གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྫས་ཚའི་མཛེས་ལྗོངས་ངོ་སྤྲོད།

2016-02-02 14:47:34 རིན་ཆེན་ཐར། ཀློག་གྲངས། མཆན ཡོད།


  ངོ་མ
ར་མར་སྡུག་འབུམ་དུ་དར་བའི་སྤྲིན།།
  གྲགས་སྙན་སྙན་པའི་མཁའ་མཐར་ཁྱབ་པའི་དཔལ།།
  བྲག་ཚོམ་ཚོམ་བུར་བརྡལ་བའི་རྫས་ཚའི་ལྗོངས།།
  ཐོས་འཛིན་འཛིན་མའི་ཁྱོན་དུ་བསྒྲག་ལ་རངས།།

1-120430150023929.jpg

   དེ་ཡང་ཀླུ་རྒྱལ་དཔལ་བཙུན་གྱི་གནས་རི་སྟེ་ཀླུ་ཕྲུག་སྟོང་གི་འདུ་གནས།   ཀླུའི་ཆབ་བྲག་ ཅེས་མཐོན་མཐིང་དགུང་གི་ཀ་བ་འདྲ་བའི་བྲག་རྫོང་ཆེན་པོ།ཕྱྭ་བཟང་མཐོན་པོ་དང་མུར་བཟང་ མཐོན་པོ།རྩ་སྐྱ་མཐོན་པོ་ལ་སོགས་པའི་བྲག་རི་མང་པོས་སྐོར་བའི་དབུས་ན་ངོ་མཚར་མཚོ་རྫིང་དུ་མ་འཁྱིལ་ཞིང་སྨན་སྣ་མང་པོས་ཁྱབ་པ། རི་མཐོ་ས་གཙང་བསིལ་ལ་མཛེས་པའི་གནས་ནས། ཀླུའི་ཆུ་མིག་ བརྒྱ་དང་བརྒྱད་ཀྱི་གྲངས་བཅས་རབ་དཀར་མུ་ཏིག་ཟེགས་མའི་རླབས་ཕྲེང་མཁའ་ལ་འཕྱོ་ཞིང་གཡུ་འབྲུག་སྔོན་མོ་ཁད་ཀྱིས་རྒྱུ་བའི་འགྲོས་ཀྱིས་ཆལ་ཆིལ་དུ་འབབ་པའི་ཆུ་བོ་ག་ལ་བ་དེར་ཀླུ་ཆུ་སྔོན་མོ་ཞེས་བཀྲ་ཤིས་པའི་མཚན་མ་དང་བཅས་མིང་དུ་གདགས་ཤིང་།གང་དེའི་སྟོད་རྒྱུད་འཛིན་མའི་ཁྱོན་ ནས་ཀླུའི་ལྕམ་མོ་སྣེ་རིང་བར་དུ་ཆུ་མིང་ཡུལ་ལ་ཐོགས་ཏེ་ཀླུ་ཆུའི་ཡུལ་དུ་འབོད། དེ་ལ། ཟམ་ཚ་ རོང་འབྲོག་ཚོ་བ་དྲུག་དང་ཤིས་ཚང་ཚོ་བ་བཅུ་གཉིས། སྒྱིས་ཚང་སྡེ་ཚོ་བདུན། ཨ་ལ་ཤོག་པ་ལྔ་བཅས་ སྡེ་མི་དུད་གནམ་གྱི་སྐར་ཚོགས་ས་ལ་ཐང་མར་བརྡལ་འདྲའི་ཡུལ་གྲུ་འདིའི་ཁོངས་སུ།དེང་སང་ཡུལ་སྐོར་ལྗོངས་རྒྱུའི་གནས་མཆོག་ཏུ་སྙན་གྲགས་བ་དན་དཀར་པོ་སྲིད་པའི་ཁྱོན་དུ་ལྷབ་ལྷུབ་ཏུ་གཡོ་ བའི་ལྗོངས་དམ་པ། སྟག་ཚང་དཔལ་གྱི་ལྷ་མོ་དང་། རྐྱང་ཐང་མཚོ་མོ། རྫས་ཚའི་བྲག་ལྗོངས་བཅས་ གསུམ་དུ་གྲགས་པ་ལས།   སྐབས་སུ་བབས་པའི་རྫས་ཚའི་བྲག་ལྗོངས་མཚམས་སྦྱོར་མདོར་ཙམ་བྱ་བ་ལ།

                       དང་པོ།  རྫས་ཚའི་མིང་གི་ཐོགས་ཚུལ་དང་བྱུང་བ་བརྗོད་པ།

  དེབ་ཐེར་རྒྱ་མཚོ་རུ། སྔོན་གླིང་གེ་སར་གྱིས་བཟུང་བའི་ཡུལ་མཛོད་དགེའི་ཕྱོགས་ཞེས་བཀོད་པ། སྨུག་པོ་ལྡོང་གི་རུས་རྒྱུད། ཁྲ་མོ་གླིང་གི་རྗེ་བོ། སྐུ་སེང་ཆེན་ནོར་བུ་དགྲ་འདུལ་དུ་གྲགས་པའི་སྐྱེས་ མཆོག་མི་ཡི་ཉི་མ་གང་དེས་དབང་དུ་བསྒྱུར་མྱོང་བའི་ཡུལ་གྲུ། མཛོད་དགེ་གླིང་དཀར་སྟོད་དུ་འབོད་ པའི་གནས་དེར།སྔར་སྲོང་བཙན་སྒམ་པོ་སོགས་སྤུར་རྒྱལ་བཙན་པོའི་མངའ་ཐང་རབ་ཏུ་རྒྱས་པའི་ སྐབས་སུ། ཐང་རྒྱལ་རབས་ཀྱི་བཙན་འཛུལ་མཐར་སྐྲོད་དུ་གཏོང་བར་དབུས་གཙང་ཕྱོགས་ནས་ དམག་འབོར་ཆེན་ཞིག་མངགས་པ།ཕྱིས་སུ་མཐའ་མཚམས་སྲུང་བར་གཏན་སྡོད་བྱས་པ་དང་ལྡོང་གི་ཚ་རིགས་སུ་གཏོགས་པའི་སྐབས་དེའི་དམག་སྡེའི་རྒྱུད་པ་ཞིག་མཛོད་དགེའི་ས་ཁོངས་རྫའི་སྨུག་པ་ ལུང་ཞེས་པར་གཞིས་ཆགས་པ་ལ།གནས་ཡུལ་དང་དེ་ལ་འཚོ་བའི་རིགས་ཀྱི་མིང་གཉིས་ལྷན་དུ་ བསྡོམས་ཏེ་རྫའི་སྨུག་པ་ལུང་གི་ཚ་རིགས་སམ་བསྡུས་མིང་དུ་རྫའི་ཚ་ཞེས་བོས་པ་དང་།རིམ་འགྱུར་ གྱིས་རྫས་ཚ་ཞེས་པའི་འབྲི་སྲོལ་བྱུང་།
   
