མཛོད་འཕྲིན་གྱི་༢༠༢༥ལོའི་དཔེ་དེབ་བཀླགས་ཐོ།
ད་ནི་ཡང་ལོ་གཅིག་འདས་སོང་། ལོ་གཅིག་གི་བྱ་བ་ཡོད་དོ་ཅོག་ལ་མཐའ་སྡོམ་རེ་བྱས་ན་དེར་དགོས་པ་ཅི་ཡང་མེད་མོད། ལོ་གཅིག་གི་རིང་དུ་དཔེ་དེབ་བཀླགས་པའི་ཐོ་འདི་ཕྱོགས་གཅིག་བསྒྲིགས་ན་ལོ་ཟླ་མང་པོའི་རྗེས་ནས་རང་ཉིད་ལ་ཕྱིར་བལྟས་ཤིག་བྱས་ཚེ། མ་མཐའ་ཡང་ལོ་དེར་དཔེ་ཀློག་ཐན་ཐུན་རེ་བྱས་འདུག་སྙམ་པའི་ཕྱིར་དྲན་ཞིག་འཇོག་ཐུབ་པར་འདུག་པས་བཀླགས་ཐོ་ཙམ་བཀོད།
༡.《རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་རྣམ་ཐར་དུ་ཀཱུ་ལའི་གོས་བཟང་།》གླེགས་བམ་དང་པོ།
རྩོམ་པ་པོ། ངག་དབང་བློ་བཟང་རྒྱ་མཚོ། རིགས་དབྱེ། རྣམ་ཐར། ཤོག་ངོས། ༦༤༠བྱོན། དཔེ་སྐྲུན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་སྤྱི་ལོ༢༠༡༢ལོར་དཔེ་སྐྲུན་འགྲེམ་སྤེལ་བྱས།
༢.《རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་རྣམ་ཐར་དུ་ཀཱུ་ལའི་གོས་བཟང་།》གླེགས་བམ་གཉིས་པ།
རྩོམ་པ་པོ། ངག་དབང་བློ་བཟང་རྒྱ་མཚོ། རིགས་དབྱེ། རྣམ་ཐར། ཤོག་ངོས། ༤༨༧བྱོན། དཔེ་སྐྲུན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་སྤྱི་ལོ༢༠༡༢ལོར་དཔེ་སྐྲུན་འགྲེམ་སྤེལ་བྱས།
༣.《རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་རྣམ་ཐར་དུ་ཀཱུ་ལའི་གོས་བཟང་།》གླེགས་བམ་གསུམ་པ།
རྩོམ་པ་པོ། ངག་དབང་བློ་བཟང་རྒྱ་མཚོ། རིགས་དབྱེ། རྣམ་ཐར། ཤོག་ངོས། ༤༠༦བྱོན། དཔེ་སྐྲུན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་སྤྱི་ལོ༢༠༡༢ལོར་དཔེ་སྐྲུན་འགྲེམ་སྤེལ་བྱས།
【ནང་དོན་གནད་བསྡུས།】པོད་རྒན་འདི་གསུམ་ནི་རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་རང་གིས་མཛད་པའི་རང་རྣམ་དེ་ཡིན་ལ། འདིའི་ནང་དུ་རྒྱལ་དབང་མཆོག་གི་སྐུ་ཚེའི་མཛད་པ་མཐའ་དག་སྟེ། ཁོང་ཉིད་སྐུ་བལྟམས་པ་སོགས་ནས་ཉིན་གཅིག་གི་བྱ་བ་མཐའ་དག་ཀྱང་ཆད་ལུས་མེད་པར། མི་སྣ་སུ་དང་མཇལ་འཕྲད་གནང་བ། ས་ཆ་གང་དུ་ཆིབས་བསྒྱུར་གནང་བ། མཛད་པ་གང་དག་བཞག་པ་སོགས་ཉིན་ཐོ་ལྟ་བུའི་ཚུལ་དུ་མཛད་ཡོད་ལ། ལྷག་དོན་དགའ་ལྡན་ཕོ་བྲང་གསར་འཛུགས་སོགས་ཀྱིས་མཚོན་པའི་དོན་ཆེན་དག་ནི་གསལ་ཞིང་དག་པར་བཀོད་ཡོད། རྣམ་ཐར་འདི་ཉིད་གྲགས་ཆེ་བའི་རྒྱུ་མཚན་ནི་ཁོང་ཉིད་སྙན་ངག་ལ་མཁས་པས་རྩོམ་སྟངས་ལ་བསྟན་བཅོས་རྩོམ་པའི་རྒྱུ་ཕུན་སུམ་ཚོགས་པ་དང་། སྐབས་དེའམ་ལྷ་སའི་ཁ་སྐད་ཤུགས་ཆེ་བར་བྲིས་པས་ཀློག་པ་པོར་བོད་སྐད་ཀྱི་བྲོ་བ་དང་ལྡན་པ་སོགས་ཡིན་པར་སྙམ་མོ།།
༤.《རླུང་།》
རྩོམ་པ་པོ། བཀྲ་བྷ། རིགས་དབྱེ། སྒྲུང་འབྲིང་། ཤོག་ངོས། ༢༦༦བྱོན། དཔེ་སྐྲུན། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་བསྐྲུན་འགྲེམ་སྤེལ་བྱས།
【ནང་དོན་གནད་བསྡུས།】དེབ་འདི་ནི༢༠༡༩ལོར་འགྲེམ་སྤེལ་བྱས་པའི《གཡུ་དྲུག་དཀར་དཔེ་ཚོགས》༼ཁག་གཉིས་པ།༽ཀྱི་ཁོངས་ཀྱི་དེབ་ཅིག་ཡིན། འདིར་སྒྲུང་འབྲིང《ནས》དང《གྱོད》《རླུང》གསུམ་བསྡུས་ཡོད། དེ་ལས་སྒྲུང་འབྲིང་ནས་ནི་གླིང་གེ་སར་རྒྱལ་པོའི་སྒྲུང་ལས《འདན་མའི་ནས་རྫོང》གི་མི་སྣ་དང་། ཁུངས་སྣེ་བྱས་པའི་ཕྱེད། རྟོག་བཏགས་ཀྱིས་བཞེངས་པའི་སྔགས་འཆང་པདྨ་ཁྲོ་རྒྱལ་སོགས་མི་སྣ་ལ་བཞེངས་སྐྲུན་བྱས་ཏེ་བྲིས་པའི་སྒྲུང་འབྲིང་ཞིག་རེད་ལ། སྒྲུང་འདིར་སྔ་ཕྱིར་བྱ་དགའ་ཡང་ཐེངས་འགར་ཐོབ་པར་བཤད། གཞན《གྱོད》ཅེས་པ་ནི་དམངས་ཁྲོད་གཏམ་རྒྱུད《བྱ་སྤྲེལ་གཏམ་རྒྱུད》ལ་གཞིར་བྱས་ཏེ་གསར་རྩོམ་གནང་བའི་སྒྲུང་འབྲིང་ཞིག་ཡིན་པ་རེད།
༥.《ཤི་གསོན་གད་པ་སྟེང་འོག》
རྩོམ་པ་པོ། གངས•འཇམ་དཔལ་རྡོ་རྗེ། རིགས་དབྱེ། ལྷུག་རྩོམ། ཤོག་ངོས། ༡༩༤བྱོན། དཔེ་སྐྲུན།༢༠༢༤ལོའི་ཟླ་བ༡༢པར་དཔེ་སྐྲུན་འགྲེམ་སྤེལ་བྱས།
【ནང་དོན་གནད་བསྡུས།】དེབ་འདི་ནི་རྩོམ་པ་པོས་དོན་བརྗོད་ལྷུག་རྩོམ་མམ་གཙོ་བོ་གཏམ་རྒྱུད་རང་བཞིན་ཅན་གྱི་རྣམ་པར་དྲངས་ཏེ་བྲིས་པའི་ལྷུག་རྩོམ་དེབ་ཅིག་རེད། དེབ་འདིར་ལྷུག་རྩོམ་བཅུ་བཞི་ཙམ་བཀོད་ཡོད་ལ། དེ་དག་ནི་ནི་རང་གི་བྱིས་དུས་ཀྱི་དྲན་པ་དང་། གཞོན་དུས་ཀྱི་སྣང་བ་སོགས་གཏམ་རྒྱུད་དེ་དག་ལྷུག་རྩོམ་གྱི་ལམ་ནས་གཞན་ལ་བརྗོད་ཡོད།
༦.《མཆོད་སྡོང་འཛམ་གླིང་རྒྱན་གཅིག》གླེགས་བམ་དང་པོ།
རྩོམ་པ་པོ། སྡེ་སྲིད་སངས་རྒྱས་རྒྱ་མཚོ། རིགས་དབྱེ། དཀར་ཆག ཤོག་ངོས། ༨༣༠བྱོན། དཔེ་སྐྲུན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས༢༠༢༠ལོར་དཔར་སྐྲུན་འགྲེམ་སྤེལ་བྱས།
༧.《མཆོད་སྡོང་འཛམ་གླིང་རྒྱན་གཅིག》གླེགས་བམ་གཉིས་པ།
རྩོམ་པ་པོ། སྡེ་སྲིད་སངས་རྒྱས་རྒྱ་མཚོ། རིགས་དབྱེ། དཀར་ཆག ཤོག་ངོས། ༨༤༦བྱོན། དཔེ་སྐྲུན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས༢༠༢༠ལོར་དཔར་སྐྲུན་འགྲེམ་སྤེལ་བྱས།
【ནང་དོན་གནད་བསྡུས།】མཆོད་སྡོང་ཆེན་པོ་འཛམ་གླིང་རྒྱན་གཅིག་གི་དཀར་ཆག་འདི་ནི་སརྒའམ་ས་བཅད་ཆེན་མོ་བཅུ་གསུམ་གྱི་ཁོངས་སུ་བསྡུས་ཏེ་བཤད་ཡོད་ལ། འདིར་གཙོ་བོ་མཆོད་སྡོང་ཆེན་མོ་དང་ཕོ་བྲང་པོ་ཏ་ལ་དེ་ཉིད་བཞེངས་སྐྲུན་གྱི་ཡུལ་དང་དུས། གང་བཞེངས་བར་བྱ་བའི་རྟེན། བཞེངས་བར་བྱེད་པའི་སྦྱིན་བདག་དང་། བཟོ་བོ། བཞེངས་པའི་རྟེན་གྱི་ཕན་ཡོན་སོགས་རྒྱ་ཆེ་ལ་ཞིབ་ཅིང་ཕྲ་བ། གསལ་ཁ་དོད་པ། མཐའ་ན་ཉིན་རེར་བཟོ་བོ་ག་ཙམ་གྱིས་ལས་ཀ་བྱས་པ་དང་། བཟོ་བོ་རྣམས་ཀྱི་མིང་ལ་ཅི་ཟེར། བཟོ་བོ་མི་འདྲ་བ་སུ་དང་གང་དག་ལ་གླ་ཅི་ཙམ་བབས་ལ་སོགས་པ་གསལ་རྒྱས་རྫོགས་གསུམ་གྱིས་བསྟན་ཡོད་དོ།།
༨.《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》དེབ་བཞི་པ།
རྩོམ་པ་པོ། གངས་དབང་། རིགས་དབྱེ། ལྷུག་རྩོམ། ཤོག་ངོས། ༢༦༥བྱོན། དཔེ་སྐྲུན། ༢༠༢༤ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་སྐྲུན་འགྲེམ་སྤེལ་བྱས།
