གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོ།

2018-02-12 15:13:20 དུང་དཀར་བློ་བཟང་འཕྲིན་ལས་སོགས། ཀློག་གྲངས། མཆན ཡོད།


  《སྨོན་ལམ་ཚིག་མཛོད་ཆེན་མོ》རུ་གསལ་པ་ལྟར་ན། མདོ་ཁམས་ལྡན་སྟོད་གཙོང་དུ་ཞེས་པར། འབྲུག་རྒྱལ་སྐྱུ་རུའི་གདུང་། རྙིང་མའི་སྔགས་འཆང་ཟམ་མ་ཆད་པའི་བརྒྱུད་པར། ཡབ་རྡོ་རྗེ་དང་ཡུམ་མཁའ་འགྲོ་བཙུན་མའི་སྲས་སུ་༡༡༤༣ ལོར་འཁྲུངས། གཞོན་དུས་ནས་སྙིང་རྗེ་ཆེན་པོ་མངའ་ཞིང་ཡབ་ཆོས་ཕལ་ཆེར་མཁྱེན། ཕག་མོ་གྲུ་པའི་སྙན་པ་གསན་པས། དད་པས་དབུས་གཙང་དུ་ཕག་གྲུ་ཟླ་བ་སུམ་ཅུ་རྩ་གཉིས་བསྟེན། རྟེན་དགེ་བསྙེན། ན་བཟའ་ར་ཐུལ་ཞིག་བཞེས་པས་དགེ་བསྙེན་ར་ཐུལ་ཅན་ཞེས་གྲགས། བླ་མས་ཁྱོད་སྒོམ་ཆེན་བཟང་པོ་ཞིག་འོང་ཞེས་ལུང་བསྟན། འགྲོ་མགོན་གཤེགས་ནས་ཨེ་ཆུང་ཕུག་པར་ཐུགས་དམ་ལ་བཞུགས་པས་སྙུན་མཛེ་དྲག་པོ་ཞིག་བྱུང་། རྫ་གསེབ་ཏུ་བཞུགས་ཏེ་རོ་སུས་ཀྱང་མི་མཐོང་བ་ཞིག་བྱ་སྙམ་ནས་བྱོན་པར་ཆས། ཡི་དམ་སྤྱན་རས་གཟིགས་ཀྱི་སྐུ་ཞིག་ཡོད་པ་ལ་ཕྱི་ཕྱག་བགྱིས། སྐུ་ཤེད་ཆུང་བས་ཁ་བུབ་ཏུ་ཅུང་ཞིག་ལུས་པ་ན། དང་པོར་རང་གི་སྡུག་བསྔལ་བསམ། དེ་ནས་འགྲོ་བ་ཐམས་ཅད་ཀྱི་སྡུག་བསྔལ་བསམས་པས། སྙིང་རྗེ་ཆེན་པོ་བཟོད་གླགས་མེད་པ་ཞིག་འཁྲུངས། ས་ཐམས་ཅད་སྤྱན་ཆབ་ཀྱིས་བངས། ཀླུ་གདོན་དེ་འཁོར་དང་བཅས་པ་སྐུ་ལུས་ལས་ཐོན་སོང་བ་གཟིགས། སྒོམ་རོ་གཅིག་གི་རྟོགས་པ་ཐུགས་ལ་འཁྲུངས་པས། ཞག་གསུམ་དྲོ་བཞིའི་ནངས་པར་ན། །མི་ཁོ་བོའི་ལས་ངན་རང་སར་དག །ཅེས་གསུངས། དེ་ལྟར་གྲུབ་པ་བརྙེས་པའི་སྙན་པས་འུར་བསླངས། གཞན་གྱི་སྟོན་མོའི་གྲལ་དབུ་ལ་སྤྱན་དྲངས་པ་ཞིག་གི་ཚེ། ཐོད་པ་བསམ་གྲུབ་ཀྱི་སྲས་མོ་སྐུ་མདུན་དུ་གཅེར་བརྒྱུགས་བྱས་པས། ང་རྟེན་དགེ་བསྙེན་དུ་སོང་བས་བརྙེས་པ་ཡིན། ཅིས་ཀྱང་རབ་ཏུ་བྱུང་དགོས་འདུག་དགོངས་ནས། སོ་ལྔ་པ་ལ་ཕག་མོ་གྲུར་ཞང་སུམ་ཐོག་པས་མཁན་པོ། ཙི་ལུང་སློབ་དཔོན། གཉན་པ་འདུལ་འཛིན་གྱིས་གསང་སྟོན་བྱས་ཏེ་ཆིག་རྫོགས་མཛད། མཚན་རིན་ཆེན་དཔལ། གཉལ་པ་འདུལ་འཛིན་ལ་མདོ་རྩ་ལེགས་པར་བསླབས། འགྲོ་མགོན་གཤེགས་རྗེས་སུ་བླ་མ་ཞང་གིས་གྲལ་གོང་དུ་བཞུགས། བསྔོ་བ་ཙམ་མཛད་པ་ལས་ལོ་བདུན་དུ་གདན་ས་མེད། རྗེ་འདིས་གདན་ས་མཛད་དེ་ལོངས་སྤྱོད་ཆུང་ཞིང་འོ་བརྒྱལ་བར་བྱུང། གསོལ་བ་བཏབ་པས་མནལ་ལམ་དུ་འགྲོ་མགོན་བྱོན་ནས། ཁྱོད་རང་དབུ་རུ་བྱང་ཕྱོགས་སུ་སོང་གསུང་བ་རྨིས། མནལ་སད་འཕྲལ་བཞེངས། དབུར་སྟོད་དུ་བྱོན་པ་དང། གོམ་རིངས་ཀྱི་གྲྭ་པ་རྣམས་སྤྱན་འདྲེན་དུ་འོང་བ་དང་འགྲིགས། འབྲི་གུང་དུ་བཞུགས། བསྟན་པའི་རྩ་བ་དགེ་འདུན། དེའང་ཚུལ་ཁྲིམས་རིན་པོ་ཆེ་ལ་རག་ལས་པར་གཟིགས་ནས། དབེན་པའི་གནས་སུ་འདུག་པ་དག་ཀྱང་བག་ཡངས་སུ་མི་འཇུག སྙན་པས་ནི་འཛམ་བུའི་གླིང་ཁྱབ། སྟག་ལུང་དུ་ཐང་པས་སྤྱན་དྲངས། བླ་མའི་གདམས་ངག་ཡོད་པའི་གླེང་མོ་མཛད། ཁྱོད་བླ་མ་བསྟེན་ཡུན་ཐུང་གསུང། དོན་གཏུག་ལན་རེ་མཛད་པ་ལ། སྒྲོ་འདོགས་གཅོད་རྒྱུ་མེད་པའི་མགུར་ཕུལ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིས་མགོན་པོ་ཀླུ་སྒྲུབ་ཀྱི་སྤྲུལ་པར་ངོས་བཟུང། དོན་ལྔ་པ་མེ་གླང་ ༡༢༡༧ ལོའི་ས་ག་ཟླ་བའི་ཚེས་ཉེར་བདུན་ལ་གཤེགས། སློབ་མ་གྲུབ་པ་བརྙེས་པ་བགྲང་གིས་མི་ལང་ཡང་། གཙོ་བོ་རྗེ་སྤྱན་སྔ། དབོན་རིན་པོ་ཆེ་མཆེད། གཉོས་མགར་ཆོས་གསུམ། དབོན་ཤེར་འབྱུང་སོགས་སོ། །