  རྫའི་སྨུག་པ་ལུང་དུ། སྐབས་ཤིག་རིང་རྫས་ཚའི་རུ་སྐོར་དར་རྒྱས་ཆེན་པོ་བྱུང་ནའང་། ཕྱིས་སུ་ འགལ་རྐྱེན་གང་ཞིག་གིས་རྐྱེན་བྱས། རུ་གསུམ་དུ་གྱེས་ཏེ། སྐོར་ཞིག་མདོ་སྨད་རོང་ཆེན་བཞིའི་ཡ་ གྱལ་ཐེ་བོ་རོང་དུ་སོང་བར་ཐེ་བོ་རེབ་མདོའི་རྫས་ཚ་དང་། སྐོར་ཞིག་བཞག་སྡོམ་དུ་བསྡད་པ་བཞག་ སྡོམ་རྫས་ཚ་ཡིན་ལ། སྐོར་ཞིག་ཀླུ་ཆུ་སྔོན་མོའི་འགྲམ་ངོགས། རྒྱ་ནག་གོང་མའི་བླ་སྨན་པ་ཁ་ལུང་སྨན་ རྒན་གྱི་འཁྲུངས་གཞིས་ཉང་ཚང་སྟག་ལུང་མདོའི་མས་འགྲམ་གྱི་ཁ་གཏད་དུ།  ཀླུ་ཆུའི་སྲིབ་ངོས་ཀྱི་ སའི་ཆ་སྟེ། གཉན་ནག་ཤུལ་ལམ་སྙིང་ནག་ཤུལ་ཞེས་པར་གཞིས་ཆགས།ཚོ་མིང་སྔར་བཞིན་རྫས་ཚར་ འབོད་པ་དང་། ནང་གསེས་སུ་འགོ་བ་ཚང་དང་། ཨར་མ་ཚང་། འགབ་མ་ཚང་བཅས་ཚོ་ཁག་གསུམ་ གྱིས་གྲུབ།

   ཕྱིས་སུ་འཚོ་བའི་དགོས་དབང་གིས་མི་ཁྱིམ་ཁ་ཤས་ཀྱིས་འབྲོག་བཟུང་བ་དང་། རིམ་གྱིས་ རོང་འབྲོག་གཉིས་སུ་གྱེས།དམངས་གཙོ་བཅོས་བསྒྱུར་ཚུན་དུ་རྫས་ཚའི་རོང་ནི་ཤིས་ཚང་ཡུལ་ཚོ་དང་ རྫས་ཚའི་འབྲོག་ནི་བླ་རི་མགུལ་ཡུལ་ཚོར་གཏོགས་པར་བྱས། ཡུལ་སྐོར་ལྗོངས་རྒྱུའི་མཛེས་ལྗོངས་ས་ ཁུལ་ནི།རྫས་ཚའི་འབྲོག་ཏུ་འབོད་པའི་རུ་སྡེ་ཆགས་པའི་གནས་ཡིན་ལ།དེང་སང་དུད་ཁ་བརྒྱ་དང་ བདུན་ཅུ་ལྷག་དང་། མི་གྲངས་དགུ་བརྒྱ་ལྷག་ཡོད། ས་ཁྱོན་ལ་སྤྱི་མུའུ་ཁྲི་ཚོ་བཞི་བཅུ་ཞེ་གཉིས་ལྷག་ ཟིན།
   
ཡུལ་སྐོར་བ་ལོ་རེ་བཞིན་ཇེ་མང་དུ་སོང་བ་དང་བསྟུན།སྙན་གྲགས་ཕྱོགས་མཐར་ཁྱབ་ཅིང་།རྫོང་ལྗོངས་རྒྱུ་ལས་ཁུངས་ནས་ཀྱང་མི་སྣ་མངགས་གཏོང་གིས་ཡུལ་སྐོར་སྣེ་ཤན་སོགས་ཞབས་ཞུའི་ ལས་ལ་འབུངས་ཁུལ་བྱེད་པའི་དུས་མཚུངས་སུ།ཡུལ་མིང་ལ་ལོག་འགྲེལ་བྱས་པའི་སྣང་ཚུལ་ཡང་བྱུང་བ་ནི།རྫས་ཚ་ཞེས་པ་རྒྱ་ཡིག་གིས་སྒྲ་ཇི་བཞིན་མ་ཐོན་པར则岔འབྲི་བ་ལ།  དེའི་སྒྲ་གདངས་སླར་ བོད་སྐད་ཀྱི་གཙོད་དང་ཚང་གི་སྒྲ་ལ་ཉེ་བར་སྒྲོ་འདོགས་ཀྱིས། སྔར་ས་འདིར་གཙོད་མང་བས་གཙོད་ ཚང་ཟེར་བ་རེད་ཅེས་ཞྭ་དཔེ་ལྷམ་འགེབ་བྱེད་པ་ནི། ཅོལ་ཆུང་བྱིས་པའི་བབ་ཅོལ་ལས་མ་འདས་ཏེ། གོང་བཀོད་ལོ་རྒྱུས་ལ་ངེས་ཤེས་ཅུང་ཙམ་འདྲོངས་པ་ཙམ་གྱིས་ཀྱང་ནམ་ལངས་ཉི་ཤར་བཞིན་ཨ་ གསལ་ཞིང་ཨོཾ་དག་པར་འགྱུར་སྲིད།།