【ནང་དོན་གནད་བསྡུས།】 ཡུན་རིང་ལ་བསྒུགས་པའི་རྒན་གངས་དབང་ལགས་ཀྱི་མུ་འབྲེལ་རིག་གནས་ལྷུག་རྩོམ《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》དེབ་བཞི་པ་ཉེ་སྔོན་དངོས་སུ་དཔར་བསྐྲུན་འགྲེམ་སྤེལ་བྱས་པ་དང་། ཁོང་གི་ཀློག་པ་པོའམ་ཞེན་མི་གཅིག་ཏུ་གྱུར་པའི་གུས་པས་དུས་ཚོད་གཅིག་གི་སྔ་འཕྱི་ལའང་བསྒུགས་བཟོད་མེད་པར་ཀློག་འདུན་ཧ་ཅང་ཆེ་བའི་སྐབས་དེར། ཏག་ཏག་གྲོགས་པོ་ཞིག་གིས་སྐྱེས་སུ་བསྩལ་གནང་བྱུང་བས། དགའ་གུས་ཚད་མེད་ཀྱིས་བཀླགས་པ་ཡིན། གུས་པས་ནོར་མེད་ན་གངས་དབང་ལགས་རྒྱལ་ཁམས་རིག་པས་བསྐོར་བའི་ལམ་དུ་ཞུགས་ཏེ་ད་ལོ་ལོ་ངོ་བཅུ་ཙམ་འདས་སོང་བ་འདྲ།(དེ་ཙམ་གྱིས་མི་ཚད་ནའང་ཐང་།)ཁོང་ཉིད་ལས་ཞོར་གྱི་རྩོམ་པ་པོ་དང་། ལས་ཞོར་གྱི་རྒྱལ་ཁམས་རིག་པས་བསྐོར་བའི་སྐོར་སྐྱོད་པ་ཞིག་ཀྱང་ཡིན། ཁོང་གིས“གང་ན་རང་གི་རིག་གནས་ཡོད་ན། དེ་ནི་ངའི་ཕ་ཡུལ་ཡིན”ཞེས་དང“ང་ད་རུང་འགྲོ་དགོས། རྐང་མཐིལ་མ་ཟད་བར་དུ་ཆུ་བཞི་སྒང་དྲུག་བསྐོར་ནས་འགྲོ་དགོས། ལག་པ་མ་འདར་བར་དུ་རི་ཆུའི་སྐྱིད་སྡུག་འབྲི་དགོས”ཞེས་ཞལ་གྱིས་བཞེས་པ་བཞིན། བཙལ་དགོས་པའི་རིག་གནས་དང་། བོར་གྱིས་དོགས་པའི་ལོ་རྒྱུས། བརྗེད་པར་ཕངས་པའི་བྱུང་བ། བས་མཐའ་རུ་ལུས་པའི་སྤུན་ཟླ་རྣམས་བཙལ་འཚོལ་དུ། མཐོན་པོའི་རི་ལ་འཛེགས། དམའ་མོའི་ཆུ་བོ་བརྒལ། དོག་མོ་རོང་དུ་བསྐྱོད། མཐའ་མཚམས་ཀྱི་ཡུལ་གྲུ་བསྐོར་ཞིང་བསྲེགས་བཅད་བརྡར་གསུམ་ཡང་ཡང་བྱས་ཏེ་ད་སྔའི་བར་དུ《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》ཅེས་པའི་དེབ་བཞི་གསར་རྩོམ་དང་དཔར་བསྐྲུན་བྱས་ཟིན་ཡོད། དེ་ལས་དེབ་བཞི་པ་འདིར་ཁྱོན་རྩོམ་ཡིག་བཅུ་གསུམ་བཀོད་འདུག་ཅིང་། གུས་པས་ནོར་མེད་ན་རྩོམ་ཡིག་དེ་དག་ལས་ཕལ་མོ་ཆེ་ཞིག་ནི་ཉིས་སྟོང་ཉི་ཤུའི་གཡས་གཡོན་དུ་བྲིས་པ་ཡིན་སྙམ་སྟེ། རྒན་ཁོང་གིས་སྨར་ཁམས་ཀྱི་ཚྭ་ཁ་དང་། བདེ་ཆེན་གྱི་ཁ་བ་དཀར་པོ་སོགས་སུ་བསྐོར་དུས་ལོ་དེ་དག་ཏུ་ཡིན་པ་གསལ་པོ་དྲན་གྱི་འདུག དེབ་འདི་ལ་སྔ་མའི་དེབ་དག་དང་མི་འདྲ་ས་ཞིག་བདོག་པ་ནི་སྐྱེ་ཁམས་ཀྱི་རྩྭ་རྩི་ཤིང་སོགས་ཀྱི་མིང་བྱེ་བྲག་ཏུ་ཕྱེས་པ་དང་། དེའི་དབྱིབས་དང་ཁ་དོག ཡལ་ག་གཞུང་ཤིང་སོགས་ཞིབ་འབྲི་བྱས་འདུག་པ་དེ་རེད་སྙམ། མ་གཞི་རྩོམ་པ་པོ་གངས་དབང་གིས་རི་དང་ཆུ་ལ་བརྩེ་བ་དམིགས་བསལ་བ་ཞིག་བཅངས་འདུག་ལ། ཁོང་གིས་རི་དང་ཆུ་ལ་བཀུར་ཞིང་བརྩི་མཐོང་བྱེད་པ་དེ་ང་ཚོས་དཔེ་དང་ཚད་འཇོག་མི་ཤེས་པ་ཞིག་མ་རེད་ཨང་། ང་རང་རྒན་གངས་དབང་ལགས་ཀྱི་ཀློག་པ་པོ་ཞིག་ཡིན་པས། ད་སྔའི་བར《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》གི་དེབ་དག་ཡང་ཀློག་བསྐྱར་ཀློག་ཡང་ཡང་བྱས་ལ། བརྩམས་ཆོས་ཀུན་ཡང་ཡང་བཀླགས་ཏེ་ཤེས་རྟོགས་བྱུང་བ་ནི། ཁོས་ཆོས་ལུགས་གྲུབ་མཐའ་ཟེར་བ་དང་། ཆོལ་ཁ་འཐེན་འཁྱེར་ཟེར་བ་དོན་གྱིས་རིང་དུ་དོར་ཏེ། རིས་མེད་ཀྱིས་སྟོད་མངའ་རིས་ནས་བར་དབུས་གཙང་། སྨད་མདོ་ཁམས་སོགས་ཀྱི་ཡུལ་དུ་ཁྱབ་པའི་རིག་གནས་དང་ལོ་རྒྱུས་སོགས་བཙལ་འཚོལ་དང་རྟོག་དཔྱོད་ཡང་ཡང་བགྱིས་ཏེ་གསར་རྩོམ་བྱས་འདུག རྩོམ་པ་པོ་ཁོང་ཉིན་ལམ་ལ་མཚན་མཐུད་དེ་རྐང་ཐང་དུ་བསྐྱོད་དགོས་ཀྱང་། དཀའ་ངལ་ཁྱད་དུ་བསད་དེ་རི་དང་ཆུ་ཡི་བར་དུ་གནས་པའི་རིག་གནས་འཚོལ་བ་དང་། རིག་པས་བསྐོར་ཏེ་སོང་ལ། རི་ཆུའི་ལོ་རྒྱུས་ལྟ་བུ། ཡུལ་ལུང་གི་ལོ་རྒྱུས་ལྟ་བུ་སྔར་གྲགས་ཤིང་གྲགས་པ་དང་། སྔར་གཞན་གྱིས་བྲིས་ཤིང་མ་ཕྲིས་པ་མང་པོ་ཡོད་མོད། གངས་དབང་གིས་སྔར་གྲགས་ཤིང་གྲགས་པ་ལ་བསྐྱར་ཟློས་མ་བྱས་པ་དང་། བྲིས་ཤིང་མ་ཕྲིས་པའམ། མ་དག་རྒྱུན་འབྱམས་སུ་སོང་བ་དག་ལ་ལོ་རྒྱུས་ཀྱི་ཡིག་ཚང་གཞིར་བྱས། ས་གནས་དང་ཡུལ་ལུང་གང་དེར་དངོས་སུ་རྡོག་པ་བརྒྱབ་སྟེ་བསྐོར་སྐྱོད་བྱས་ནས་དམངས་ཁྲོད་ཀྱི་ངག་རྒྱུན་དང་། རྒན་རབས་པའི་བཤད་སྒྲོས་སོགས་ལ་རིགས་ལམ་ཡང་དག་གིས་ཞིབ་དཔྱོད་ཀྱིས་བརྩམས་ཆོས་རེ་རེ་གྲུབ་པར་བྱས་འདུག་སྙམ། གངས་དབང་གིས་རི་དང་ཆུ་ལ་བརྩི་མཐོང་སྤྲོད་པར་མ་ཟད། རི་དང་ཆུའི་བར་དུ་གནས་པའི་མི་སེར་དེ་དག་ནི་བླ་རུ་བཀུར་ཞིང་མཆོད་པའི་ཡུལ་དུ་བཏེགས་པ་འདྲ་སྟེ། རྩོམ་ཡིག་ཏུ“རི་ཆུའི་བདག་པོ་ནི་མི་སེར་ཚོ་ཡིན་ལ། མི་ནི་རང་བྱུང་ཁམས་ཀྱི་ཡན་ལག་མེད་དུ་མི་རུང་བ་ཞིག་ཡིན་པས། མི་སེར་ཚོའི་བསམ་སྤྱོད་ལས་རི་ཆུའི་རིག་གནས་ཀྱི་འབྱུང་འགྱུར་མཐོང་ཐུབ་མོད། ད་བར་དུ་མི་སེར་ཚོའི་ངག་རྒྱུན་དང་བྱ་སྤྱོད་ཀྱི་རྣམ་པ་ཙམ་ལས་ནང་སེམས་ཀྱི་ཟབ་སར་འཛུལ་མ་ཐུབ་པ་ནི་ངའི་གསར་རྩོམ་གྱི་སྟོང་ཆ་ཞིག་རེད”ཅེས་དང་། “མི་རིགས་ཤིག་གི་ཡི་གེ་ནི་ཆོས་ལུགས་དང་འབྲེལ་བ་ཡོད་ལ། མི་སེར་རྣམས་ཀྱི་འཚོ་བ་དང་ཡང་འབྲེལ་བ་ཡོད་དགོས་པ་ཞིག་རེད། ཆོས་ལུགས་ཀྱིས་དེའི་ཚེ་ཐག་རིང་དུ་གཏོང་ཞིང་། འཚོ་བས་དེའི་ནང་དོན་ཕུན་སུམ་ཚོགས་པར་བྱེད”སོགས་ཀྱིས་མཚོན་པ་ལྟ་བུ་རེད།
༩.《རྡོ་དང་ཚེ་སྲོག》
རྩོམ་པ་པོ། ཨེ་ཉི་མ་ཚེ་རིང་། རིགས་དབྱེ། སྒྲུང་ཐུང་། ཤོག་ངོས། ༡༦༩བྱོན། དཔེ་སྐྲུན། སྤྱི་ལོ༢༠༡༡ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔར་སྐྲུན་འགྲེམ་སྤེལ་བྱས།
【ནང་དོན་གནད་བསྡུས།】དེབ་འདིར་སྒྲུང་ཐུང་བཅུ་དྲུག་ཙམ་བསྡུས་ཏེ་བཀོད་འདུག་ལ། སྒྲུང་ཐུང་དེ་དག་ནི་རྩོམ་པ་པོ་གཞོན་དུས་སུ་བྲིས་པའི་སྒྲུང་ཤ་སྟག་ཡིན་པ་འདྲ། ར
༡༠.《ཡང་ཡང་ཡིད་པ་དྲན་པའི་རྩྭ་ཐང་།》
རྩོམ་པ་པོ། ལྷ་གཡང་ནོར་བུ། ཤོག་ངོས༢༨༦ བྱོན། རིགས་དབྱེ། སྙན་ཞུའི་རྩོམ་རིག ལྷུག་རྩོམ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་པར་གིས༢༠༢༢ལོར་དཔར་སྐྲུན་འགྲེམ་སྤེལ་བྱས།
【ནང་དོན་གནད་བསྡུས།】ནམ་ཡིན་གསལ་པོ་མི་དྲན་པ་འདུག་མོད། ཉིན་ཞིག་དྲྭ་ལམ་ནས་དཔེ་དེབ་གསར་པ་ཞིག་གི་བརྡ་ཁྱབ་མཐོང་བྱུང་། དབུས་གཙང་འབྲུ་ཚའི་ཡིག་གཟུགས་ཀྱིས་ཁ་བྱང་བྲིས་པའི་དེབ་ཅིག་སྟེ།《ཡང་ཡང་ཡིད་ལ་དྲན་པའི་རྩྭ་ཐང་།》ཞེས་བྲིས་པའི་དེབ་ཅིག་རེད། དེབ་ཀྱི་ཁ་བྱང་ཙམ་གྱིས་ཀྱང་ཡིད་སེམས་ལ་གཡོ་འགུལ་ཞིག་བཏང་བྱུང་། དེ་ནི་ཁ་བྱང་གི་བརྗོད་པ་དེས་ཡིན་ལས་ཆེ། རྩོམ་པ་པོ་ནི་ལྷ་གཡང་ནོར་བུ་རེད། ལྷ་གཡང་ནོར་བུ་ནི་ལྷུག་རྩོམ་རྩོམ་མཁན་ཞིག་ཡིན་པས་དེབ་དེ་ལྷུག་རྩོམ་ཁོ་ན་ཡིན་ཆགས་བྱས་མོད། མ་གཞི་དེབ་འདིའི་ནང་དུ་སྙན་ཞུའི་རྩོམ་རིག་དང་ལྷུག་རྩོམ་སྟེ་རྩོམ་ཐབས་མི་འདྲ་བ་གཉིས་ཀྱིས་གྲུབ་ཅིང་། ཁྱོན་དོན་ཚན་ཆེན་མོ་བཞི་དང་རྩོམ་ཡིག་ཉེར་དྲུག་བཀོད་འདུག་པ་ཞིག་རེད།
ཁོང་གི་བརྩམས་ཆོས་དག་ལས་ང་རང་དམིགས་བསལ་དུ་དགའ་ས་ཞིག་ཡོད་པ་ནི་རྩོམ་གྱི་ཁ་བྱང་འདོགས་སྟངས་དེ་རེད། 《ང་ནི་མི་སེར་དཀྱུས་མ་ཞིག་ཡིན》དང《ང་ནི་འབྲོག་པ་རྒན་པོ་ཞིག་ཡིན》《ཡང་ཡང་ཡིད་ལ་དྲན་པའི་རྩྭ་ཐང》《སྐྱུར་རྩི་དང་འདྲེས་པའི་མཚན་མོ》སོགས་ལྟ་བུས་མཚོན་རྩོམ་གྱི་ཁ་བྱང་ལ་དམིགས་ཀྱིས་ཁྱད་ཆོས་ཤིག་ལྡན་པར་སྙམ།
དེབ་འདིར་སྐྱེ་ཁམས་སྐོར་གྱི་ཁྱད་ཆོས་བདོག་རབས་ཀུན་གྱིས་གླེང་ལ། གུས་པ་ནི་ཁོང་གི་མི་ཚང་ཕལ་པའམ། མི་ཚང་དཀྱུས་མའི་འཚོ་བ་བྲིས་པའི་རྩོམ་ཡིག་དེ་དག་ལ་དགའ་པོ་བྱུང་།《ང་ནི་མི་སེར་དཀྱུས་མ་ཞིག་ཡིན》ཞེས་པའི་ནང་གི་མི་སེར་བཀྲ་ཤིས་བསྟན་དར་གྱི་དཀའ་སྡུག་དང་།《ང་ནི་འབྲོག་པ་རྒན་པོ་ཞིག་ཡིན》ཞེས་པའི་ནང་གི་བགྲེས་སོང་གི་གཏམ་རྒྱུད།《སྙིང་ཉེ་བའི་ཨ་ཅེ་འབྲོག་མོ》ཞེས་པའི་ནང་གི་འབྲོག་མོ་སོགས་གསོན་ཉམས་དང་ལྡན་ཞིང་། འཚོ་བ་དང་ཉེ་བའི་ཚུལ་དུ་ཞིབ་མོ་རྣམ་འཐག་གིས་བྲིས་འདུག་པར་མཐོང་།