《དུང་དཀར་ཚིག་མཛོད་ཆེན་མོ》རུ་གསལ་པ་ལྟར་ན། ཡོངས་གྲགས་སུ་འབྲི་གུང་སྐྱོབ་པ་རིན་པོ་ཆེ་ལ་མཚན་དེ་ལྟར་འབོད་སྲོལ་མི་འདྲ་བ་ཁ་ཤས་འདུག རབ་བྱུང་གཉིས་པའི་ཆུ་ཕག(༡༡༤༣)ལོ་ནས་རབ་བྱུང་བཞི་པའི་མེ་གླང(༡༢༡༧)ལོ་བར་དགུང་ལོ་དོན་ལྔ་བཞུགས། འཁྲུངས་ཡུལ་མདོ་ཁམས་འབྲི་གླུང་དམ་པ་ཆོས་ཕྱུག་གི་ཡུལ་ཙ་ར་སྟོད་གཡོན་ལུང་གི་གྲོང་། ཡང་སྔགས་འཆང་རྡོ་རྗེ་དང་ཡུམ་བཙན་མ་གཉིས་ཀྱི་སྲས་སུ་འཁྲུངས། མཚན་བཙུན་པ་སྐྱབས་སུ་ཐོགས། དགུང་ལོ་དྲུག་ནས་བཟུང་ཡི་གེ་འབྲི་ཀློག་མཁས་པར་མཁྱེན། དགུང་ལོ་དྲུག་ནས་བཟུང་ཡི་གེ་འབྲི་ཀློག་མཁས་པར་མཁྱེན། དགུང་ལོ་ཉེར་ལྔ་པ་མེ་ཕག་གི་ལོ་ལ་ཕག་མོ་གྲུ་པ་དང་མཇལ་ནས་ཆོས་མང་པོ་གསན། དགུང་ལོ་སོ་ལྔ་པ་གུང་ཐང་བླ་མ་ཞང་གིས་མཁན་པོ་དང་སློབ་དཔོན་རྩི་ལུང་པས་ལས་སློབ་མཛད་དེ་བསྙེན་རྫོགས་གནང་། དགུང་ལོ་སོ་བདུན་པ་རབ་བྱུང་གསུམ་པའི་ས་ཕག(༡༡༧༩)ལོར་འབྲི་གུང་མཐོལ་གྱི་དགོན་པ་བཏབ་ཏེ་གནས་གཞི་བཟུང་། དེ་ནས་དར་སྤེལ་བྱུང་བའི་ཆོས་བརྒྱུད་ལ་འབྲི་གུང་བཀའ་བརྒྱུད་ཟེར། གསུང་རྩོམ་གང་ཡོད་ཕྱོགས་བསྒྲིགས་ཀྱིས་གསུང་འབུམ་པོད་ལྔ་ཡོད། ལོ་རྒྱུས་ཞིབ་པར་རི་བོ་ཆེ་དཔོན་ཚང་ཚེ་དབང་རྒྱལ་གྱིས་བརྩམས་པའི《ལྷོ་རོང་ཆོས་འབྱུང》ཤོག་གྲངས༢༨༢རྗེས་ཀྱི་ཤོག་གྲངས་ཁ་ཤས་དང་། 《ཆོས་འབྱུང་མཁས་པའི་དགའ་སྟོན》ལེ་ཚན[ཕ]པའི་ཤོག་གྲངས༤ནས༧བར་གསལ།


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།