  གཞན་ཡང་།ཡུལ་སྐོར་སྒོ་དབྱེ་ཚུན།མཛེས་ལྗོངས་ས་ཁུལ་ལ།རྫས་ཚའི་བྲག་ལྗོངས་དང་རྫས་ཚའི་བྲག་རྫོང་། རྫས་ཚའི་བྲག་ཚོམ། རྫས་ཚའི་བྲག་ཚལ་སོགས་ཅི་རིགས་སུ་འབྲི་མཁན་ མཆིས་ནའང་།རྫས་ཚ་ནི་རི་བྲག་གཙོར་གྱུར་བ་ལས་གཞན་གདོད་མའི་ནགས་ཚལ་དང་རྫ་ཆུ་བསིལ་མ། སྤང་ལྗོངས། དམངས་སྲོལ་བཅས་གཞི་གཅིག་ཏུ་འདྲེས་པའི་ཀུན་འདུས་ཀྱི་ཡུལ་སྐོར་ ལྗོངས་རྒྱུའི་མཛེས་ལྗོངས་ཤིག་ཏུ་ངོས་འཛིན་བྱེད་ཀྱིན་པས། བྲག་རྫོང་གཙོར་གྱུར་བའི་ཡུལ་ ལྗོངས་སམ་མཛེས་ལྗོངས་ཏེ། བྲག་ལྗོངས་ཤེ་ན་ཁྱབ་ཆེ་ལ་དོན་ལ་གནས་པར་འདོད་ཅིང་། ཀན་ ལྷོའི་ཤེས་རིག་རྒྱས་བཤད་དུའང་བྲག་ལྗོངས་ཞེས་བཀོད་ལ་དེ་ནི་བོད་ཡིག་གི་དཔེ་དེབ་ཏུ་ རྫས་ཚའི་མཛེས་ལྗོངས་ཀྱི་མིང་མངོན་པ་ཐོག་མའང་ཡིན་སྲིད་པས་གུས་པས་ཀྱང་དེ་ལྟར་བྲིས་ལ། བྲག་གིས་བཟུང་བའི་མཛེས་ལྗོངས་ཀྱི་ཆ་ལ་བྲག་རྫོང་དང་།བྲག་རྫོང་ལས་བྲག་ཚོམ་བུར་ ཡོད་པའི་སྐོར་རེ་ལ་བྲག་ཚོམ་ཞེས་བཀོད་ཁུལ་བགྱིས་སོ།།

                       གཉིས་པ།  ཡུལ་སྐོར་སྒོ་འབྱེད་དང་གནས་ཀྱི་མཛེས་པ་བརྗོད་པ།

   ༡༩༨༧ལོའི་ཟླ་༧པ་ནས། སྐབས་དེར་ཀན་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས་པའི་ མགོན་པོ་བཀྲ་ཤིས་མཆོག་ཐེངས་དུ་མར་རྫས་ཚར་རྟོག་ཞིབ་ཏུ་ཕེབས་ཤིང་པར་དུ་བཏབ་སྟེ་ དུས་དེབ་སོགས་གང་སར་འགྲེམས་སྤེལ་བྱས།  གྲོང་ཁྱེར་ཧྲང་ཧེ་ནས་ཁོང་གི་པར་རིས་འགྲེམས་སྟོན་ འདུ་ཚོགས་བསྐངས་པ་དང་བསྟུན་རྫས་ཚའི་མཛེས་ལྗོངས་ཀྱི་སྙན་གྲགས་ཕྱོགས་ཀུན་ཏུ་ཁྱབ། ད་ དུང་ཁོང་གིས་ཁུལ་སྲིད་གཞུང་ལ།རྫས་ཚའི་མཛེས་ལྗོངས་ས་ཁུལ་ཡུལ་སྐོར་ལྗོངས་རྒྱུར་སྒོ་དབྱེ་གཏོང་བའི་ཐད་ཀྱི་བསམ་ཚུལ་ཞེས་སྙན་ཞུ་ཕུལ།
  
༡༩༩༡ལོའི་ཟླ་༨པར་རྫས་ཚ་རུ་ཀླུ་ཆུ་རྫོང་མི་རིགས་ལུས་རྩལ་འགྲན་ཚོགས་བསྡུས་ཤིང་ཡུལ་ སྐོར་ལྗོངས་རྒྱུ་དངོས་སུ་སྒོ་དབྱེ་བཏང་།
  
༡༩༩༨ལོར་རྫས་ཚའི་བྲག་ལྗོངས་དང་རྐྱང་ཐང་མཚོ་མོའི་ཁུལ་གཉིས་རྒྱལ་ཁབ་རིམ་པའི་རང་ བྱུང་ཁོར་ཡུག་སྲུང་སྐྱོབ་ས་ཁུལ་ཀྱི་གྲས་སུ་བཀོད་ཅིང་།   ༡༩༩༩ལོའི་དབྱར་གཞུང་དུ་རྫས་ཚའི་བཀྲ་ ཤིས་རྟ་རྒྱུགས་ཐང་ནས་ཀླུ་ཆུ་རྫོང་ཤིང་སློང་དུས་སྟོན་དང་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྤེལ་ཏེ་ཁྱབ་བསྒྲགས་ཤུགས་ཆེར་བྱས།
  
༢༠༠༦ལོར་རྒྱལ་ཁབ་རིམ་པའི་ཡུལ་སྐོར་མཛེས་ལྗོངས་སྐར་གཉིས་ཅན་གྱི་རིམ་པར་ཚུད།
  
༢༠༡༤ལོའི་ཟླ༡༢པར་རྒྱལ་ཁབ་རིམ་པའི་ཡུལ་སྐོར་ལྗོངས་རྒྱུའི་གནས་མཆོག་སྐར་བཞི་ རིམ་པའི་གྲས་སུ་ཚུད།
   