གུས་པ་རང་ཡང་ཕ་དམ་པ་འདས་གྲོངས་སུ་ཤོར་བའི་མི་ཞིག་ཡིན་པས་ཨེ་ཡིན་ནམ། ནམ་རྒྱུན་ཕ་ཡི་སྐོར་གྱི་རྩོམ་རེ་མཐོང་ན་ཡང་ཡང་ལྷོད་ཀྱིས་ཀློག་གིན་ཡོད་ལ། དེབ་འདིའི《དྲན་གདུང་མཆི་མའི་རྗེས་དྲན》ནང་གི་པཱ་ལགས་སམ། ཨ་ཕ་ལགས་དེ་ང་ཡི་ཨ་ཕ་ཡིན་པའི་སྣང་ཚུལ་ཞིག་བྱུང་སྟེ། མི་འདོད་པའི་ནད་ཀྱིས་བཟུང་བ་དང་། སྨན་ཁང་དུ་བསྟེན་པ། སླར་རེ་ཐག་ཆད་ནས་ལོག་པ། ཕ་དམ་པའི་མཐའ་མའི་མིག་ཟུང་དང་རེ་ཐག་ཡིན་ཡང་ནང་མི་དག་ལ་སེམས་ཁུར་བྱས་ཏེ་ཡོད་པའི་དོན་དག་འདི་དང་ཁྱད་མེད་པ་ལྟ་བུ་ཞིག་གུས་པར་ཡང་བྱུང་མྱོང་ལ། ད་སྔ་གུས་པས་ཀྱང《ང་ཡི་ཨ་ཕ》ཟེར་བ་དང་། 《ལོ་དེའི་དཔྱིད་ཁ་བང་དགུན་ཁ》ལྟ་བུས་མཚོན་རྩོམ་ཡིག་རེ་འགའ་བྲིས་མྱོང་ཡང་། ད་དུང་ཅི་ཞིག་མ་ཤོད་པའི་སྣང་བ་རེ་འབྱུང་ལ། 《དྲན་གདུང་མཆི་མའི་རྗེས་དྲན》དང《ང་ཡི་པཱ་ལགས》ལྟ་བུའི་ཨ་ཕ་དང་འབྲེལ་བའི་རྩོམ་ཡིག་རེ་ཀློག་སྐལ་བྱུང་ཚེ་སེམས་ཀྱི་གཏིང་རུམ་ཞིག་ནས་རྩོམ་གྱི་ནང་དུ་འཛུལ་བའམ། རྩོམ་པ་པོའི་སྐྱོ་གདུང་གི་ཚོར་སྣང་དེ་ཡང་ཡང་མྱོང་ཐུབ་པར་འདུག་གོ།
“དྲིན་ཕ་མས་ང་ལ་རྫོ(ཟློ)ལེ་ལ། །རྟ་རག་དཀར་གྲུག་ཤ་འགྱུར་གདའ་ཟེར། །རྟ་རག་དཀར་གྲུག་ཤ་མི་འགྱུར་རྒྱུ། །སྟོད་ནག་ཚང་ས་ཐག་རིང་སོང་རེད། །དྲིན་ཕ་མས་ང་ལ་རྫོ(ཟློ)ལེ་ལ། །བོའུ་ཁྲ་རིང་ཁ་ལྕེ་ཟད་གདའ་ཟེར། །བོའི་ཁྲ་རིང་ཁ་ལྕེ་མི་ཟད་རྒྱུ། །སྟོད་ནག་ཚང་ཁ་ཆར་ལྡང་སོང་རེད། །” དམངས་གླུ་འདི་ནི《ང་ཡི་པཱ་ལགས》ཀྱི་ནང་དུ་དྲངས་བའི་གཞས་ཚིག་ཅིག་རེད།
༡༡.《ཉི་མ་ལྟ་བུའི་དགེ་བསྙེན།》
རྩོམ་པ་པོ། ཤེས་རབ་བསྟན་དར། རིགས་དབྱེ། ལྷུག་རྩོམ། ཤོག་ངོས།༢༨༠བྱོན། དཔེ་སྐྲུན། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༢༤ལོར་དཔར་སྐྲུན་འགྲེམ་སྤེལ་བྱས།
【ནང་དོན་གནད་བསྡུས།】དེབ་འདི་ནི་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱི་རྣམ་ཐར་ལྷུག་རྩོམ་གྱི་རྣམ་པར་བྲིས་པའི་དེབ་ཅིག་ཡིན། བཀའ་གདམས་གླེགས་བམ་དང་། འབྲོམ་སྟོན་པའི་རྣམ་ཐར། ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་སོགས་སྔོན་གྱི་རྣམ་ཐར་རྙིང་པ་དག་ཁུངས་སུ་བྱས་ཏེ། དེ་ལ་ཚིག་འགྲེལ་ལ་འགྲེལ་བའམ་གོ་སླ་ཞིང་ངེས་བདེ་བའི་ལམ་དུ་བྲིས་པའི་དེབ་ཅིག་རེད། འདིར་ཟུར་བཀོད་དུ་ཇོ་བ་རྗེའི་བསྟོད་པ་དང་། འབྲོམ་སྟོན་པས་མཛད་པའི་མི་ཆོས་གནད་ཀྱི་བསླབ་བྱ་སོགས་གསུང་ཆོས་ཁག་ཅིག་ཀྱང་བཀོད་ཡོད།
༡༢.《མྱུལ།》
རྩོམ་པ་པོ། རྒན་གོང་ཨོ་རྒྱན་རྡོ་རྗེ། རིགས་དབྱེ། རིག་གནས་ལྷུག་རྩོམ། ཤོག་ངོས། ༣༦༨བྱོན། དཔེ་སྐྲུན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས༢༠༢༣ལོར་དཔར་སྐྲུན་འགྲེམ་སྤེལ་བྱས།
【ནང་དོན་གནད་བསྡུས།】དེབ་འདི་ནི་རིག་གནས་ལྷུག་རྩོམ་གྱི་ཁོངས་སུ་གཏོགས་པའི་དེབ་ཅིག་རེད་ལ། དེབ་ཏུ་ཁྱོན་རྩོ་ཡིག་བཅུ་ཙམ་བཀོད་ཡོད་པ་ལས་གཙོ་བོའམ་མང་ཤོས་བོད་ལྗོངས་ལྷོ་ཁའི་ཕྱོགས་ཀྱི་གནས་འགང་ཆེན་དང་། ཡུལ་གལ་ཆེན་དག་ཏུ་བསྐྱོད་དེ་བརྗེད་པར་ཕངས་པའི་དོན་དག་རེ་རེ་དང་། ཡིག་ཐོག་མ་འཁོད་པའི་ལོ་རྒྱུས་རེ་རེར་རྟོག་ཞིབ་བྱས་ཏེ་བྲིས་པའི་དེབ་ཅིག་རེད།
༡༣.《བྱང་འབྲོག་གི་ལམ་ཡིག》
རྩོམ་པ་པོ། ནམ་མཁའི་ནོར་བུ། རིགས་དབྱེ། ཡུལ་སྐོར་ཟིན་བྲིས། ཤོག་ངོས། ༡༥༩བྱོན། དཔེ་སྐྲུན། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༢༠ལོར་དཔར་སྐྲུན་འགྲེམ་སྤེལ་བྱས།
【ནང་དོན་གནད་བསྡུས།】དེབ་འདི་ནི་བྱང་སྡེ་ཉི་མ་རྫ་ཆུ་དང་། གསེར་རྟ་སོགས་ཀྱི་ས་ཆ་སོ་སོར་བསྐྱོད་དེ་འཚོ་བ་ལ་རྒྱུས་ལོན་དང་། སྐབས་ཐོག་དེའི་འབྲོག་ལས་ཀྱི་རྒྱུན་ཤེས་དང་། འབྲོག་པའི་ཡུལ་སྲོལ་དང་གོམས་གཤིས། མི་ཆོས་དང་ལྷ་ཆོས། འབྲོག་ལས་ཀྱི་བརྡ་ཆད། རིག་གནས་གོམས་འདྲིས། གཉེན་སྒྲིག་སོགས་བོད་རོང་འབྲོག་གཉིས་སུ་ཕྱེས་པའི་འབྲོག་པའི་འཚོ་བ་རོལ་སྟངས་སོགས་འཚོ་བ་དངོས་ཀྱི་ཟིན་བྲིས་ཕུན་སུམ་ཚོགས་པ་ཞིག་དང་། འབྲོག་ལས་སྐོར་གྱི་ཚིག་མཛོད་གལ་ཆེན་ཞིག་ཡིན་འདོད།
༡༤.《ང་རང་བྱིས་པ་ཡིན་དུས》
རྩོམ་པ་པོ། མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གིས་བསྒྲིགས། རིགས་དབྱེ། སྒྲུང་གཏམ། ཤོག་ངོས། ༣༨༩བྱོན། དཔེ་སྐྲུན། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༢༣ལོར་དཔར་སྐྲུན་འགྲེམ་སྤེལ་བྱས།
【ནང་དོན་གནད་བསྡུས།】དེབ་འདི་ནི་རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྤེལ་བ་ནས༢༠༢༣ལོའི་བར་གྱི་བྱ་དགའ་ཐོབ་པའི་བརྩམས་ཆོས་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་བསྒྲིགས་པའི་དེབ་ཅིག་ཡིན་ལ། ཁྱོན་སྒྲུང་ཐུང་བཅོ་ལྔ་འདུས་ཡོད། རྩོམ་པ་པོ་རྒན་དར་གཞོན་གསུམ་དང་། མདོ་དབུས་ཁམས་གསུམ་གྱི་རྩོམ་པ་པོའི་བརྩམས་ཆོས་འདུས་ཡོད། འདིར་བསྡུས་པའི་སྒྲུང་ཐུང་དག་ནི་བརྗོད་བྱ་གསར་ལ། རྗོད་བྱེད་ཚིག་སྦྱོར་བདེ་ཞིང་། མཚོན་ཐབས་ཀྱིས་ཕྱུགས་པའི་སྒྲུང་རྐྱང་ཡིན་ནོ།།
༡༥.《སྨན་པ་མཚོ་མོ།》
རྩོམ་པ་པོ། མགར་ཐར་འཇིགས་མེད་བསམ་འགྲུབ། རིགས་དབྱེ། སྒྲུང་གཏམ། ཤོག་ངོས། ༣༧༩བྱོན། དཔེ་སྐྲུན། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༢༠ལོར་དཔར་སྐྲུན་འགྲེམ་སྤེལ་བྱས།
【ནང་དོན་གནད་བསྡུས།】དེབ་འདི་ནི་སྒྲུང་ཐུང་གི་དེབ་ཅིག་རེད་ལ། འདི་ནི་དགེ་བཤེས་ཤིག་བྲིས་པའི་སྒྲུང་ཐུང་དེབ་གཅིག་པུ་དེ་ཡང་མིན་པའི་ངེས་པ་མི་འདུག དགེ་བཤེས་འཇིགས་མེད་བསམ་འགྲུབ་ལགས་ཀྱིས་གྲྭ་ས་ནས་གཞུང་ཆེན་དག་ལ་ཐོས་བསམ་སྒོམ་གསུམ་གྱི་བྱ་བ་མ་བོར་བར། རང་གི་དགའ་ཁ་ཁྱེར་ཕྱོགས་ཀྱི་རྩོམ་རིག་གསར་རྩོམ་གྱི་བྱ་ཞོར་ཡོང་བ་ཡིན་འདུག། ཁོང་གི་སྒྲུང་གཏམ་དག་ཏུ་བསྟན་བཅོས་ཀྱི་སྐད་སྤྱོད་ཆེ་ནས་སྒྲུང་གི་ཁྱད་ཆོས་ཤོར་བའི་སྐྱོན་མེད་ལ། ཡུལ་སྐད་སྤྱོད་ཆེ་ནས་གོ་དཀའ་གནས་སུ་སྐྱོན་ཡང་མེད་པར། བབ་ཚད་དང་རན་ཚད་ཀྱིས་བྲིས་ཡོད་པས་ཀློག་བདེ་ལ། ངེས་སླ་བ་ཞིག་ཀྱང་རེད་འདོད་བྱུང་། ཁོང་གིས་དངོས་བྱུང་དོན་དག་མང་པོ་གཏམ་རྒྱུད་དང་། གཏམ་རྒྱུད་དེ་སྒྲུང་དུ་བཅོས་ཏེ་བསྟན་ཡོད་ལ། འཆར་ཡན་དང་རྟོག་པས་བཏགས་ཏེ་མི་སྣ་བཞེངས་སྐྲུན་དང་། སྒྲུང་ཉིད་འགྲུབ་ཐབས་བྱས་འདུག་སྙམ།
༡༦.《མཚམས།》
རྩོམ་པ་པོ། ཚེ་རིང་ནོར་བུ་དང་དབལ་ཤུལ་སོགས་ཀྱིས་བརྩམས། ལྷ་གཡང་ནོར་བུས་བསྒྱུར། རིགས་དབྱེ། སྒྲུང་གཏམ། ཤོག་ངོས། ༢༤༦བྱོན། དཔེ་སྐྲུན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས༢༠༢༣ལོར་དཔར་སྐྲུན་འགྲེམ་སྤེལ་བྱས།
