཕྱི་རོལ་ཏུ་འབབ་སའི་སྣེ་རྒྱ་མཚོའི་ནང་དྲངས་འདུག རྒྱལ་སའི་གྲོང་ཁྱེར་དེའི་མཐའ་སྐོར་ལོ་ཏོག་ཕུན་སུམ་ཚོགས་པའི་ས་ཞིང་མཐོང་ཁྱབ་ཏུ་ཡོད་པ། ཞིང་ཁའི་ཕ་རོལ་གྱི་རི་བོ་དག་ལ་ཕྱུག་པོའི་གྲོང་སྡེས་ཡོངས་སུ་ཁེངས་ཤིང་། ངོ་མཚར་ཆེ་བའི་ཁང་བཟང་དག་གི་རྡོ་བའི་རྩིག་ངོས་སུ་རིན་པོ་ཆེ་སྣ་ཚོགས་ཀྱིས་ཕྲ་བཏབ་པ། གསོལ་ཚིགས་ཁང་རྣམས་ཀྱི་ནང་ཆུ་བསིལ་མོ་དང་དྲོན་པོ་དག་བགྲོ་འགྲེམ་བྱས་པ་སོགས་ཀྱི་སྐོར་ཧ་ཅང་ཞིབ་ཕྲ་ཁོད་ཡོད།

ཨཊ་ལཱན་ཐྲི་སི་ནི་རྟོག་སྒྲུང་འབའ་ཞིག་རེད་དམ།

  ལོ་ངོ་ཉིས་སྟོང་ལྷག་གི་རིང་ཨཊ་ལཱན་ཐྲི་སིའི་ལོ་རྒྱུས་ནི་རྟོག་སྒྲུང་ཁོ་ནའི་ངོ་བོར་གནས་མོད། དེ་ནས་དུས་རབས་བཅུ་དགུ་བའི་མཇུག་ཙམ་ལ་མིང་ལ་ཨིག་ནཱེ་ཞེའུ་སི་ཌོན་ལེས་ Ignatius Donnelly,ཞེས་འབོད་པའི་ཨ་རི་བ་ཞིག་རྟོག་སྒྲུང་འདིའི་སྐོར་ཡིད་འཕྲོག་པར་བྱེད་མཁན་དུ་ཆགས། ཁོང་གིས་དེའི་སྐོར་ལ། <ཨཊ་ལཱན་ཐྲི་སི། ཆུས་མ་འཇིག་སྔོན་གྱི་འཛམ་གླིང་།>1  ཞེས་པའི་དེབ་ཅིག་བྲིས་པ་དེ་བྲིན་ཆེ་ཤོས་སུ་གཏོགས། ཨིག་ནཱེ་ཞེའུ་སིས་ཨེ་རྗིབ་ནས་མེག་སི་ཁོ་བར་ཆུ་ལོག་བྱུང་བའི་ལོ་རྒྱུས་ལ་སློབ་སྦྱོང་བྱས་པ་བརྒྱུད། ཕི་ལཱེ་ཐྲོ་ནི་རང་བྱུང་གི་རྐྱེན་ངན་ངོ་མ་དེ་ལོ་རྒྱུས་ཀྱི་ཟིན་ཐོར་བཀོད་མཁན་ཡིན་པའི་ངེས་ཤེས་རྙེད། དེ་ནས་བཟུང་བོར་ཟིན་པའི་གྲོང་ཁྱེར་དེའི་སྐོར་དེབ་ཁ་ཤས་ཐོན།

 ཨཊ་ལཱན་ཐྲི་སི། ངོ་མ་དང་རྟོག་སྒྲུང་།

  ཉེ་རབས་གྷི་རི་སིའི་གནའ་རྫས་རྟོག་ཞིབ་པ་ཨན་ཇེ་ལོ་སི་གྷ་ལཱ་ནོ་ཕུ་ལོ་སི་ Angelos Galanopoulos, ལགས་ཀྱིས་ཨཊ་ལཱན་ཐྲི་སིར་ལྟ་སྟངས་ནི་ཆ་འཇོག་ཕེར་ཤོས་དེ་རེད། ཁོང་གི་ལྟ་ཚུལ་ལ་སྤྱི་ལོའི་སྔོན་གྱི་ 1500. ཙམ་ན་མེ་རི་སྟོབས་པོ་ཆེ་ཞིག་འཕྱུར་བ་ལས་ས་གཞིས་བསྐོར་བའི་མཚོ་ Mediterranean,2  ཡི་དབུས་ཀྱི་སན་ཐྲོ་རཱི་ནཱི་ Santorini, གླིང་ཕྲན་ཚལ་བར་གཤགས་པ་དང་། ཕལ་ཆེར་རྒྱ་མཚོ་འཁྱོམ་པའི་གོད་ཆག་ཁྲོད་གྷི་རི་སེའི་གླིང་ཕྲན་དང་ཡུལ་ལྗོངས་སྲིད་པའི་དཔལ་ཡོན་ཡོད་ཚད་ཧ་ལམ་ཤུལ་མེད་བཟོས་ཞེས་འདོད་ཚུལ་བསྟན་པ་ལས། ཨཊ་ལཱན་ཐྲི་སི་མཚོ་ནང་དུ་ནུབ་པའང་རྐྱེན་ངན་གཅིག་རེད། དེ་ལྟར་ཡིན་པའི་དབང་དུ་བཏང་ན། ཁོས་བཤད་པའི་དུས་ཚོད་ཏན་ཏན་ནོར་བ་མ་རེད་དམ། ཇི་ལྟར་ནོར་བ་རེད་ཅེ་ན། རྟོག་སྒྲུང་དེ་ཡིག་སྒྱུར་སྐབས་སུ་བྱུང་བར་ངེས་ཏེ། ཨེ་རྗིབ་པའི་100.མཚོན་རྟགས་ཐག་པ་དཀྲིས་བརྒྱབ་པ་དེ། 1000.མཚོན་རྟགས་མེ་ཏོག་པདྨ་ལ་ནོར། དེ་ཡིས་ལོ་དགུ་སྟོང་གི་གོང་ནས་ཞེས་པ་ལོ་དགུ་བརྒྱའི་གོང་ལ་གོ་བ་རེད། སྐུ་ཞབས་ཕི་ལཱེ་ཐྲོ་ཡི་འགྲེལ་བཤད་ལས། ནོར་འཁྲུལ་གཅིག་རང་ནི་གྲོང་ཁྱེར་དེ་ཕིལ་ལཱེར་སི་ཡི་ཧེར་ཁུ་ལེ་སི་ Pillars of Hercules, དང་ཐག་ཉེ་བར་བཤད་པ་དེ་རེད།  དེ་དག་གྷི་རི་སི་དང་ཁ་ཐག་ཉེ་བ་དྲན་པ ར་སྣང་།