  འདི་ནི་ནགས་ཚལ་དང་བྲག་ཚོམ། རྩྭ་ཐང་། གཙང་ཆབ།དམངས་སྲོལ་བཅས་གཞི་གཅིག་ཏུ་ འཛོམས་པའི་ཡུལ་སྐོར་མཛེས་ལྗོངས་ས་ཁུལ་ཞིག་སྟེ།  སྡེ་བ་ཆགས་གནས་ནི་མཛེས་ལྗོངས་ལྟེ་བར་ གྱུར་བ་དང་། གང་དེའི་རྒྱབ་རི་སྲིབ་མའི་རྫ་རྒན་ཞེས་གླང་ཆེན་སྣ་ཞགས་ཐད་དུ་བརྐྱངས་བ་ལྟ་བུའི་ རི་བོ་བརྗིད་ཉམས་དང་ལྡན་པ་འགྱིང་སྟབས་སུ་གནས་པས་རྒྱབ་རི་གླང་ཆེན་འགྱིང་འདྲ་དང་།མདུན་རི་ནི་རིན་ཆེན་ལྷུན་པོ་ཞེས། རྩེ་མོ་གཡའ་དང་སྤང་གིས་མངོན་པར་སྤུད་ཅིང་། རྐེད་པ་ཚང་ཚིང་ནགས་ཀྱིས་ཡོངས་སུ་དཀྲིགས་པ།     འདབས་སུ་ཡན་ལག་བརྒྱད་དང་ལྡན་པའི་དྭངས་གཙང་རྫ་ཆུ་ བསིལ་མ་ལྷུང་ལྷུང་དུ་ཀུན་ནས་བསྐོར་ཞིང་འབབ་པ།      རིའི་དབྱིབས་མནྡྲལ་སྤུངས་བ་དང་རབ་ཏུ་ མཚུངས་བས། མདུན་རི་ནགས་རྒྱལ་ཕྱུག་མོ་གཡུ་ཡི་མནྡྲལ་སྤུངས་འདྲ་ཞེས་བཀྲ་ཤིས་མིང་དོན་ མཚུངས་ཆོས་སུ་སྣང་ལ་རི་འདི་མགོན་པོའི་གནས་རིར་གྲགས། འདིའི་གཡས་གཡོན་དུ་གཡང་ལུང་དང་འོ་ལྦོས་ལུང་། དེ་ནས་ཅུང་འོག་རོལ་ཙམ་གྱི་གཡས་གཡོན་དུ། ཧོར་ལམ་སྲིབ་མ་ལུང་དང་ ཧོར་ལམ་ཉིན་མ་ལུང་བཅས། ལུང་བཞི་ཁ་གཏད་དུ་ཡོད་པ་ལུང་བཞི་པདྨ་འདབ་བརྒྱད་དང་། ལུང་ བཞིའི་རི་ངོས་གོང་འོག་གཉིས་རེ་སྟེ་ཁྱོན་བརྒྱད་དུ་བཅད་པའི་ནམ་མཁའི་དབྱིབས་ནི་གནམ་འཁོར་ལོ་རྩིབས་བརྒྱད་དུ་སྣང་བ། ལུང་བཞིའི་ཆུ་བོ་ཁ་སྤྲོད་དུ་འདྲེས་པར་འབབ་པ་ཆུ་བཞི་བདུད་རྩི་ཁ་ སྤྲོད་དང་། དེ་དང་མི་རིང་བའི་ཕྱོགས་བཞིར་མཐོ་ཞིང་བརྗིད་ལ་རྩེ་མོ་དགུང་དུ་བསྙེགས་པ། གནམ་   འདེགས་ཀ་བ་ལྟ་བུའི་སྲིད་པའི་རྫ་རྒན་བཞི་སྟེ། ཤར་དུ་གཡག་ལའི་འོ་ཟོ་མཐོན་པོ། ལྷོ་རུ་རྫ་ རྒན་ཁྲ་ར་མཐོན་པོ། ནུབ་ཏུ་ཡུལ་སྐྱོང་དཔལ་རི་མཐོན་པོ།  བྱང་དུ་ཤུག་རའི་རྫ་རྒན་མཐོན་པོ་བཅས་ ཡོད་པ་གསེར་གྱི་ཀ་བ་བཞི་ལྡན་དུ་གྲགས། ལོགས་ངོས་དག་ན་བྲག་འབའ་འབུར་སྣ་ཚོགས་སུ་སྣང་བ་དག་ཏུ་བཀྲ་ཤིས་རྟགས་བརྒྱད་ཚང་བར་བཤད་པ་དང་། གླིང་སྒྲུང་དུ། ལུང་བཞི་པདྨ་འདབ་བརྒྱད་ རེད།། ཆུ་བཞི་བདུད་རྩི་ཁ་སྤྲོད་རེད།།   རི་བཞི་གནམ་འདེགས་ཀ་བ་རེད།། མཁའ་ན་འཁོར་ལོ་ རྩིབས་བརྒྱད་བཀྲ།། ལོགས་ན་བཀྲ་ཤིས་རྟགས་བརྒྱད་ཚང་།། ཞེས་བསྔགས་པ་ཇི་བཞིན་འཛོམས་པའི་ངོ་མཚར་ཁྱད་ཆོས་དང་ལྡན་ནོ།།
  
  མདུན་རི་རིན་ཆེན་ལྷུན་པོའི་གོང་བ་ནགས་དང་སྤང་གི་སོ་མཚམས་སུ་བྲག་རི་སྣ་ཚོགས་ཀྲོང་ངེར་འགྱིང་བ་དག་ནི། ཇོ་མོ་གངས་དཀར་སོགས་སྨན་བཙུན་ཚེ་རིང་མཆེད་ལྔ་དང་དུས་བཞིའི་ལྷ་མོ།  མགོན་ཆོས་སྡེ་ལྔ་སོགས་དང་ནགས་དཀྱིལ་དུ་སྟག་མོ་ཡར་འགྲོ་དང་རྒོད་པོས་གཤོག་པ་བརྐྱངས་ འདྲའི་བྲག་རི་དང་ནགས་འདབས་གཡས་གཡོན་དུ་སེང་གེ་གདོང་།  ཆུ་སྲིན་གདོང་བཅས་ཀྱི་བྲག་རི་ མངོན་པ་ནི་སྟག་སེང་ཁྱུང་འབྲུག་གི་མཚོན་བྱེད་དུ་སྣང་།
  
རིན་ཆེན་ལྷུན་པོའི་གཡས་ཀྱི་ལུང་བ་གཡང་ལུང་དུ་འབོད་ལ། གཡང་ལུང་ཉིན་གྱི་མས་ངོའི་ གདོང་ག་རུ་རུས་སྦལ་མ་བུ་དང་དགེ་སློང་ཕྱག་འཚལ་གཉིས་གོང་འོག་ཏུ་ཡོད། སྲིབ་ངོས་སུ་བྲག་ཚོམ་ མངོན་པར་བཀྲ་བ་ནི་བོད་ཁམས་སྐྱོང་བར་ཁས་ཆེ་བའི་ཟོ་དོར་བསྟན་མ་བཅུ་གཉིས་གནས་པར་ བཤད་པ་དང་།ད་དུང་གླང་ཆེན་ནོར་ཁུར་རམ་གླང་ཆེན་སྣ་རྩེ་དང་། སྟག་མགོའི་རྣ་རྩེ། ཆུ་བྱ་འགྱིང་རྩེ། རྔ་མོང་སྒལ་རྩེ། སེང་ལུས་མི་གདོང་སོགས་ཡོད།
  