【ནང་དོན་གནད་བསྡུས།】དེབ་འདིར་ཚེ་རིང་ནོར་བུའི་བརྩམས་པའི་སྒྲུང་འབྲིང《མཚམས》དང་དབལ་ཤུལ་གྱིས་བརྩམས་པའི《དྲན་པ་རབ་རིབ》ཨོའོ་ཧེང་ལི་ཡིས་བརྩམས་པའི《མེ་ཆེའི་ལག་རྟགས》མ་ཧ་ཧྥུ་ཙི་ཡིས་བརྩམས་པའི《ཁ་ལས་རྒུད་པའི་ཁྱིམ་ཚང》《མཚམས་ཀྱི་གསར་རྩོམ་དང་བརྒྱུད་རིམ》ཞེས་པའི་འཆད་ཁྲིད་སྒྲ་ཕབ་ཡིག་ཐོག་འབེབ་པ་ཞིག་བཅས་ཀྱིས་གྲུབ་པ་ཞིག་རེད། འདིར་ལོ་ཙཱ་བས་བདམས་བསྒྱུར་བྱས་པའི་སྒྲུང་འབྲིང་བཞི་ལས་དབུས་ཀྱི་རྩོམ་པ་པོ་ཚེ་རིང་ནོར་བུའི་སྒྲུང་འབྲིང་ནི་སྤྱི་ཚོགས་གསར་རྙིང་གི་མཚམས་ཚིགས་བརྗོད་བྱ་བྱས་པའི་སྒྲུང་འབྲིང་ཞིག་རེད་ལ། དཀར་མཛེས་ཀྱི་རྩོམ་པ་པོ་དབལ་ཤུལ་གྱིས་སྒྲུང་འབྲིང་ནི་ཁོང་གི་ཕ་ཡུལ་ལྗོངས་རྣམ་སོགས་བརྗོད་བྱ་རུ་དྲངས་འདུག་པས། ཁོང་གི་ཕྱིར་དྲན་རེ་དང་འབྲེལ་བ་ཨེ་ཡོད་སྙམ་པ་ཞིག་རེད།
༡༧.《རྒྱུད་སྐུད་སྟེང་གི་རྣམ་ཤེས།》
རྩོམ་པ་པོ། བཀྲ་ཤིས་དཔལ་ལྡན། རིགས་དབྱེ། སྒྲུང་གཏམ། ཤོག་ངོས། ༢༡༦བྱོན། དཔེ་སྐྲུན། མི་རིགས་དཔེ་སྐྲུན་ཁང་གིས༡༩༩༩ལོར་དཔར་སྐྲུན་འགྲེམ་སྤེལ་བྱས།
【ནང་དོན་གནད་བསྡུས།】དེབ་འདི་ནི་དབུས་ཀྱི་རྩོམ་པ་པོ་བཀྲ་ཤིས་དཔལ་ལྡན་གྱི་སྒྲུང་དེབ་ཅིག་རེད་ལ། དེབ་འདིར་སྒྲུང་གསུམ་བསྡུས་ཡོད་ལ། སྒྲུང་སོ་སོ་ནི་དུས་རབས་གསར་རྙིང་གི་ཁྱད་ཆོས་ཀྱིས་རྒྱན་ཞིང་། ལོ་རྒྱུས་རང་བཞིན་ཅན་གྱི་མི་སྣ་སོགས་བེད་སྤྱོད་དེ་བྲིས་པ་ཞིག་རེད།
༡༨.《པོ་ཏ་ལ།》
རྩོམ་པ་པོ། བོད་རང་སྐྱོང་ལྗོངས་རིག་དངོས་དོ་དམ་ཨུ་ཡོན་ལྷན་ཁང་གིས་བསྒྲིགས། རིགས་དབྱེ། གནས་ཡིག ཤོག་ངོས། ༡༠༠བྱོན། དཔེ་སྐྲུན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས༢༠༢༤ལོར་དཔེ་སྐྲུན་འགྲེམ་སྤེལ་བྱས།
【ནང་དོན་གནད་བསྡུས།】དེབ་འདི་ནི་ཕོ་བྲང་པོ་ཏ་ལའི་སྐོར་གྱི་གནས་ཡིག་ཅིག་རེད་ལ། དེབ་འདིར་ཕོ་བྲང་པོ་ཏ་ལ་དང་པོ་སུས་བཏབ་པ་དང་། བར་དུ་ཞིག་གསོ་སུས་བྱས་པ། གསར་བཞེངས་ཇི་ལྟར་བྱས་པ། དེ་ནས་འཕེལ་རྒྱས་ཇི་ལྟར་བྱུང་བ་སོགས་དང་། ཕོ་བྲང་ནང་གི་ལྷ་ཁང་སོ་སོ་དང་། ལྷ་ཁང་དག་གི་ནང་དུ་རྟེན་ཅི་བཞུགས་སོགས་སྔར་གྱི་ལོ་རྒྱུས་རྙིང་ཤོས་དག་ལས་ལེགས་འདེམས་དང་འདེམས་སྒྲུག་བྱས་ཏེ་བསྟན་ཡོད།
༡༩.《དབུས་ལམ་རིང་མོ།》
རྩོམ་པ་པོ།རྡོ་རིང་པད་མ་དབང་ཆེན།རིགས་དབྱེ། ལྷུག་རྩོམ། ཤོག་ངོས༢༦༠བྱོན། དཔེ་སྐྲུན་ཁང་།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༢༠ལོར་དཔར་སྐྲུན་འགྲེམ་སྤེལ་བྱས།
【ནང་དོན་གནད་བསྡུས།】《དབུས་ལམ་རིང་མོ》ནི་རྡོ་རིང་པད་མ་དབང་ཆེན་གྱིས་བརྩམས་ཤིང་། སྨིན་དྲུག•བོད་ཀྱི་ན་གཞོན་ལྷུག་རྩོམ་དཔེ་ཚོགས་གྲས་སུ་བདམས་ཤིང2020ལོར་དཔར་བསྐྲུན་འགྲེམ་སྤེལ་བྱས་པ་ཞིག་རེད།དེབ་འདིར་ཁྱོན་རྩོམ་བཞི་བཅུ་ཞེ་གསུམ་བདོག་ཅིང་། དེ་དག་འགྲུལ་བཞུད་ཀྱི་མྱོང་ཚོར་དང་། ཆགས་སྡང་གི་ཚོར་འདུ། བསམ་གཞིག་གི་འགྱུར་ཁུགས་སོགས་དོན་ཚན་གསུམ་དུ་ཕྱེས་ཏེ་བཀོད་འདུག། མ་གཞི་དེབ་འདི་དཔར་སྐྲུན་བྱས་ནས་མི་ལོ་ལྔ་ཙམ་ཞིག་སོང་འདུག་ཀྱང་། གུས་པར་ད་སྔའི་བར་དུ་བཀླགས་རྒྱུའི་སྐལ་བ་མ་བྱུང་། ད་ལོའི་དཔེ་ཀློག་གི་འཆར་གཞིའི་ནང་དུ་དེབ་འདི་བདམས་ཏེ་ཡོད་མོད། མདོ་དབུས་ཁམས་གསུམ་གྱི་དཔེ་ཁང་གང་མང་ཞིག་ནས་བཙོང་ཟིན་པས་ཡུད་ཙམ་གྱི་རིང་བླུ་མ་ཐུབ་པར་ལུས། རྗེས་ནས་ཟི་ལིང་གི་དཔེ་ཁང་ཞིག་ནས་བླུ་ཐུབ་པ་བྱུང་ཡང་། མྱུར་སྐྱེལ་གྱིས་ལམ་ནས་བོར་སྟོར་རུ་ཤོར་བས་བླུ་ཐེངས་གཉིས་པ་དེ་གཞི་ནས་ལག་ཏུ་འབྱོར། མི་རྣམས་ནམ་རྒྱུན་ཡུལ་སྐོར་དང་ཆོས་མཇལ་ལ་འགྲོ་ཡི་ཡོད་མོད། གང་དུ་སོང་བའི་ཡུལ་གྱི་བཀོད་པ་དང་གནས་ཀྱི་ལོ་རྒྱུས། ས་ཆ་ཡི་ཆགས་ཚུལ།སྐབས་ཀྱི་འཚོ་བ་དང་། མི་ཡི་གནས་སྟངས་སོགས་བློ་ངོར་འཇགས་དཀའ།དེ་བས་ས་གར་སོང་ཟེར་ན་འདིར་སོང་ཟེར་བའི་དོན་ཞིག་ཡོད་དགོས་ལ།“འགྲུལ་བཞུད་ཀྱི་མྱོང་ཚོར”དུ་བཀོད་པའི《བཙན་པོའི་བང་སོ་མཇལ་བའི་མཐོང་ཐོས》《འཇིག་རྟེན་ལྟ་ལུགས་གཅིག་ལ་མཐོང་ལུགས་གཉིས》《རྦབ་ཆུ་མཐོང་བའི་མྱོང་ཚོར》སོགས་ནི་དེའི་རིགས་སུ་གཏོགས་པ་སྟེ། ཡུལ་སྐོར་གྱི་ལམ་ནས་རྙེད་པའི་སེམས་ཚོར་དང་། གནས་གང་དེའི་སྔར་གྱི་ལོ་རྒྱུས་ངོ་སྤྲོད། ད་ལྟའི་གནས་སྟངས་སོགས་སྒྱུ་རྩལ་མཚོན་ཐབས་ཀྱིས་གསལ་འགྲེལ་དང་།ངོ་སྤྲོད་བྱས་འདུག་པར་སྣང་། མི་ནི་ནར་སོན་ཏེ་ཡོང་བས་ཆུང་དུས་ཀྱི་དྲན་པ་ཡོད་ལ། གཞོན་དུས་ཀྱི་བློ་སྤོབས་དང་། སེམས་སོང་གི་བརྩེ་བ་སོགས་དྲན་པའི་དབྱིངས་སུ་ལང་ལོང་དུ་གཡོ་ཞིང་སྐྱོམ་པར་བྱེད། ད་དུང་ཕ་ས་ཕ་ཡུལ་དང་ཕུ་ནུ་མིང་སྲིང་། རྩེད་རོགས་དགོད་རོགས།སློབ་གྲོགས་དང་དགེ་རྒན་སོགས་བརྗེད་མི་ཐུབ་ཅིང་། བློ་ཡིད་དུ་ཡང་ཡང་འཆར་ཡོང་བའི་དྲན་པ་ཞིག་གམ་སྣང་བ་ཞིག་ཡོད་པས་དེ་དག་ཡིག་ངོར་ཕབ་ན“ཆགས་སྡང་གི་ཚོར་འདུ”རུ་འདུ་བ་འདྲ། ཚན་པ་འདིའི་ནང་གི《འཚོ་བའི་གྲུ་ཟུར་ཞིག་གི་གཏམ་རྒྱུད》དང《མཚན་མོ་འདིར་ངས་ཁྱེད་རང་གླེང》ལྟ་བུའི་སོགས་ནི་རྩོམ་པ་པོས་དོན་དག་དེ་དག་སྣང་བརྙན་ཅན་གྱི་ལྷུག་རྩོམ་སྙན་ངག་གི་རྣམ་པས་བྲིས་ཡོད་པའི་སེམས་ཚོར་ཞིག་བྱུང་། རི་མོ་མཁན་གྱིས་ཕ་ཡུལ་ཟེར་ན་འདི་འདྲ་ཞིག། ཕ་མ་ཟེར་ན་འདི་འདྲ་ཞིག་ཡིན་ཞེས་རི་མོའི་ལམ་ནས་སྟོན་པ་བཞིན། རྩོམ་པ་པོས་འདས་སོང་གི་གཏམ་རྒྱུད་དང་།ཕ་མ་སྤུན་མཆེད་སོགས་ནི་འདི་འདྲ་ཞིག་ཡིན་ཞེས་ཡི་གེའི་ལམ་ནས་འབྲི་བ་ཡིན། མཚོན་བྱ་དང་བརྩེ་དུང་ལ་ཆེ་ཆུང་མེད་ཀྱང་།མཚོན་སྟངས་ལ་ཁྱད་པར་ཡོད་པ་ཡིན། དེབ་འདིའི་ནང་གི“བསམ་གཞིག་གི་འགྱུར་ཁུགས”ཀྱི་ཚན་པའི་ནང་གི《རྡོ་རིང་ཟམ་ཆེན》དང《ཕ་རྒན》《དབུས་ལམ་རིང་མོ》སོགས་རྩོམ་མང་ཤོས་ནི་དོན་གྱི་བྱུང་བ་བརྗོད་པའི་ལྷུག་རྩོམ་གྱི་རིགས་སུ་བགྲང་དགོས་པ་ཨེ་ཡིན་སྙམ་ལ། མཇུག་བྱང་གི་ཚབ་ཏུ་བཀོད་པའི《ལྷུག་རྩོམ་གྱི་རང་མདངས》ནི་བོད་ཀྱི་ལྷུག་རྩོམ་གྱི་བྱུང་འཕེལ་དང་།ད་ལྟའི་གནས་བབ།ལྷུག་རྩོམ་ལ་འཇུག་སྐབས་ཀྱི་དགག་བྱ་དང་སྒྲུབ་བྱ།དོར་བྱ་དང་བླང་བྱ་སོགས་ཞིབ་མོས་བརྗོད་ཡོད་པས།ཁོང་ཉིད་བོད་ཀྱི་ལྷུག་རྩོམ་ཐད་ལ་ཉམས་ཞིབ་ཆེ་བ་དང་།དེའི་ཐད་དུ་ཤ་ཐང་རུས་ཐང་གིས་འབད་ཀྱིན་ཡོད་པའང་ངང་གིས་ཤེས་ཐུབ་པ་ཞིག་རེད། ལྷུག་རྩོམ་ནི་འཚོ་བའི་བདེན་པ་དང་། དངོས་བྱུང་གི་དོན་དག་གིས་གྲུབ་དགོས་པར་བསྙད་པ་ལྟར།《དབུས་ལམ་རིང་མོ》ནི་རྩོམ་པ་པོས་རང་ཉིད་ཆ་རྒྱུས་ཟབ་པ་དང་། རང་གིས་མྱོང་ཞིང་རོལ་བའི་དོན་བྱ་འབའ་ཞིག་ལས་འོལ་ཚོད་ཀྱི་གཏམ་དང་། ཁེངས་ཉམས་ཀྱིས་གང་ཞིག་ལ་ཁྲུན་ཐག་བཅད་དེ་དགག་བཞག་དང་། སླ་ཆོས་ལ་དཀའ་འགྲེལ་བྱས་པ་ཞིག་མ་རེད། 《དབུས་ལམ་རིང་མོ》ནི་དོན་བརྗོད་ལྷུག་རྩོམ་གྱི་རིགས་སུ་གཏོགས་པས་བརྗོད་བྱ་གསལ་ལ། རྗོད་བྱེད་ཀྱི་ཚིག་ཚོགས་ཡང་བས་ཀློག་བདེ་ཞིང་ངེས་སླ་བ་ཞིག་རེད་སྙམ།
༢༠.《འཁྲུངས་གླིང་མེ་ཏོག་ར་བ།》
རྩོམ་པ་པོ། ཐུབ་བསྟན་ཉི་མས་བསྒྲིགས། རིགས་དབྱེ། གླིང་སྒྲུང་། ཤོག་ངོས། ༡༨༦བྱོན། དཔེ་སྐྲུན། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས༡༩༨༠ལོར་དཔར་སྐྲུན་འགྲེམ་སྤེལ་བྱས།