ཨཊ་ལཱན་ཐྲི་སི་གང་དུ་ཡོད་དམ།

  བོར་ཟིན་པའི་ཨཊ་ལཱན་ཐྲི་སིའི་གྲོང་ཁྱེར་དེའི་ས་གནས་ཏག་ཏག་གང་ཡིན་སྐོར་མི་མང་པོས་དྲི་བ་བཏོན་མྱོང་སྟེ། དབྱིན་ཇི་གོང་མའི་ཕོ་བྲང་གི་མཁའ་དམག་ British Royal Air Force, འདྲ་པར་འགྲེལ་བཤད་མཁན་ཇཱེ་ཨེམ་ཨ་ལེན་ J.M. Allen, གྱིས། ཨཊ་ལཱན་ཐྲི་སི་ནི་བྷོ་ལི་ཝི་ཡ་Bolivia,ཡུལ་གྱི་ཨན་ཌེ་སི་རི་བརྒྱུད་Andes Mountains, ཀྱི་ཉེ་འགྲམ་ཨལ་ཐྲིབ་ལཱ་ནོའི་Altiplano. གཡས་གཡོན་དུ་ཡོད་པ་ར་སྤྲོད་བྱས་པ་ལྟ་བུ་དང་།  མངོན་ཤེས་ཐད་སྐད་གྲགས་ཡོད་པའི་ཨེཌ་གྷར་ཁེ་སིས་Edgar Cayce, བོར་ཟིན་པའི་གྲོང་ཁྱེར་གྱི་རྗེས་ཤུལ་དག་བྷི་མི་ནིའི་གླིང་ཕྲན་Bimini, གྱི་ཉེ་འཁོར་ཧྥི་ལོ་རི་ཌའི་Florida, མཚོ་ངོགས་ན་རྙེད་པར་ཡིད་ཆེས་བྱས།  ཁ་ཅིག་གིས་དེ་ནི་ཨ་མེ་རི་ཁའི་དཀྱིལ་དབུས་ཏེ་རྒྱ་ནག་རྒྱ་མཚོའམ་ཨ་ཧྥེ་རི་ཁའི་རྒྱ་མཚོ་གང་རུང་ནང་བོར་བར་འདོད་ལ། མང་པོ་ཞིག་གིས་ཨཊ་ལཱན་ཐྲི་སི་ནི་ལྷ་སྒྲུང་ལས་མ་འདས་པར་འདོད་ཀྱི་ཡོད། གཞན་ཡང་རྫོགས་ལྡན་ལྟ་བུ་རྟོག་འཆར་གྱི་འཇིག་རྟེན་དེས་མི་སྡེའི་སྤྱི་ཚོགས་ཀྱི་ཤེས་རབ་རྒྱུན་འཛིན་དང་འཛམ་གླིང་ཞི་བདེ་ཡོང་བའི་ཕན་ཁྱད་ཡོད་པར་སྨྲ་མཁན་བྱུང་ལ།

  དེ་ནི་འུ་ཚོའི་ཤམ་བྷ་ལ་གྲོང་ཁྱེར་གྱི་བཀོད་པ་དང་དེར་བགྲོད་པའི་ལམ་ཡིག་སོགས་བཤད་ཚུལ་དང་འདྲ་ས་མང་མོད། བོད་ཡིག་ནང་ད་སྔ་དེའི་སྐོར་བྲིས་པ་ཞིག་མ་མཐོང་བས་ཁོ་བོས་དབྱིན་ཡིག་ལས་སྒྱུར་སྒྲིག་བྱས་པའི་ཁུལ་ཡིན། །

མཆན།
1 ཞེས་པའི་དོན་ཡེ་ཤུའི་ཆོས་འབྱུང་ནང་ཆུའི་འཇིག་པ་ཆེན་པོ་ཞིག་གིས་འཛམ་གླིང་འདིའི་སྣོད་བཅུད་གཉིས་ཀ་སྟོངས་ཚུལ་བཤད།  
2 ཡུ་རོབ་དང་ཨ་ཧྥེ་རི་ཁ་ཨེ་ཤ་ཡ་གསུམ་གའི་དབུས་ཀྱི་མཚོ་ཆེན་པོ་ཞིག

                                                                               རྩོམ་སྒྲིག་པ། དབང་མོ།

            

                                                                              (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)



 


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།