 
  རིན་ཆེན་ལྷུན་པོའི་གཡོན་གྱི་ལུང་བ་འོ་ལྦོས་ལུང་དུ་ཀླུ་མོ་ནོར་བདག་ཕྱུག་མོའི་གནས་དང་།རི་ངོས་སུ་མདུང་སོ་གྱེན་དུ་བསླངས་འདྲ།མཆེ་བ་གནམ་དུ་ལངས་འདྲ་སོགས་བྲག་ཚོམ་གྱིས་ཁེངས་ལ།ལུང་མདོའི་མས་ངོས་ཙམ་ན་གེ་སར་རྒྱལ་བོའི་ཆིབས་སྒ་དང་།དེའི་གཡོན་ཕྱོགས་རི་རྩེར་བྲག་དམར་རྫོང་གི་བླ་རི་དཔལ་རི་རྡོ་རྗེ་བདུད་འཇོམས་དང་།དེའི་ཞོལ་ན་དཔལ་འཁོར་ལོ་སྡོམ་པའི་གནས་ཕུག་སྟེ་བདེ་མཆོག་གནས་ཁང་ཡོད་ཅིང་།དེའི་ནང་དུ་བདེ་མཆོག་ཡབ་ཡུམ་དང་།སངས་རྒྱས་སྟོང་སྐུ་རང་བྱོན་དང་། སྒྲོལ་མའི་གུར་ཁང་། ཡང་ན་མཁའ་འགྲོའི་ཚོགས་འཁོར། མེ་ཏོག་ཕྲེང་བ། ཚེ་ཆུ་སོགས་ མཇལ་རྒྱུ་ཡོད།  གནས་ཁང་ཐད་ཀའི་སྲིབ་ཕྱོགས་རི་འདབས་སུ་ཡན་ལག་བརྒྱད་ལྡན་གྱི་གནས་ཆུ་ ཞིག་ཡོད་པར་མ་ཎི་ཆུ་འཁོར་མང་པོ་བཙུགས་ཡོད་པ་དང་།  སྐྱེས་ཆེན་དམ་པ་དུ་མས་ཞབས་ཀྱིས་ བཅགས་ཤིང་བྱིན་གྱིས་བརླབས་པས། གནས་ཆུ་འདི་འཐུང་ན་སྤྱིར་ནད་ཀུན་ལ་ཕན་ཞིང་ལྷག་པར་ མིག་ནད་དང་བྱིས་པའི་བཤལ་ནད་སོགས་ལ་ཕན་ཚུལ་ཡུལ་མི་དག་ལ་རླུང་ལྟར་གྲགས་སོ།།

     གཞུང་གི་ཆུ་བོ་ཡར་དེད་ན། རིམ་པ་ལྟར། འཛམ་གླིང་བསང་ཁྲི་དང་། གེ་སར་ཆིབས་སྟེགས། གྱད་ཀྱི་མི་བོ་རྩེ།  འགག་སྲུང་སོ་ལྟའི་རྩེ།  གནའ་མཁར་བཙན་རྫོང་།  དེ་ནས་ལ་ཉག་ཅིག་བུད་ན། མིང་གྲགས་ཆེ་བའི་ཆུ་བོ་གྱེན་གཤག་མཐོང་བ་དང་།འདི་ནི་སྔོན་སེམས་ཅན་གྲངས་མེད་ལ་འཚེ་ཞིང་གནོད་པའི་བདུད་ཀྱི་དུག་མཚོ་འཁྱིལ་ཡོད་པ་གེ་སར་རྒྱལ་བོས་སྤྲུལ་བའི་རལ་གྲི་གཡུགས་ཐེངས་ གཅིག་གིས་མངོན་པར་མཐོ་བའི་བྲག་རི་ཕྱེད་གཤག་ཏུ་བཏང་སྟེ་དུག་མཚོ་ཞི་བར་གྱུར་བའི་བཤད་ རྒྱུན་མཆིས་ལ།བྲག་འགག་དེའི་ལོགས་ངོས་གཉིས་གྲིས་བཅད་པ་ལྟར་སྙོམས་ལ་དཔངས་ལ་རྨིད་བརྒྱ་ཡན་ཡོད་པ་དང་།   རིང་ཚད་རྨིད་ཉིས་བརྒྱ་ཟིན་ལ། ཁ་ཞེང་རྨིད་ལྔ་དྲུག་ཙམ་མ་གཏོགས་མེད་པ།  དེ་བརྒྱུད་དུས་གནམ་ཤུར་ཤུར་ཙམ་མ་གཏོགས་མཐོང་རྒྱུ་མེད་ལ་ཆུ་བོ་གྱེན་དུ་བརྒལ་ནས་འགྲོ་ དགོས་པས་ཆུ་བོ་གྱེན་གཤག་གམ་གྱེན་གཤག་འགག་ཟེར། དེའི་བྲག་ངོས་སུ། འདོ་རྗེ་རྐྱང་རྒོད་གཡེར་ བའི་རྨིག་རྗེས་དང་། རྟ་འདོགས་ཁུང་བུ་ཡོད།འགག་སྣེ་གོང་དུ་འགག་བཙན་རྦབ་ཆུ་ཡོད་ལ།  དེ་ནས་ བག་ཙེ་བླ་རི། མཚོ་གནམ་མཚོ་དང་གཡུ་མཚོ། དཔའ་རྟུལ་རྨོག་དཀར་རྩེ། འདན་མའི་མདའ་ཤུལ། བྲག་དཀར་པོ་ཏ་ལ་སོགས་ཡོད་པ་དང་། འདིའི་བར་གང་རུང་ན། རྒྱལ་ཆེན་སྡེ་བཞི་དང་། དགའ་ལྡན་ ཡིད་དགའ་ཆོས་འཛིན་གྱི་ཕོ་བྲང་། གེ་སར་རྒྱལ་བོ་གཙོས་གླིང་གི་དཔའ་རྟུལ་སུམ་ཅུའི་རང་བྱོན་ སྣང་བརྙན་སོགས་ཡོད་པར་བཤད། གོང་དུ་གྱེན་གཤག་གོང་མ་དང་། བོ་མོག་བྲག་རྒན་དང་དེ་རུ་ སྒོམ་ཆེན་པ་མང་པོའི་སྒྲུབ་ཕུག་ཡོད། དེའི་གོང་དུ། བྲག་ཆུ་འབབ་དང་། རྫ་འགག་རྒན་མོས་སྟོང་ཐུབ། བྲག་ར་ཟོར་མ། རྒོད་པོ་སྟག་རྫི་སོགས་མང་པོ་ཡོད།
  