【ནང་དོན་གནད་བསྡུས།】དེབ་འདི་ནི་གླིང་སྒྲུང་ཆེན་མོ་ལས་གླིང་གེ་སར་རྒྱལ་པོ་དེ་ཉིད་ས་གང་དུ་འཁྲུངས་བ་དང་། མ་སུའི་པང་དུ་འཁྲུངས་བ། ཚུལ་ཇི་ལྟར་འཁྲུངས། འཁྲུངས་ཏེ་ཅི་ཞིག་བྱས་པ་སོགས་འཁྲུངས་གླིང་མེ་ཏོག་ར་བ་དང་དེའི་ཁར་རྨ་ས་བཟུང་དར་དཀར་མདུད་པ་བསྣན་ཏེ་སྒྲུང་ཉིད་གནའ་བོའི་བཤད་སྒྲོས་ཀྱི་གཏམ་དུ་དྲངས། དཔེ་དང་གཏམ་ལ་སྦྱར་ཏེ་བརྩམས་པ་ཞིག་ཡིན།
༢༡.《魔法的语言》(སྒྱུ་འཕྲུལ་གྱི་སྐད་ཆ།)
རྩོམ་པ་པོ། མི་ཆོའོ་ཧཱ་ཞིན་ནོ།(Michio Hoshing星野道夫1952-1996) ཚའོ་ཡིས་པིང་གིས་བསྒྱུར།(曹逸冰译)རིགས་དབྱེ། ཡུལ་སྐོར་ཟིན་བྲིས། ཤོག་ངོས། ༣༥༤བྱོན། དཔེ་སྐྲུན། ཀང་ཞིས་དགེ་འོས་སློབ་ཆེན་དཔེ་སྐྲུན་ཁང་གིས༢༠༢༥ལོར་དཔར་སྐྲུན་འགྲེམ་སྤེལ་བྱས།
【ནང་དོན་གནད་བསྡུས།】དེབ་འདི་ནི་མི་ཆོའོ་ཧཱ་ཞིན་ནོས་བརྩམས་པའི་འཆད་ཁྲིད་དམ་གཏམ་བཤད་མ་ཟིན་ཕྱོགས་བསྒྲིགས་བྱས་པའི་དེབ་ཅིག་རེད། དེབ་འདིར་ཁོས༡༩༨༧ལོ་ནས་༡༩༩༦ལོའི་བར་དུ་སྤེལ་བའི་འཆད་ཁྲིད་བཅུ་ཡི་མ་ཡིག་འདུས་ཡོད། གཏམ་བཤད་དེ་དག་སློབ་གྲྭ་ཆེན་མོ་དང་། བརྙན་པར་བརྩམས་ཆོས་འགྲེམ་སྟོན་རྣམས་སུ་སྤེལ་བ་ཞིག་རེད། བརྗོད་བྱ་ནི་ཁོ་རང་རྩོམ་པ་པོ་ཞིག་གམ་བརྙན་ལེན་པ་ཞིག་ཡིན་པའི་མཐོང་སྣེ་བརྒྱུད་དེ། ཨ་ལ་སི་ཁཱའི་ཡུལ་ལྗོངས་དང་། དེར་འཚོ་སྡོད་བྱས་པའི་མི་རིགས། དེར་འདུས་པའི་སྲོག་ཆགས་སོགས་ཀྱི་མཛེས་པ་ཉིད་སྐད་ཆའི་སྒྱུ་འཕྲུལ་གྱི་སྐད་ཆ་རུ་དྲངས་ནས་བསྟན་ཡོད།
ཁོ་རང་གི་སློབ་གྲྭའི་རྒྱུད་རིམ་དང་། ལྷག་པར་ཨ་ལ་སི་ཁཱར་སྐྱོད་པ། མཇུག་མཐར་དེ་ནས་འཚོ་བ་རོལ་ཞིང་བསྡད་པ་སོགས་ཀྱི་གཏམ་བཤད་ཡིག་ཐོག་འབེབ་པ་ཞིག་རེད། འདིར་ཁོང་གི་
༢༢.《旅行之木》(འགྲུལ་སྐྱོད་ཀྱི་སྡོང་པོ།)
རྩོམ་པ་པོ། མི་ཆོའོ་ཧཱ་ཞིན་ནོ།(Michio Hoshing星野道夫1952-1996) ཚའོ་ཡིས་པིང་གིས་བསྒྱུར།(曹逸冰译)རིགས་དབྱེ། ཐོལ་རྩོམ། ཤོག་ངོས། ༢༩༩བྱོན། དཔེ་སྐྲུན། ཀང་ཞིས་དགེ་འོས་སློབ་ཆེན་དཔེ་སྐྲུན་ཁང་གིས༢༠༢༥ལོར་དཔར་སྐྲུན་འགྲེམ་སྤེལ་བྱས།
【ནང་དོན་གནད་བསྡུས།】དེབ་འདི་ནི་མི་ཆོའོ་ཧཱ་ཞིན་ནོ་ཡི་ཐོལ་རྩོམ་དེབ་ཅིག་སྟེ། འདིར་ཁོང་གིས་བྲིས་པའི་ཐོལ་རྩོམ་དག་ལས༡༩༩༣ལོ་ནས༡༩༩༥ལོའི་བར་དུ་བྲིས་པའི་ཐོལ་རྩོམ་རྣམས་བཀོད་ཡོད། འདི་ཡང་ཁོང་གི་བརྩམས་ཆོས་གཞན་གཉིས་ལྟར་བརྗོད་བྱ་ཨ་ལ་སི་ཁཱའི་དགུན་ཁ་དང་། དབྱར་ཁ། རི་དྭགས་དང་ཆུ་སྲིན་རྔོན་ཏེ་འཚོ་བ་རོལ་བའི་མི་རིགས་རྣམས་ཀྱི་འཚོ་བའི་ཟིན་བྲིས་ཤིག་སྟེ། འཚོ་བའི་ཆེད་ཆུ་སྲིན་དང་ཤྭ་གཡུང་སོགས་སྲོག་ཆགས་འཚེ་དགོས་རུང་། རང་བྱུང་ཁམས་དང་སྲོག་ཆགས་ཀྱི་རིགས་ལ་དེ་བསྟུན་གྱི་སྐྱིན་པ་འབུལ་བ་དང་། ལས་འབྲས་ཀྱི་རྣམ་གཞག་ལྟ་བུ་སོགས་མཚན་ཉིད་རིག་པའི་ལམ་ནས་བསྟན་ཡོད།
༢༣.《森林、冰河与鲸》(ནགས་ཚལ་དང་འཁྱག་ཀླུང་། ད་དུང་ཆུ་སྲིན།)
རྩོམ་པ་པོ། མི་ཆོའོ་ཧཱ་ཞིན་ནོ།(Michio Hoshing星野道夫1952-1996) ཚའོ་ཡིས་པིང་གིས་བསྒྱུར།(曹逸冰译)རིགས་དབྱེ། ལྷུག་རྩོམ། ཤོག་ངོས། ༣༢༣བྱོན། དཔེ་སྐྲུན། ཀང་ཞིས་དགེ་འོས་སློབ་ཆེན་དཔེ་སྐྲུན་ཁང་གིས༢༠༢༥ལོར་དཔར་སྐྲུན་འགྲེམ་སྤེལ་བྱས།
【ནང་དོན་གནད་བསྡུས།】དེབ་འདི་ནི་རང་བྱུང་སྐྱེ་ཁམས་བརྗོད་བྱ་བྱས་པའི་ལྷུག་རྩོམ་དེབ་ཅིག་རེད། རང་བྱུང་ཁམས་ཀྱི་མི་དང་སྲོག་ཆགས་ཀྱི་འགལ་བ་དང་འབྲེལ་བ། མི་དང་ཁོར་ཡུག་གི་འབྲེལ་བ་བཅས་བསྟན་ཡོད་ལ། ཨ་ལ་སི་ཁཱའི་འཁྱགས་ཀླུང་དང་། ནགས་ཚལ། ཉི་ཟླའི་འཆར་ནུབ། དེ་བཞིན་དོམ་དྲེད་དང་། ཤྭ་གཡུང་། ཆུ་སྲིན་སོགས་དང་འབྲེལ་འདྲིས་བྱས་པའི་གཏམ་རྒྱུད་དག པར་དང་ཡི་གེའི་རྣམ་པར་དྲངས་ཏེ་བསྟན་པའི་དེབ་ཅིག་རེད།
དེབ་འདི་གསུམ་ནི་མི་ཆོའོ་ཧཱ་ཞིན་ནོ་ཡི་སྐྱེ་ཁམས་རྩོམ་རིག་གི་ལམ་ནས་བྲིས་པའི་དེབ་གསུམ་དུ་བགྲང་པ་དང་། དེབ་འདི་གསུམ་བརྒྱུད་དེ་ཐག་རིང་གི་ཨ་ལ་ས་ཁཱ་རུ་ཡིད་སེམས་ཀྱི་འགྲུལ་བཞུད་ཐེངས་རེ་བྱ་མཁན་གྱི་མི་ཡང་ཡོད་དོ།།
༢༤.《འཚོ་བའི་ཟིན་བྲིས།》
རྩོམ་པ་པོ། སྐྱབས་ཆེན་བདེ་གྲོལ། རིགས་དབྱེ། ལྷུག་རྩམ། ཤོག་ངོས། ༡༤༦བྱོན། དཔེ་སྐྲུན། སི་ཁྲོན་མི་དམངས་དཔེ་སྐྲུན་ཁང་གིས༢༠༡༨ལོར་དཔར་སྐྲུན་འགྲེམ་སྤེལ་བྱས།
【ནང་དོན་གནད་བསྡུས།】དེབ་འདི་རྩོམ་པ་པོ་སྐྱབས་ཆེན་བདེ་གྲོལ་གྱི་ལྷུག་རྩོམ་དེབ་ཅིག་རེད་ལ། འདིར་ཁོང་གིས༢༠༠༦ལོ་ནས༢༠༡༦ལོའི་བར་དུ་བྲིས་པའི་ལྷུག་རྩོམ་མང་པོ་བཀོད་ཡོད། འདིར་ཁོང་གིས་མི་འཚོ་བའི་ཟིན་བྲིས་ཏེ་བརྗེད་དུ་ཕངས་པའི་དོན་དག་དེ་ཚོའི་ཡི་གེའི་ལམ་དུ་བྲིས་ཤིང་། སྒྱུ་འཕྲུལ་གྱིས་སྐད་ཆས་འཆད་དེ་བསྟན་པའི་དེབ་ཅིག་སྟེ། བརྗོད་བྱ་ཕུན་སུམ་ཚོགས་ལ། རྗོད་བྱེད་ཚིག་གི་སྦྱོར་བ་ཀློག་བདེ་ལ་ཀློག་མོས་པའི་དེབ་ཅིག་རེད།
༢༥.《དོན་གྲུབ་རྒྱལ་གྱི་བརྩམས་སྒྲུང་ཕྱོགས་བསྒྲིགས།》
རྩོམ་པ་པོ། དོན་གྲུབ་རྒྱལ། རིགས་དབྱེ། སྒྲུང་གཏམ། ཤོག་ངོས། ༣༠༠བྱོན། དཔེ་སྐྲུན། མི་གསལ།
【ནང་དོན་གནད་བསྡུས།】དེབ་འདི་ནི་རྩོམ་པ་པོ་དོན་གྲུབ་རྒྱལ་གྱི་སྒྲུང་གཏམ་ཕྱོགས་བསྒྲིགས་དེབ་ཅིག་རེད་ལ། འདིར་ཁོང་གིས་བརྩམས་པའི་སྒྲུང་ཐུང་བརྒྱད་དང་། ཟུར་བཀོད་དུ《ཁ་བའི་རྡུལ་མང་བརྩེགས་པ་ལ་ཁོང་ནང་སྙིང་པས་ཀྱང་གཅེས་སུ་འཛིན་པའི་གདོང་ལྔའི་དབང་པོ་ཞེས་བ་བའི་འདས་ཚིགས་ཞུ་མཆིད》ཅེས་བསྣན་ཏེ་གྲུབ་པའི་དེབ་ཅིག་རེད།
༢༦.《གཏམ་རྒྱུད་གསེར་ཐང་།》
རྩོམ་པ་པོ། དགེ་འདུན་ཆོས་འཕེལ། རིགས་དབྱེ། རིག་གཞུང་ལྷུག་རྩོམ། ཤོག་ངོས། ༥༠༣བྱོན། དཔེ་སྐྲུན། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༢༡ལོར་དཔར་སྐྲུན་འགྲེམ་སྤེལ་བྱས།
【ནང་དོན་གནད་བསྡུས།】དེབ་འདི་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་རྒྱ་གར་འཕགས་ཡུལ་སོགས་ནང་པའི་གནས་ཆེན་ཁག་ཏུ་ཕེབས་ཤིང་། དེ་ནས་རྒྱ་གར་གྱི་རིག་གནས་དང་ཆོས་ལུགས། མི་དམངས་ཀྱི་འཚོ་བ་རོལ་སྟངས། གནའ་བོའི་རྒྱལ་རབས་ཀྱི་རིག་གནས་སྙིང་སྟོབས་དང་། ཆག་འཇིགས་ལོ་རྒྱུས་བརྗོད་ཡོད།
༢༧.《苏菲的世界》(སོ་ཧྥེས་ཀྱི་འཇིག་རྟེན།)
རྩོམ་པ་པོ། ཇོར་སི་ཊན་གྷ་ཌིར། (乔斯坦·贾德)ཤོ་པོའོ་སིན་གྱིས་བསྒྱུར། (萧宝森)རིགས་དབྱེ། སྒྲུང་གཏམ། ཤོག་ངོས། ༥༡༡བྱོན། དཔེ་སྐྲུན། རྩོམ་པ་པོའི་དཔེ་སྐྲུན་ཁང་གིས༢༠༡༧ལོར་དཔར་སྐྲུན་འགྲེམ་སྤེལ་བྱས།
【ནང་དོན་གནད་བསྡུས།】དེབ་འདི་ནི་སྒྲུང་གཏམ་གྱི་ལམ་ནས་བྲིས་པའི་མཚན་ཉིད་རིག་པའི་བློ་འབྱེད་བསླབ་དེབ་ཅིག་ཏུ་ངོས་འཛིན་ལ། དེབ་ཀྱི་མགོ་མཇུག་ཡོངས་སུ་མཚན་ཉིད་རིག་པའི་བྱུང་འཕེལ་དང་། གནའ་དེང་གི་མཚན་ཉིད་རིག་པའི་ཁྱད་པར། འཛམ་གླིང་ཤར་ནུབ་ཀྱི་མཚན་ཉིད་རིག་པ་བ་ངོ་སྤྱོད་སོགས་མི་སྣའི་ཁ་བརྡའམ་འཕྲིན་ཡིག་གི་ལམ་དུ་བྲིས་ཏེ་བསྟན་ཡོད། དེབ་འདི་སྒྲུང་གཏམ་ལམ་ནས་བྲིས་ཡོད་ཀྱི་གཏིང་ཟབ་པའི་མཚན་ཉིད་རིག་པའི་སྐོར་དང་འབྲེལ་ཆེ་བས་བརྗོད་བྱ་ཕུན་སུམ་ཚོགས་ལ། རྗོད་ཐབས་འཕྲིན་ཡིག་གམ་མི་སྣའི་ཁ་བརྡ་ལམ་ནས་བསྟན་ཡོད།
༢༨.《གླུ་སྐད་སྐྱ་བོ།》
རྩོམ་པ་པོ། སྐྱབས་ཆེན་བདེ་གྲོལ། རིགས་དབྱེ། སྒྲུང་གཏམ། ཤོག་ངོས། ༢༩༤བྱོན། དཔེ་སྐྲུན། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༠༨ལོར་དཔར་སྐྲུན་འགྲེམ་སྤེལ་བྱས།
【ནང་དོན་གནད་བསྡུས།】དེབ་འདིར་སྐྱབས་ཆེན་བདེ་གྲོལ་ལགས་ཀྱི་སྒྲུང་ཐུང་ཉི་ཤུ་རྩ་བཞི་ཙམ་བསྡུས་ཡོད། ཁོང་ནི་སྙན་ངག་དང་། ལྷུག་རྩོམ། སྒྲུང་གཏམ་སོགས་རྩོམ་ལུས་སྣ་མང་གསར་རྩོམ་བའི་རྩོམ་པ་པོ་ཞིག་ཡིན་པར་མ་ཟད། རྩོམ་ལུས་སྣ་མང་སྒོས་གསར་རྩོམ་གནང་ཡང་། དེ་དག་ཚང་མ་ལེགས་གྲུབ་བྱུང་ཡོད་པའི་རྩོམ་པ་པོ་ཞིག་རེད་འདོད། ཁོང་ནི་རྒྱ་བོད་དབྱིན་གསུམ་གྱི་ཡིག་རིགས་དང་སྐད་རིགས་ལ་བྱང་ཆུབ་ཀྱང་། ཁོང་གི་གསར་རྩོམ་ལ་གཞན་སྐད་དང་གཞན་ཡིག་ཤན་མ་ཐེབས་པར་བོད་སྐད་རྣལ་མའི་ལམ་ནས་གསར་རྩོམ་གནང་ཡོད་པར་སྙམ། 《གླུ་སྐད་སྐྱ་བོ》ནི་སྐྱབས་ཆེན་བདེ་གྲོལ་གྱི་ཚབ་མཚོན་བརྩམས་ཆོས་ཤིག་ཡིན་པར་མ་ཟད། བོད་ལའང་འདི་ཚུན་ནས་རྩོམ་སྟངས་གསར་བ་ཞིག་གམ། སྒྲུང་གཏམ་གྱི་རིང་ལུགས་སམ་གྲུབ་མཐའ་གསར་པ་ཞིག་བྱུང་ཡོད་པའི་ངེས་ཤེས་བྱུང་།
༢༩.《བྱང་ཐང་སྐོར་བའི་གཏམ་རྒྱུད།》
རྩོམ་པ་པོ། སོག་རུ་ཀརྨ་ཀུན་ཁྱབ། རིགས་དབྱེ། ལྷུག་རྩོམ། ཤོག་ངོས། ༣༩༠བྱོན། དཔེ་སྐྲུན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས༢༠༢༥ལོར་དཔར་སྐྲུན་འགྲེམ་སྤེལ་བྱས།
【ནང་དོན་གནད་བསྡུས།】དེབ་འདི་ནི་རིག་གནས་ལྷུག་རྩོམ་གྱི་ཁོངས་སུ་གཏོགས་པའི་དེབ་ཅིག་རེད། རྩོམ་པ་པོས་ཕ་ཡུལ་བྱང་ནག་ཆུའི་ས་ཆ་དང་ཡུལ་ཁག་སོ་སོར་བསྐོར་སྐྱོད་བྱས་ཏེ། མཐོང་ཐོས་མྱོང་གསུམ་དང་། རི་ཆུའི་རིག་གནས། ལོ་རྒྱུས་ཉམས་ཞིབ། རིག་དངོས་རྟོག་དཔྱོད་བྱས་ཏེ། ལོ་རྒྱུས་ལ་ཕྱི་མིག་དང་། སྐྱེས་ཆེན་རྗེས་དྲན་གྱི་བྱས་ཏེ་གྲུབ་ཡོད།
༣༠.《དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་དཀར་ཆག》
རྩོམ་པ་པོ། ངག་དབང་རྒྱལ་པོ་དང་། ལེགས་བཤད་ཐོགས་མེད། ཟླ་བ་རྒྱལ་མཚན་བཅས་ཀྱིས་བསྒྲིགས། རིགས་དབྱེ། དཀར་ཆག ཤོག་ངོས། ༢༥༠བྱོན། དཔེ་སྐྲུན། མི་རིགས་དཔེ་སྐྲུན་ཁང་གིས༢༠༠༣ལོར་དཔར་སྐྲུན་འགྲེམ་སྤེལ་བྱས།
【ནང་དོན་གནད་བསྡུས།】དེབ་འདིར་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྟེན་དང་བརྟེན་པ་ཐོག་མར་ཇི་ལྟར་བཏབ་པ་དང་། བར་དུ་ཉམས་གུད་སོང་ཚུལ། དེ་ནས་ཞིག་གསོས་རབ་དང་རིམ་པ་བྱས་ཚུལ་སོགས་དང་། ལྷ་ཁང་སོ་སོའི་ངོ་སྤྲོད། དེ་ཅིའི་ཕྱིར་བཞེངས་པ་དང་། དེར་རྟེན་གང་དག་བཞུགས་པ་རྣམས་བསྟན་ཡོད།
༣༡.《གླིང་སྣེའི་ཁ་བ།》
རྩོམ་པ་པོ། མཛེས་སེ། རིགས་དབྱེ། ལྷུག་རྩོམ། ཤོག་ངོས། ༢༩༦བྱོན། དཔེ་སྐྲུན། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༡༥ལོར་དཔར་སྐྲུན་འགྲེམ་སྤེལ་བྱས།
【ནང་དོན་གནད་བསྡུས།】དེབ་འདིར་དོན་ཚན་ཆེན་པོ་གསུམ་དུ་བགོས་ཏེ། ལྷུག་རྩོམ་མང་པོ་ཞིག་བསྡུས་ཡོད་ལ། མང་ཤོས་ནི་དོན་བརྗོད་ལྷུག་རྩོམ་གྱི་ཁོངས་སུ་བསྡུ་དགོས་པ་འདྲ། ན་ཆུང་དུས་ཀྱི་བརྩེ་དུང་དང་། གཞོན་པའི་དུས་ཀྱི་སྙིང་སྟོབས། བྱིས་དུས་ཀྱི་ཕྱིར་དྲན་སོགས་འདུས་པ་མ་ཟད། ཕ་སྐད་མ་ཡིག་ལ་བཅངས་བའི་བརྩེ་བ་དང་། དུང་ཞེན། ལ་རྒྱ་སོགས་མང་པོ་ཞིག་ཡིག་འབྲུའི་རྒྱུན་ཐག་ལ་བསྟར་ཡོད།
༣༢.《རྟ་རྒྱུགས་ནོར་བུ་ཆ་བདུན།》
རྩོམ་པ་པོ། ཐུབ་བསྟན་ཉི་མས་བསྒྲིགས། རིགས་དབྱེ། གླིང་སྒྲུང་། ཤོག་ངོས། ༢༥༨བྱོན། དཔེ་སྐྲུན། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༠༠ལོར་དཔར་སྐྲུན་འགྲེམ་སྤེལ་བྱས།
【ནང་དོན་གནད་བསྡུས།】དེབ་འདིར་གླིང་སྒྲུང་ལས་འཁྲུངས་གླིང་མེ་ཏོག་ར་བ་དང་། རྨ་ས་བཟུང་དར་དཀར་མདུད་པ་གཉིས་རྗེས་ཀྱི་དོན་ཏེ། གླིང་གི་རྗེ་བོ་སུ་ཁོད་རྟ་རྒྱུག་རྒྱལ་འཇོག་གིས་ཕྱེ་བ་དང་། རྟ་རྒྱུག་ཇི་ལྟར་བྱས་པ་སོགས་བསྟན་ཡོད་པ་རེད།
༣༣.《དམྱལ་ཟངས་ནང་ན་ཀུ་རེ་མེད།》
རྩོམ་པ་པོ། ནག་པོ་སྐལ་བཟང་། རིགས་དབྱེ། སྒྲུང་གཏམ། ཤོག་ངོས། ༢༧༦བྱོན། དཔེ་སྐྲུན། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༢༤ལོར་དཔར་ཐེངས་བཞི་པ་དཔར་སྐྲུན་འགྲེམ་སྤེལ་བྱས།
【ནང་དོན་གནད་བསྡུས།】དེབ་འདི་ནི་ནག་པོ་སྐལ་བཟང་ལགས་ཀྱིས༡༩༩༤ལོར་བྲིས་པའི་དེབ་ཅིག་རེད་ལ། འདིར་ནག་ཚོགས་དང་ཉེན་རྟོག་པ་ཞིག་བར་གྱི་འཁྲུག་རྩོད་དང་། འཐབ་འཛིང་སོགས་སྒྲུང་གཏམ་གྱི་རྣམ་པས་བྲིས་ཡོད། དེང་སང་འདིའི་རིགས་ཀྱི་འཁྲབ་གཞུང་དང་། གློ་བརྙན་སོགས་མང་ནའང་དུས་རབས་སྔོན་མའི་ནང་དུ་འདི་འདྲ་ཞིག་འབྲི་ཐུབ་པར་ཡང་ཧང་སངས་དགོས་པ་ཞིག་རེད་སྙམ།
༣༤.《རྭ་ལོ་ཙ་བའི་རྣམ་ཐར།》
རྩོམ་པ་པོ། རྭ་ཡེ་ཤེས་སེང་གེ། རིགས་དབྱེ། རྣམ་ཐར། ཤོག་ངོས། ༣༢༥བྱོན། དཔེ་སྐྲུན། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༡༩ལོར་དཔར་ཐེངས་དྲུག་པ་དཔར་སྐྲུན་འགྲེམ་སྤེལ་བྱས།
【ནང་དོན་གནད་བསྡུས།】དེབ་འདི་ནི་རྭ་ལོ་ཙ་བ་སྐུ་འཁྲུངས་བ་དང་། སློབ་སྦྱོང་ཇི་ལྟར་བྱས་པ། སློབ་མའམ་གདུལ་བྱ་ཇི་ལྟར་བསྐྱངས་བ་སོགས་ཁོང་གི་ལོ་རྒྱུས་སམ་རྣམ་ཐར་གྱི་དེབ་ཅིག་རེད།
༣༥.《ཨ་མདོ་བྱམས་པ་དང་དགེ་འདུན་ཆོས་འཕེལ།》
རྩོམ་པ་པོ། ཁྲི་གོང་ཨོ་རྒྱན་ཚེ་རིང་གིས་བཅར་འདྲི་བྱས་ཤིང་བསྒྲིགས། རིགས་དབྱེ། བཅར་འདྲི། ཤོག་ངོས། ༡༥༧བྱོན། དཔེ་སྐྲུན། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༡༨ལོར་དཔར་ཐེངས་གཉིས་པ་དཔར་སྐྲུན་འགྲེམ་སྤེལ་བྱས།
【ནང་དོན་གནད་བསྡུས།】ཁྲི་གོང་ཨོ་རྒྱན་ཚེ་རིང་གིས་ཨ་མདོ་བྱམས་པ་ལགས་ལ་དགེ་འདུན་ཆོས་འཕེལ་སྐོར་ངག་ཐོག་ནས་བཅར་འདྲི་ཞུས་ཤིང་ཡིག་ཐོག་འབེབས་པ་ཞིག་རེད། ཨ་མདོ་བྱམས་པ་ལགས་ཀྱིས་ཁོང་གིས་མཐོང་བའི་དགེ་འདུན་ཆོས་འཕེལ་སྐོར་ནས་བཤད་ཡོད་པ་ཞིག་རེད།
༣༦.《ཚེ་རིང་དོན་གྲུབ་ཀྱི་སྒྲུང་ཐུང་གསར་པ་བདམས་བསྒྲིགས།》
རྩོམ་པ་པོ། ཚེ་རིང་དོན་གྲུབ། རིགས་དབྱེ། སྒྲུང་གཏམ། ཤོག་ངོས། ༡༩༣བྱོན། དཔེ་སྐྲུན། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས༢༠༡༠ལོར་དཔར་ཐེངས་གཉིས་པ་དཔར་སྐྲུན་འགྲེམ་སྤེལ་བྱས།
【ནང་དོན་གནད་བསྡུས།】དེབ་འདིར་ཚེ་རིང་དོན་གྲུབ་ཀྱིས་ཚན་རྟོག་སྒྲུང་ཐུང《ཟླ་བའི་གཏམ་རྒྱུད》དང་གྲགས་པ་ཆེ་བའི《བཙུན་ཡག》སོགས་སྒྲུང་ཐུང་བཅུ་གཉིས་དང་། གཞན་དག་ཅེས་པའི་དོན་ཚན་ཞིག་ཏུ་ཐོལ་རྩོམ་བཀོད་དེ་གྲུབ་པའི་དེབ་ཅིག་རེད།
༣༧.《རྩོམ་རིག་སྐད་ཆའི་སྒྲིག་གཞི་བཀྲོལ་སྟངས།》
རྩོམ་པ་པོ། དཔལ་ལྡན་རྒྱ་མཚོ། རིགས་དབྱེ། དཔྱད་བརྗོད། ཤོག་ངོས། ༡༦༠བྱོན། དཔེ་སྐྲུན། མི་རིགས་དཔེ་སྐྲུན་ཁང་གིས༢༠༡༧ལོར་དཔར་སྐྲུན་འགྲེམ་སྤེལ་བྱས།