  གནས་འདིར་རྒྱལ་སྲིད་སྣ་བདུན་ཡང་ཚང་བར་བརྗོད་ན་ནི། ཡུལ་སྐྱོང་དམག་དཔོན་དམག་དཔོན་རིན་ཆེན།ཀླུ་མོ་ནོར་བདག་བཙུན་མོ་རིན་ཆེན།གླང་ཆེན་ནོར་ཁུར་ནོར་བུ་རིན་ཆེན་དང་གླང་ བོ་རིན་ཆེན།དཔའ་རྟུལ་རྨོག་རྩེ་བློན་པོ་རིན་ཆེན།ནམ་མཁའ་འཁོར་ལོ་འཁོར་ལོ་རིན་ཆེན།རྐྱང་རྒོད་རྨིག་རྗེས་རྟ་མཆོག་རིན་ཆེན་བཅས་འཛོམས་པ་སོགས་བྲག་རི་སྣ་ཚོགས་གཟུགས་དབྱིབས་འདྲ་མིན་ དུ་མ།  སྟག་གཟིག་གནམ་ལ་མཆོངས་འདྲ།  མཆེ་བ་གྱེན་དུ་བསླངས་འདྲ།  རྒོད་པོས་འདབ་གཤོག་ བརྐྱངས་འདྲ་སོགས་མང་པོ་ཡོད་པ་དང་།བརྟག་དཔྱད་ཡིག་ཚགས་ལྟར་ན།གནས་འདིར་བྲག་རི་ཆེ་ ཆུང་ཆིག་སྟོང་ལྔ་བརྒྱ་ལྷག་ཡོད་པར་བཤད་པ་དང་།དེ་དག་ཉི་ཟླའི་འཆར་ནུབ་དང་དུས་ཀྱི་འགྱུར་བག་ཁྲོད་ཟུར་དང་ངོས་མི་འདྲ་སོ་སོ་ནས་འདྲ་མིན་ཅི་རིགས་མཐོང་ཆོས་སུ་ཡོད་ཅིང་།  རེ་རེར་མིང་ དང་དེ་འབྲེལ་གྱི་གཏམ་རྒྱུད་རེ་ཡོད་ངེས་ཀྱང་གུས་པས་ད་སྔ་ཤེས་ཚོད་ནི་དེ་ཙམ་གདའོ།།

  གོང་བཀོད་དེ་དག་མིང་གི་ཐོགས་ཚུལ་ལྟར་དབྱེ་ན།མཚུངས་ཆོས་སུ་སྣང་བའི་ཆ་ནས་མིང་དུ་ཐོགས་ཟིན་པ་ནི། གླང་ཆེན་ནོར་ཁུར། དགེ་སློང་ཕྱག་འཚལ། མཚོ་བྱ་འགྱིང་རྩེ།  སྟག་མགོ་ རྣ་རྩེ།  རྔ་མོང་སྒལ་རྩེ།  གླང་ཆེན་སྣ་རྩེ།  སེང་གེ་གདོང་། ཆུ་སྲིན་གདོང་། སེང་ལུས་མི་གདོང་། འགག་སྲུང་རྒྱལ་ཆེན། སྟག་མོ་ཡར་འགྲོ ཟླ་གཟིགས་སྤྲེའུ།  གྱད་གྱི་མི་བོ་རྩེ།  དཔའ་རྟུལ་རྨོག་ དཀར་རྩེ།  བྲག་དཀར་པོ་ཏ་ལ་སོགས་དང་། 
  
ངག་རྒྱུན་དང་ལྡན་པར་མིང་དུ་གདགས་པ་ཆུ་བོ་གྱེན་གཤག་དང་། རྐྱང་རྒོད་རྨིག་རྗེས། རྟ་འདོགས་ཁུང་བུ། འདན་མའི་མདའ་རྗེས། འཛམ་གླིང་བསང་ཁྲི། གེ་སར་ཆིབས་སྟེགས། གེ་སར་ཆིབས་སྒ་སོགས་དང་། སྐྱེས་ཆེན་དུ་མས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་མཆོག་སྟེ།བདེ་མཆོག་གནས་ཁང་། སྒྲོལ་མའི་གུར་ཁང་།  མདོ་སུམ་སྒྲུབ་ཕུག  ཀླུ་མོ་ནོར་བདག མ་ཎི་ཆུ་འཁོར།  བེག་ཙེ་ གནས་རི།  རྒོད་པོ་སྟག་རྫི། མགོན་ཆོས་སྡེ་ལྔ།དུས་བཞིའི་ལྷ་མོ།ཚེ་རིང་མཆེད་ལྔ། བསྟན་མ་བཅུ་ གཉིས་སོགས་དང་། མཚོ་གནམ་མཚོ་དང་གཡུ་མཚོ་སོགས་དང་། གཞན་ཡང་། བྲག་སྐྱིབས་དག་ན་བི་ཤྭ་ཀརྨའི་སོར་རྩེ་ལས་ཐོན་པ་ལྟ་བུའི་བསོད་ནམས་ཀྱི་ཞིང་ དུ་སྨིན་པ། སྟོན་པ་ཤཱཀྱ་ཐུབ་པའི་སྐུ་བརྙན་དང་། ཐུགས་རྗེ་ཆེན་མོ་ཁ་སར་པ་ཎིའི་སྐུ་བརྙན། སློབ་ དཔོན་པདྨ་འབྱུང་གནས་ཀྱི་སྐུ་བརྙན། རྒྱལ་བ་ཡབ་སྲས་གསུམ་གྱི་སྐུ་བརྙན། འཛམ་གླིང་སེང་ཆེན་ གྱི་སྐུ་བརྙན་སོགས་མང་པོར་མཇལ་རྒྱུ་ཡོད།

  བྲག་ངོ་མཚར་དུ་མ་འཇིག་རྟེན་རྒྱན་དུ་ངོམས་པ། སྤང་ཐམས་ཅད་སྣུམ་ཞིང་བཀྲ་བ། ཆུ་ཐམས་ ཅད་དྭངས་ཤིང་བསིལ་བ། ནགས་ཐམས་ཅད་དྲང་ལ་ལྡེམ་པ། བྱ་རྒོད་པོས་ནམ་འཕངས་གཅོད་ས། ཤ་དགོ་བ་རྩེད་འཇོ་བྱེད་ས། བྱིའུ་འཇོལ་མོས་གླུ་དབྱངས་ལེན་ས། སྦྲང་ཕྱེ་ལེབ་གར་དུ་རྩེན་ས།   སྤང་བདེ་མོར་མེ་ཏོག་བཀྲ་ས།ཁོད་ཡོངས་ལ་ལྗང་ལོ་ཁྱབ་ས་ཞེས་ཆེད་དུ་གནས་འདིར་བརྗོད་ པ་དང་གཉིས་སུ་མེད་ལ། 《ངོ་མཚར་སྐལ་བཟང་འཇུག་ངོགསལས། ཁང་ས་ཞིང་ས་ས་ཡི་ དགེ། འཐུང་ཆུ་ཡུར་ཆུ་ཆུ་ཡི་དགེ། གམ་འབྲོག་རྒྱང་འབྲོག་འབྲོག་གི་དགེ། ཁང་ཤིང་བུད་ཤིང་ཤིང་གི་དགེ། ཁང་རྡོ་ཐབ་རྡོ་རྡོ་ཡི་དགེ། ཞེས་གསུངས་པ་ལྟར།རྩྭ་ཆུ་ཤིང་གསུམ་དང་ས་རྡོ་སོགས་ཐོན་ཁུངས་ཕུན་སུམ་ཚོགས་པས་ས་ཡི་དགེ་བཅུ་མ་ལུས་ཡོངས་སུ་འཛོམས་པའི་གནས་སུའང་བཤད་དོ།།     

                      གསུམ་པ། སྐྱེ་ཁམས་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་བཤད་པ།

  གནས་འདི་ནི་ཟོག་ལུག་འཚོ་སྐྱོང་ལ་གཞོལ་བའི་འབྲོག་རྐྱང་གི་ས་ཁུལ་ཞིག་ཡིན་པ་དང་ཡུལ་སྐོར་མཛེས་ལྗོངས་ས་ཁུལ་ཕུད། རྫ་ཉིན་དང་ཡར་སྒོ གཟིག་མདོ། ཚྭ་ཁོག་སོགས་ཀྱི་ས་ཆ་ཡོད་ཚད་ རི་དམའ་ལ་ཐང་བདེ་བ། རྩྭ་ཆུ་འཛོམས་ཤིང་ཁོད་ཡངས་པ། སྤང་རི་སྤང་ཐང་ཁྱོན་ཆེ་བ །ཉིན་རྩྭ་བལ་དཀར་གྱི་ཁ་ཆུ་དང་མཚུངས་ལ། སྲིབ་རྩྭ་རྒྱ་མོའི་ཅ་ལ་དང་འདྲ་ཞེས་རྩྭ་ནི་བཅུད་ཆེ་ལ།  སུལ་སུལ་ ཀུན་ཏུ་རྫ་ཆུ་བསིལ་མ་ལྷུང་ལྷུང་དུ་འབབ་པ་བཅས་གཡང་གི་ར་བ་སྒོ་བཞི་འཚོ་སྐྱོང་ལ་མཆོག་ཏུ་ སྨན་པས་གཡང་གི་འཕེལ་ཁ་དར་བ་ནི། རྟ་བོ་དྲུག་ཞེང་ཅན། རྒོད་མ་ཐེར་ཞེང་ཅན། མཛོ་བོ་རྭ་ཁ་ཅན། ཡང་ན། འབྲི་ཐུལ་ལུ་ནུ་ལེགས་ཅན། གཡག་རོག་པོ་ཞོལ་རྩིད་ཅན། ལུག་གཡང་དཀར་ བལ་རྫོང་ཅན་དག་ཁྱུ་དང་ཁྱུ་བྱས་རི་ལུང་ཐང་གསུམ་སྐར་ཚོགས་ས་ལ་བཀྲམས་པ་ལྟར་ཁྱབ་ཅིང་། ལྷག་པར་དུ། རྫ་ཉིན་གྱི་ཟོག་དང་ཚྭ་ཁོག་གི་ལུག་ཅེས་བོངས་ཆེ་ལ་ཤེད་དང་ལྡན་པས་ཉེ་རིང་ཀུན་ཏུ་སྙན་གྲགས་ཀྱིས་ཁྱབ་པ་དང་།ཟོག་ལུག་མང་ཤོས་སུ་ཟོག་བཞི་བརྒྱ་ཡས་མས་དང་།ལུག་བདུན་བརྒྱ་བརྒྱད་བརྒྱ་འཚོ་སྐྱོང་བྱེད་པའི་དུད་ཚང་ཡང་མཆིས་སོ།།

   སྡེ་བའི་གོང་འོག་ནས་ཐང་མོ་ཆེ་བར་གྱི་ལུང་བ་སོ་སོར་ཆུ་བྲག་ནགས་གསུམ་འཐབ་ཅིང་། སྲིབ་ཕལ་ཆེར་ནགས་གྱིས་བཟུང་སྟེ་ལྗོན་ཤིང་སྣ་ཚོགས་ལོ་འདབ་ཤིག་ཤིག་དུ་གཡོ་བ་ནི་།ཐང་ཤིང་དང་སྒྲོན་ཤིང་། ཤུག་པ། སྟག་མ། ད་ལི། འོམ་བུ། མཛོ་མོ་ཤིང་། ལྕང་མ།  གླང་མ།  སྟར་བུ། སུ་རུ།སྤེན་མ་ལ་སོགས་པའི་ནགས་ཀླུང་རབ་ཏུ་རྒྱས་པ་འདེབས་མི་དགོས་རང་སྐྱེས་སུ་ཡོད་པ་དང་།དེ་དག་གི་གསེང་ན་བཟའ་ཆོག་ལ་ཞིམ་མངར་དང་ལྡན་པའི་རི་སྐྱེས་སིལ་ཏོག་མང་པོ་སྟེ། འབྲི་སེའུ། ཁྲོམ་སེའུ། ཨ་དམར་སེའུ་དམར། སེའུ་ནག དྲེད་མོང་སེའུ་དཀར། ཁྭ་ཏའི་རྐྱལ་བ། རི་བོང་མིག་རྡོ། གླ་སྟར། ས་སྟར། སེ་བ་སོགས་ཤིན་ཏུ་མང་ལ། ཤ་མོང་གི་རིགས་ལ། ནགས་ཤ སྤང་ཤ སྟག་ཤ ཚ་ཤ དཀར་ཤ འབྲུག་སྡེར། ཀི་ཏོའི་ཤ་མོང་སོགས་དང་།  རྩྭ་སྨན་གྱི་རིགས་ལ་ནི།དབྱར་རྩྭ་དགུན་འབུའི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཞིག་ཡིན་པ་དང་།ད་དུང་། ཀྱི་ལྕེའམ་ཤེལ་ཏང་། ལྕུམ། ཁུར་མོང་། སྤང་སྤོས། འཁན་པ། ཛ་སུག་ཀོ་གསུམ།ཅུ་གུམ་ལུ་གསུམ། ཨ་བ་སྐྱུ་གསུམ་སོགས་ཐང་སྨན་དང་ཤིང་སྨན། སྔོ་སྨན་སོགས་སྨན་གྱི་རིགས་ སུ་གྱུར་བ་མ་ཚང་བ་མེད་པ། ཉི་མ་མི་མཐོང་བའི་བྲག་ཁུང་དང་བྲག་སྐྱིབས་དག་ན་ཅུ་གང་དང་ བྲག་ཞུན་མོད་ལ། ལྷག་པར། ཚྭ་ཁོག་ཏུ་ཆུ་ཚྭ་སོགས་གཞན་དུ་མེད་པའི་སྨན་ཡང་ཡོད་པ་ཀླུ་སྟོད་ལོ་རྒྱུས་དག་ལས་གསུངས། ས་འོག་དག་ན་གཏེར་ཁ་ཡང་ཕུན་སུམ་ཚོགས་པ་ཡོད་པར་བཤད་མོད།རྒྱལ་ཁབ་རིམ་པའི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་གྲས་སུ་གཏོགས་གཤིས་སྔོག་འདོན་ལ་བཀག་རྒྱ་ ཐེབས་རྐྱེན་རང་སོར་ལུས་པ་ས་ཡི་བཅུད་ཅིག་ཅི་ལ་མིན།