【ནང་དོན་གནད་བསྡུས།】དེབ་འདི་ནི་རྩོམ་རིག་གི་སྐད་ཆའི་སྒྲིག་གཞི་བཀྲོལ་སྟངས་དང་དེ་ལ་དཔྱད་པ་བཏང་བའི་དེབ་ཅིག་ཡིན་ལ། འདིར་རྩོམ་རིག་སྐད་ཆའི་ཞིབ་འཇུག་གི་ཐབས་ལམ་དང་། རྩོམ་རིག་སྐད་ཆའི་སྒྲིག་གཞི་དང་ཁྱད་ཆོས། རྩོམ་རིག་སྐད་ཆའི་རྩོམ་ལུས་ཀྱི་དབྱེ་བ་བགར་སྟངས། རྩོམ་རིག་སྐད་ཆའི་སྒྱུ་རྩལ་དང་སྣང་བརྙན་སོགས་ལ་དཔྱད་པ་བཏང་ཞིང་སྤྲོས་བརྗོད་བྱས་པའི་དེབ་ཅིག་སྟེ། འདི་ཉིད་རིག་ལམ་གསལ་བ་དང་། རྒྱབ་བརྟེན་དང་དཔྱད་གསུམ་དག་པའི་ལུང་དང་ལྡན་པའི་སྒོ་ནས་ཞིབ་འཇུག་དང་ཁྲིད་སྟོན་བྱས་ཡོད་ཅིང་། སྒྲུང་གཏམ《ར་ལོ》གཞིར་བཟུང་ནས་རྩོམ་རིག་སྐད་ཆའི་སྒྱུ་རྩལ་སོགས་ལ་དཔྱད་པ་དང་། སྒྲུང་རིང《རྒུད》གཞིར་བཟུང་ཏེ་རྩོམ་རིག་སྐད་ཆའི་སྒྲིག་གཞི་སོགས་ལ་དཔྱད་པ་བཏང་ཡོད།
༣༨.《སོར་གདུབ་དང་སྒྲུང་ཐུང་གཞན་དག》
རྩོམ་པ་པོ། སྙན་བུ། རིགས་དབྱེ། སྒྲུང་གཏམ། ཤོག་ངོས། ༣༠༤བྱོན། དཔེ་སྐྲུན། མི་རིགས་དཔེ་སྐྲུན་ཁང་གིས༢༠༢༥ལོར་དཔར་སྐྲུན་འགྲེམ་སྤེལ་བྱས།
【ནང་དོན་གནད་བསྡུས།】《སོར་གདུབ་དང་སྒྲུང་ཐུང་གཞན་དག》ཅེས་པའི་སྒྲུང་དེབ་འདི་རྩོམ་པ་པོ་འཁྱམ་རུ་གནམ་ལྷ་རྒྱལ་ལམ་སྙན་བུ་ལགས་ཀྱི་སྒྲུང་ཐུང་ཕྱོགས་བསྒྲིགས་ཀྱི་དེབ་ཅིག་སྟེ། འདིར་བསྡུས་པའི་སྒྲུང་ཐུང་དག་ནི་དངོས་བྱུང་གི་གཏམ་རྒྱུད་དང་། འཆར་ཡན་གྱིས་རྟོག་བཟོ་སོགས་ལ་བརྟེན་ནས་གྲུབ་འདུག་ཅིང་། ལོ་ཚིགས་ཀྱི་དབང་དུ་བྱས་ན༢༠༡༡ལོ་ནས༢༠༢༥ལོའི་བར་དུ་བྲིས་པའི་སྒྲུང་གཏམ་དག་ལས་གཅེས་བཏུས་བྱས་ཡོད་པར་སྣང་ལ། དེབ་འདིར་བཀོད་པའི་སྒྲུང་ཐུང་མང་ཤོས《སྦྲང་ཆར》དང《གངས་དཀར་རི་བོ》 《ཟླ་ཟེར》《བོད་ཀྱི་རྩོམ་རིག་སྒྱུ་རྩལ》སོགས་སུ་བཀོད་ཡོད།
༣༩.《སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས།》
རྩོམ་པ་པོ། བཀྲ་བྷ། རིགས་དབྱེ། སྒྲུང་གཏམ། ཤོག་ངོས། ༢༧༨བྱོན། དཔེ་སྐྲུན། མི་རིགས་དཔེ་སྐྲུན་ཁང་གིས༢༠༡༢ལོར་དཔར་སྐྲུན་འགྲེམ་སྤེལ་བྱས།
【ནང་དོན་གནད་བསྡུས།】
དེབ་འདིར་སྲིན་པོ་གཡུ་རྔོག་གི་འདབས་སུ་ཆགས་པའི་ཚོ་བ་ཞིག་གི་མི་རབས་སྔ་ཕྱི་གཉིས་ཉི་མ་ལྷ་སར་རེ་སྙེག་བྱས་པ་དང་། ལྷ་སར་འགྲོ་བའི་དམིགས་ཡུལ་ནི་ཇོ་མཇལ་ཆོས་སྐོར་དང་ཞོར་དུ་མཁའ་ལྡིང་གི་ཡང་སྲིད་བཙལ་འཚོལ་ཀྱི་རེ་འདོད་ཡོད་ཀྱང་། གཞི་བདག་སྲིན་པོ་གཡུ་རྔོག་གི་ཕྲག་དོག་གིས་རྐྱེན་ངན་མགོ་རུ་ཡོང་བའི་དོགས་འཚེར་བྱས་ཏེ་འགྲོ་མ་ཐུབ། སྡོད་མ་ཚུགས་པར་ལུས་པའི་གཏམ་རྒྱུད་ཅིག་བརྗོད་ཡོད། རྩོམ་པ་པོས《སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས》ཞེས་པ་དང་ཐོག་སྒྲུང་འབྲིང་དུ་བྲིས་པ་དང་། དེར་སྐབས་གསུམ་པའི་སྦྲང་ཆར་རྩོམ་རིག་བྱ་དགའ་ཐོབ་པ་དང་། སྒྲུང་འབྲིང་དེར་གཞིར་བྱས་ཤིང་མི་སྣ་གསར་བསྣན་དང་། བྱུང་རིམ་ཁ་བསྣན་བྱས་ཏེ《སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས》ཞེས་པ་སྒྲུང་རིང་དུ་བཅོས་ཤིང་། ༢༠༠༠ལོར《མཚོ་སྔོན་མང་ཚོགས་སྒྱུ་རྩལ》དེབ་དང་པོ་ནས། ༢༠༠༡ལོར《མཚོ་སྔོན་མང་ཚོགས་སྒྱུ་རྩལ》དེབ་བཞི་པའི་བར་དུ་མུ་འགོད་བྱས་ཤིང་། སྤྱི་ལོ༢༠༡༢ལོར་མི་རིགས་དཔེ་སྐྲུན་ཁང་གིས་དཔར་བསྐྲུན་བྱས་པ་ཞིག་རེད།
༤༠.《我身上有个不可战胜的夏天》
རྩོམ་པ་པོ། ཨོལ་བྷིར་ཐྲི་ཁཱ་མེའོ་སི། (Alber Camus阿尔贝·加缪1913-1960)ཧང་ཁུ་ཡིས་ཀྱིས་བསྒྱུར། (黄可以译)རིགས་དབྱེ། ལྷུག་རྩོམ། ༡༨༦བྱོན། དཔེ་སྐྲུན། ཏེན་ཅིན་མི་དམངས་དཔེ་སྐྲུན་ཁང་གིས༢༠༢༥ལོར་དཔར་ཐེངས་བཅུ་པ་དཔར་སྐྲུན་འགྲེམ་སྤེལ་བྱས།
【ནང་དོན་གནད་བསྡུས།】དེབ་འདིར་ལྷུག་རྩོམ་བཅུ་བཞི་ཙམ་གྱི་བཀོད་ཡོད། ཁོང་ནི་སྒྲུང་གཏམ་རྩོམ་པ་པོ་ཡིན་པའི་མཚན་ཉིད་རིག་པ་བ་ཟེར་ལ། ཁོང་གི་བརྩམས་ཆོས་དག་ཏུ་མཚན་རིག་པའི་སྐོར་གྱི་སྐད་ཆ་དང་། བསམ་བློ། རིག་པ་སྐོར་སྟངས་སོགས་མང་པོ་ཞིག་འདུས་ཡོད་ལ། དེབ་འདིར་འཁོད་པའི་བརྩམས་ཆོས་རྣམས་ལའང་མཚན་ཉིད་རིག་པའི་ངོས་ནས་འཆི་གསོན་བར་གྱི་འགལ་བ་དང་། དེར་གདོང་ལེན་བྱ་ཐོབ་སོགས་འདུས་ཡོད་པར་སྙམ།
༤༡.《འཚུབ་མ་ཁེར་རྐྱང་།》
རྩོམ་པ་པོ། བཀྲ་བྷ། རིགས་དབྱེ། སྒྲུང་གཏམ། ཤོག་ངོས། ༢༧༥བྱོན། དཔེ་སྐྲུན། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༡༣ལོར་དཔར་ཐེངས་བཞི་པ་དཔར་སྐྲུན་འགྲེམ་སྤེལ་བྱས།
【ནང་དོན་གནད་བསྡུས།】དེབ་འདི་ནི་རྒན་བཀྲ་བྷ་ལགས་ཀྱི་སྒྲུང་འབྲིང་ཕྱོགས་བསྒྲིགས་ཀྱི་དེབ་ཅིག་རེད་ལ། འདིར《སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས》དང《ར་བྷ་འདྲེ་མིག་དང་རིན་ཆེན་རྐྱལ་ཁ》《འཚུབ་མ་ཁེར་རྐྱང》ལམ་བཅས་སྒྲུང་བཞི་བཀོད་ཡོད།
༤༢.《གངས་འདབས་ཀྱི་སེམས་པ།》
རྩོམ་པ་པོ། འཇུ་སྐལ་བཟང་། རིགས་དབྱེ། སྙན་ངག ཤོག་ངོས། ༡༡༥བྱོན། དཔེ་སྐྲུན། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས༡༩༩༤ལོར་དཔར་སྐྲུན་འགྲེམ་སྤེལ་བྱས།
【ནང་དོན་གནད་བསྡུས།】དེབ་འདིའི་འགོ་བརྗོད་སྙན་ངག་པ་ཡི་དམ་ཚེ་རིང་གིས་བྲིས་ཤིང་། འཇུ་སྐལ་བཟང་གི་སྙན་ངག་ལ་གདེང་འཇོག་གནང་ཡོད། དེབ་འདིར་སྲོལ་རྒྱུན་སྙན་ངག་དང་། རང་མོས་སྙན་ངག་སོགས་སྙན་ངག་མང་པོ་ཞིག་བཀོད་ཡོད་ལ། 《དུང་སེམས་རླབས་ཀྱི་ཟེགས་མ》སོགས་ཀྱང་དེབ་འདིར་བསྡུས་ཏེ་བཀོད་ཡོད།
༤༣.《ང་རང་ས་ཆ་མང་པོ་ཞིག་ནས་ཡོང་བ་ཡིན།》
རྩོམ་པ་པོ། འབྲོག་སྐྱ་བོ། རིགས་དབྱེ། ལྷུག་རྩོམ། ཤོག་ངོས། ༢༠༥བྱོན། དཔེ་སྐྲུན། ༢༠༢༥ལོར་དཔར་སྐྲུན་འགྲེམ་སྤེལ་བྱས།
【ནང་དོན་གནད་བསྡུས།】དེབ་འདིར་ལྷུག་རྩོམ་བཅུ་དགུ་ཙམ་བསྡུས་ཡོད་ལ། རྩོམ་པ་པོས་འཁྱམ་སྐྱོད་ཀྱི་ལམ་ནས་མཐོང་ཐོས་བྱུང་བའི་དོན་དང་། འདས་པོ་རུ་གྱུར་པའི་གྲོགས་པོའི་རྗེས་དྲན། བྱིས་དུས་འཚོ་དྲན་པའི་དོན་རྣམས་བརྗོད་བྱ་རུ་དྲངས་ཏེ་རྩོམ་པའི་དེབ་ཅིག་ཡིན།
༤༤.《འཇུ་སྐལ་བཟང་གི་ལྷུག་རྩོམ་ཕྱོགས་བསྒྲིགས།》
རྩོམ་པ་པོ། འཇུ་སྐལ་བཟང་། རིགས་དབྱེ། ལྷུག་རྩོམ། ཤོག་ངོས། ༢༢༥བྱོན། དཔེ་སྐྲུན། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༢༤ལོར་དཔར་ཐེངས་དྲུག་པ་དཔར་སྐྲུན་འགྲེམ་སྤེལ་བྱས།
【ནང་དོན་གནད་བསྡུས།】དེབ་འདིར་ལྷུག་རྩོམ་གྲགས་ཆེན《རང་ཁྱིམ》དང《སྦྲ་ནག་གི་གྱེས་འབོད》སོགས་དང་ཐོལ་རྩོམ་འགའ་བསྣན་དེ་ཁྱོན་རྩོམ་ཡིག་ཉི་ཤུ་རྩ་བརྒྱད་ཙམ་བསྡུས་ཡོད། ཁོང་ནི་བོད་ཀྱི་རྩོམ་པ་པོའི་རྒན་པོའི་གྲས་སུ་གཏོགས་ཤིང་། བོད་ཀྱི་སྲོལ་རྒྱུན་རྩོམ་ལ་བློ་སྦྱོང་ཡང་གང་འཚམ་སོང་ཡོད་པའི་རྩོམ་པ་པོ་ཞིག་ཡིན་པས། ཁོང་གི་བརྩམས་ཆོས་དག་ལ་མར་དྲི་དང་རྩམ་དྲི་ལྟ་བུའི་བོད་སྐད་སྣུམ་ལྕུག་གེར་བ་འདུག་སྙམ།
༤༥.《སོ་སོར་ཐར་པའི་མདོ།》རྩོམ་པ་པོ། སློབ་དཔོན་ཡོན་ཏན་འོད། རིགས་དབྱེ། འདུལ་བ། ཤོག་ངོས། ༥༡༧བྱོན། དཔེ་སྐྲུན། སྡེ་དགེ་དཔར་ཁང་གིས་དཔར་སྐྲུན་འགྲེམ་སྤེལ་བྱས།
【ནང་དོན་གནད་བསྡུས།】འདུལ་བ་མདོ་རྩ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཅས་པ་མཛད་པའི་སོ་སོར་ཐར་པའི་མདོ་དང་། འདུལ་ཁྲིམས་སོགས་གཞུང་གཅིག་ཏུ་དྲིལ་ཞིང་། དགེ་སྦྱོང་གི་སྤྱོད་ལམ་དང་། ཟ་འཆག་ཉལ་འདུག་སོགས་ཀྱི་གནང་བ་དང་བཀག་པའི་དབྱེ་བ་ཕྱེས་ཏེ་བསྟན་པའི་གཞུང་ཞིག་རེད་ལ། འདི་ནི་འགྱུར་རྩོམ་གྱི་གྲས་སུ་གཏོགས་ཀྱང་སྔོན་ཆད་ཀྱི་ལོ་ཙཱ་བ་ཚོས་བསྒྱུར་ཅིང་། ཞུས་པ་དང་། གཏན་ལ་ཕབ་པ་སོགས་ཀྱི་གོ་རིམ་དང་ལྡན་ཡོད་པས་ཚད་ལྡན་ཚུལ་མཐུན་དུ་ངེས་ཤིང་། འདུལ་བའི་གཞུང་རྣམས་སུ་སྐྱེ་དངོས་དང་། སྲོག་ཆགས་སོགས་ཀྱི་མིང་བརྡ་མང་པོ་ཞིག་ཡོད་པ་དང་། ཚིག་སྦྱོར་སྤེལ་སྟངས་སོགས་ཀྱི་བོད་རང་སྐད་དུ་འབྱུང་བས་འདུལ་བའི་གཞུང་རྣམས་ལ་ལྟ་ཀློག་བྱ་བ་ཆེས་རིག་པར་སྙམ།
༤༦.《རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་རང་རྣམ་བཞུགས་སོ།།》
རྩོམ་པ་པོ། རྡོ་གྲུབ་རྒན་བྱང་ཆུབ་རྡོ་རྗེ། རིགས་དབྱེ། རྣམ་ཐར། ཤོག་ངོས། ༢༡༤བྱོན། དཔེ་སྐྲུན། ༢༠༢༠ལོར་དཔར་སྐྲུན་འགྲེམ་སྤེལ་བྱས།
【ནང་དོན་གནད་བསྡུས།】དེབ་འདིར་རྡོ་གྲུབ་ཆེན་གྱི་སྐུ་འཁྲུངས་པ་དང་། བསླབ་པ་ལམ་གྱི་གནས་སྐབས་དཀའ་སྡུག་ཚད་མེད་ཅིག་བྱུང་ནའང་། དཀའ་ངལ་ཁྱད་བསད་དང་། བརྩོན་པ་ལྷད་མེད་ཀྱིས་སྟོད་སྨད་བར་གསུམ་ནས་བླ་མ་ག་ཆེ་གང་དྲག་རྣམས་ཀྱི་ཞབས་རྡུལ་སྤྱི་བོར་བླངས་ཏེ་བརྡར་ཤ་བཅད་ཅིང་། རང་དོན་དུ་ཐོས་བསམ་སྒོམ་གསུམ། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་བྱས་པའི་ལོ་རྒྱུས་བརྗོད་ཡོད།
༤༧.《ཚེ་རིང་དོན་གྲུབ་ཀྱི་ཐོལ་རྩོམ་ཕྱོགས་བསྒྲིགས།》
རྩོམ་པ་པོ། ཚེ་རིང་དོན་གྲུབ། རིགས་དབྱེ། ཤོག་ངོས། ༢༡༣བྱོན། དཔེ་སྐྲུན། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༢༥ལོར་དཔར་སྐྲུན་འགྲེམ་སྤེལ་བྱས།
【ནང་དོན་གནད་བསྡུས།】དེབ་འདི་ནི་ཚེ་རིང་དོན་གྲུབ་ལགས་ཀྱི་ཐོལ་རྩོམ་དང་། ལྷུག་རྩོམ། ཟིན་ཐོ། འཆད་ཁྲིད་མ་ཟིན་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པའི་དེབ་ཅིག་རེད། དེབ་འདིར་ཁོད་པའི་《ཨ་མའི་ལག་ཟས》ལྟ་བུའི་མཚོན་རྩོམ་མང་ཤོས་《མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ》སོགས་ནས་བཀླགས་མྱོང་ལ། ཁོང་གི་རྩོམ་ལུས་གང་བྲིས་ཀྱང་ཞེན་པ་མདངས་ཁྱད་པར་བ་དེ་རྩོམ་ཡོད་ཚད་ལ་འབྱར་འདུག་པར་སྙམ།
༤༨.《གངས།》
རྩོམ་པ་པོ། པདྨ་ཚེ་བརྟན། རིགས་དབྱེ། སྒྲུང་གཏམ། ཤོག་ངོས། ༢༥༨བྱོན། དཔེ་སྐྲུན། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༡༧ལོར་དཔར་ཐེངས་གཉིས་པ་དཔར་སྐྲུན་འགྲེམ་སྤེལ་བྱས།
【ནང་དོན་གནད་བསྡུས།】དེབ་འདིར་སྒྲུང་ཐུང་བཅུ་བཞི་བསྡུས་ཡོད་ལ། སྒྲུང་དེ་དག་ནི་རྟོག་བཏགས་དང་དངོས་བྱུང་གཏམ་རྒྱུད་ཅི་རིགས་ཤིག་བརྗོད་གཞི་བྱས་ཏེ། མཚོན་ཐབས་མི་འདྲ་བའི་སྒོ་ནས་བྲིས་པའི་སྒྲུང་དེབ་ཅིག་རེད། ཁོང་གི་ཕྱི་ནང་གི་རྩོམ་རིག་སྤྱི་དང་སྒོས་སུ་སྐད་གཉིས་ལ་བྱང་ཆུབ་ཅིང་། སྐད་གཉིས་ལམ་ནས་གསར་རྩོམ་གནང་མཁན་གྱི་རྩོམ་པ་པོ་ཞིག་ཡིན་པས་རྩོམ་རིག་ལ་བློ་སྦྱོང་ཟབ་ཅིང་། ལྟ་རྒྱ་ཐོས་རྒྱ་ཕུན་སུན་ཚོགས་ཀྱང་ཁོང་གི་མར་དང་རྩམ་པའི་དྲི་ཡད་མ་ཡལ་བའི་སྒྲུང་གཏམ་འབའ་ཞིག་བྲིས་འདུག་པར་སྙམ།
༤༩.《གཟན་ཤམ་གྱོན་པའི་གཡག་རྭ།》
རྩོམ་པ་པོ། ཅོ་ནེ་ཡུམ་ཚེ་རིང་། རིགས་དབྱེ། སྒྲུང་གཏམ། ཤོག་ངོས། ༢༥༡བྱོན། དཔེ་སྐྲུན། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༡༨ལོར་དཔར་ཐེངས་གསུམ་པ་དཔར་སྐྲུན་འགྲེམ་སྤེལ་བྱས།
【ནང་དོན་གནད་བསྡུས།】དེབ་འདིར་སྒྲུང་ཐུང་བརྒྱད་ཙམ་བསྡུས་ཡོད། འདིར་འཁོད་པའི་སྒྲུང་རྣམས་ལ་བརྗོད་བྱ་བོད་ཀྱི་འཚོ་བ་དང་ཆོས་ལུགས་རིག་གནས་ལས་མ་འདས་མོད། དེ་དག་ཀྱང་དོན་དངོས་ཡིན་མིན་ཅི་རིགས་ཀྱི་གཏམ་རྒྱུད་དང་འཆར་ཡན་ནམ་རྟོག་བཏགས་སྡེབ་སྟེ་བྲིས་འདུག
༥༠.《རྒྱུད་སྐུད་ཕྲ་མོ།》
རྩོམ་པ་པོ། མགར་ཐར་བཀྲ་ཤིས་ཆོས་ལྡན། རིགས་དབྱེ། ལྷུག་རྩོམ། ཤོག་ངོས། ༡༥༩བྱོན། དཔེ་སྐྲུན། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༡༩ལོར་དཔར་སྐྲུན་འགྲེམ་སྤེལ་བྱས།
【ནང་དོན་གནད་བསྡུས།】དེབ་འདིའི་རྩོམ་པ་པོ་ནང་བསྟན་གཏན་ཚིགས་རིག་པ་སོགས་ལ་མཁས་པའི་དགེ་བཤེས་ཤིག་ཡིན་མོད། ཁོང་གིས་རང་དོན་དུ་ཐོས་བསམ་སྒོམ་གསུམ་བྱ་ཞོར། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་ལ་འཇུག་ཅེས་པ་བཞིན་རྩོམ་པའི་ལས་ལ་གཞོལ་བ་དང་། རྩོམ་པ་ལས་ཀྱང་དེང་རབས་རྩོམ་རིག་ལ་འཇུག་སྟེ་དགོན་སྡེའི་འཚོ་བ་དང་། གྲྭ་རྐྱང་གི་འཚོ་བ། གྲྭ་རྐྱང་གི་བསམ་བློ་གཏོང་སྟངས་སོགས་ཀྱི་འགྱུ་བག་ཐམས་ཅད་ཡིག་འབྲུ་རེ་རེ་དང་ཡིག་འབྲུ་རེ་རེ་ལ་སྒྱུ་རྩལ་ཉམས་ཀྱིས་སྤུད་རྒྱན་བྱས་ཏེ་གསར་རྩོམ་གནང་ཡོད། དེབ་འདིར་ནང་གསེས་ལེའུ་གསུམ་དུ་ཕྱེས་ཏེ། ལྷུག་རྩོམ་སུམ་ཅུ་ལྷག་གསར་རྩོམ་དང་དེབ་ཏུ་བཀོད་ཡོད་ཅིང་། ལྷུག་རྩོམ་དེ་དག་ཀྱང་བརྗོད་བྱ་གསར་ལ་གཏིང་ཟབ་པའི་ཁྱད་ཆོས་དང་ལྡན་པའི་རྩོམ་ཤ་སྟག་ཏུ་མཐོང་།
༥༡.《局外人》(བས་མཐའ་བ།)
རྩོམ་པ་པོ། ཨོལ་བྷིར་ཐྲི་ཁཱ་མེའོ་སི། (Alber Camus阿尔贝•加缪1913-1960)ལིས་ཡིས་མིན་གྱིས་བསྒྱུར། (李玉民译)རིགས་དབྱེ། སྒྲུང་གཏམ། ཤོག་ངོས། ༡༥༥བྱོན། དཔེ་སྐྲུན། ཅང་སུའུ་ཁྱུང་ཆེན་རིག་རྩལ་དཔེ་སྐྲུན་ཁང་གིས༢༠༢༥ལོར་དཔར་སྐྲུན་འགྲེམ་སྤེལ་བྱས།
【ནང་དོན་གནད་བསྡུས།】དེབ་འདིར་བས་མཐའ་བའམ་བར་མ་དོ་ལྟ་བུའི་བསམ་བློ་ཅན་གྱི་མི་ཞིག་གི་གཏམ་རྒྱུད་བཤད་ཡོད། མི་སྣ་དེར་བས་མཐའ་བ་ཞེས་འདོགས་དགོས་པའི་རྒྱུ་མཚན་ནི་ཁོ་རང་གི་བསམ་བློ་གཏོང་ཕྱོགས་དང་། སྤྱོད་ལམ་སོགས་སྤྱི་ཚོགས་གང་དེའི་མི་དང་མི་མཚུངས་པར་གནས་པས་དེ་ལྟར་བཏགས། བས་མཐའ་བ་དེས་རང་གི་ཨ་མ་གྲོངས་ཀྱང་མིག་ཆུ་གཏོང་གི་མེད་ལ། དེར་སྡུག་ཡུས་ཀྱི་མྱ་ངན་ཡང་བྱས་མ་སོང་ཞེས་དཔང་མི་ཚོས་བཤད། དེ་ནི་ཁོ་རང་བས་མཐའ་བའི་མི་རུ་བགྲང་བའི་རྒྱུ་མཚན་གཙོ་བོ་ཡིན།
༥༢.《ངའི་མིང་ལ་ཉི་མ་ཟེར།》
རྩོམ་པ་པོ། ཡར་ཀླུང་སྙན་པོ་དབྱངས་གྲོལ། རིགས་དབྱེ། སྒྲུང་གཏམ། ཤོག་ངོས། ༧༣བྱོན། དཔེ་སྐྲུན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས༢༠༢༠ལོར་དཔར་སྐྲུན་འགྲེམ་སྤེལ་བྱས།
【ནང་དོན་གནད་བསྡུས།】དེབ་འདི་ནི་རྩོམ་པ་པོས་རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་ནས་བྲིས་པའི་བྱིས་སྒྲུང་ཞིག་རེད། སྒྲུང་གི་བརྗོད་བྱ་རུ་ཁྱི་གུ་ཞིག་གི་གཏམ་རྒྱུད་ལས་འཕྲོས་ཏེ། མི་ཡི་བྱམས་བརྩེ་དང་། དུད་འགྲོའི་ལས་དབང་སོགས་གཏམ་སྒྲུང་གཅིག་ལས་ཡུལ་ཁམས་གནས་ལུགས་དང་། རྒྱུ་འབྲས་ཀྱི་རྣམ་གཞག་མང་པོ་ཞིག་བསྟན་ཡོད་དོ།།
སླད་ནས་ཐོས་བསམ་གྱིས་མི་ཚེ་མཐར་ཕྱིན་ན་ཞེ་བློ་དགའ་ཞིང་བདེ་ཨང་།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།