  གཞན་ཡང་།  གནས་འདིར་འཚོ་བའི་སྲོགས་ཆགས་ཀྱི་རིགས་ལ། གཟིག་དང་དྲེད་མོང་།སྤྱང་ཀི འཕར་བ། ཝ། གསའ། སྦྲེ། གཡི་དཀར་ནག་སེར་གསུམ། སི་ལི་སྟག སྲེ་མོང་། རི་བོང་། གྲུམ་པ། རྟེའུ་ལོ། འཕྱི་བ། ཤ་བ་དང་དགོ་བ། ཤ་རྒྱ། གནའ། ཁ་ཤ། གླ་བ།ཕག་རྒོད་སོགས་གཅན་གཟན་དང་རི་དྭགས་ཀྱི་རིགས་མང་ཞིང་། འདབ་ཆགས་ཀྱི་རིགས་ལ་ནི། ཐང་དཀར་དུང་གི་འདབ་གཤོག་ཅན། ཐང་སྨུག་མཆོང་གི་མཆུ་ལུ་ཅན། གོ་བོ་གསེར་གྱི་ཐོར་ ཅོག་ཅན། ཁྲུང་ཁྲུང་བུམ་པའི་མགྲིན་པ་ཅན། ནགས་དེ་ཟངས་ཀྱི་ཁྲབ་རིས་ཅན། ངང་བ་ཆོས་གོས་ལྷབ་ལྷུབ་ཅན། སྐྱ་ཁྲ་ལྕགས་ཀྱི་སྤར་མོ་ཅན། སྟག་ཁྲ་པུ་ཤུད་ལྡེམ་ཡག སྲིན་བྱ་འུག་པ་སེར་ སྤོབ། དུས་བྱ་འོལ་བ་ལྡིང་ཆེན། ལྷ་བྱ་གོང་མོ་དཀར་ཡག  གསེར་མོང་ཁྲ་རིས། ཕུག་རོན་སྔོ་ཀེ ཕོ་རོག་ནག་ཆུང་། ནགས་བྱ་ཁྭ་ཏ། སྐྱ་ཀ་ཁྲ་མོ།  གླག་རྒན་རོག་མོ།  འཇོལ་མོ།ནེ་ལེ།  ཁུ་བྱུག  བྱ་སྒྲི་སྒྲི་མ།  བྱ་མ་བྱེའུ།  ཤིང་རྟ་མོ།  བྱེའུ་དམར།  བྱ་ཝང་།  སྲེག་པ།  ཁུག་རྟ། མཆིལ་བ། བྱེའུ་མཐེ་བོང་སོགས་དང་། ཆུ་ལ་གནས་བའི་ཉ་དང་སྲམ། རྩངས་པ། སྐྱར་མོ། ངུར་བ། སྦལ་བ་སོགས་འགང་ཆེའི་སྲོགས་ཆགས་མང་པོ་ཡོད་པ་ནི། མཚོ་ཉིན་དང་རྫས་ཚའི་ས་ ཁུལ་གཉིས་རྒྱལ་ཁབ་རིམ་པའི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ས་ཁུལ་དུ་ངོས་འཛིན་བརྟག་དཔྱད་ཡིག་ཚགས་ལྟར་ན། རྩི་ཤིང་སོགས་སྐྱེ་དངོས་རིགས་༥༢༩དང་། བྱ་རིགས་༡༤༤། རི་དྭགས་དང་གཅན་ གཟན་༣༨ཡོད་ཅེས་རེ་རེ་ངོས་འཛིན་བྱས་ཡོད་ཀྱང་། འདིར་ཡུལ་མི་དག་གིས་ངོས་ཟིན་པའམ་ དུས་རྒྱུན་མཐོང་ཡུལ་དུ་གྱུར་བ་དག་ལས་གཞན་མ་བཀོད།
 
རི་ལུང་སྔོ་ལྗང་གིས་གཡོགས་ཤིང་།མེ་ཏོག་ཕྲ་བརྒྱན་དུ་བཀོད་པའིདབྱར་གྱི་ལང་ཚོ་མངོན་པར་ བདོ་བའི་དུས་བཟང་ལ།འདབ་ཆགས་མགྲིན་རྔ་ཀྱུར་ཀྱུར་དུ་འཁྲོལ་ཞིང་།ཕྱེ་ལེབ་གར་སྟབས་ལང་ལོང་དུ་རྩེན་པ།   མཁའ་རུ་སྤྲིན་དཀར་ཕང་ཕུང་དུ་རྒྱུ་ཞིང་།  ས་རུ་ཆུ་ཕྲན་ལྷུང་ལྷུང་དུ་དགོད་པའི་ལྗང་ མདོག་གི་ཕ་ས་སྟེ་མེ་ཏོག་གི་ཞིང་ཁམས་འདིར།     ངོ་མཚར་བྲག་ལྗོངས་བསུང་ཞིམ་ཀྱོ་བ་ཡིས་ དྲངས་ཏེ།གྲངས་མེད་མགྲོན་པོ་བུང་བའི་ཁྱུ་ཚོགས་བཞིན་འདུ་བ་ལ། ངོ་སྤྲོད་རགས་ཙམ་དུ་བཀོད་པ་ བཀྲ་ཤིས་པར་གྱུར་ཅིག་གུ།།

                     མཛེས་མཛེས་ཆུ་བྲག་ལྗོན་པ་འཐབ་པའི་ཞིང་།།
                     མར་མར་གཏམ་གྱི་ཁྱེའུ་སྦྲུམ་པའི་ལྗོངས།།
                     འཐོམ་འཐོམ་ང་འདྲས་འབྲི་ཡུལ་མ་ལགས་ཀྱང་།།
                     གོགོ་ཡི་གེར་བཀོད་འདི་ནོར་ན་བཤགས།།

                                       ༢༠༡༥ ལོའི་ཟླ ༩ བར།


                                                                                    རྩོམ་སྒྲིག་པ། སྐྱ་བོ།

            

                                                                              (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)



རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།