2025ལོའི་གསར་རྩོམ་ལ་ཕྱི་མིག་ལྟ་བ།

ཚེ་རིང་དོན་གྲུབ།(ཟི་ལིང) 琼迈文学网 2025-12-27

  2025ལོ་འདི་རྫོགས་ལ་ཉེ། མཐོ་སྒེར་གཅོད་རྒྱལ་ཁབ་ཀྱི་རྒྱལ་པོ་ནས་དམའ་དམངས་གཙོ་རྒྱལ་ཁབ་ཀྱི་སྤྲང་པོའི་བར་དབང་ཤེད་རྒྱུ་སྟོབས་དང་། ལྐོག་གཡོ་འབྲེལ་བ་སོགས་སྤྱོད་ཐབས་མེད་པར་ཚང་མ་གོམ་པ་མཉམ་ལེན་དང་དཔུང་བ་མཉམ་གཤིབ་ཀྱིས་འཆི་བདག་དང་ལོ་གཅིག་གིས་ཉེ་བར་བཅར།

  ཡིད་ལ་འཛིན་བདེ་བའི་རྐྱེན་གྱིས་ཟླ་དང་པོའི་ཚེས་གཅིག་ཉིན་སྒྲུང་རིང«སྦྲུལ་ལོ»འབྲི་མགོ་བརྩམས་པ་ཡིན། དང་ཐོག་ཁ་བྱང་གཏན་ཁེལ་མེད་པས་གནས་སྐབས«མིག་ཆུ»དང«རྨ་ཆུ»སོགས་བཏགས་ནའང་རྗེས་སུ1941ལོ་སྟེ། མཱ་པུ་ཧྥང་གིས་གཙང་དགོན་དོན་འགྲུབ་རབ་བརྟན་གླིང་ལྷ་སྡེ་གཙང་གཡུ་རྔོག་དང་བཅས་པ་དམར་གསོད་བྱས་པའི་ལོ་དེ་ལུགས་རྙིང་གི་སྦྲུལ་ལོ་ཡིན་པ་སྟེས་དབང་གིས་ཤེས་ནས་ཁ་བྱང་དེ་ལྟར་གཏན་ཁེལ་བྱས།

  དེ་ཡང་བརྩམས་སྒྲུང་འདི་ཡག་པོ་འཁྱོངས་ཡོད་མེད་མི་ཤེས་མོད། འོན་ཀྱང་སྔ་མོ་ནས་དམར་གསོད་དེའི་སྐོར་གྱི་རྒྱུ་ཆ་ཅི་རྙེད་བལྟས་མྱོང་ཞིང་། དེའི་ནང་ནས་སྲོག་ཐར་བྱུང་བའི་མི་མང་པོར་བཅར་འདྲི་ཡང་བྱས་མྱོང་། ལྷག་པར་དུ་དམར་གསོད་དེའི་སྐབས་སུ་གཙང་པཎྚི་ཏ་སྐུ་ཕྲེང་ལྔ་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་ཚང་དང་མཉམ་དུ་བྲོས་ནས་སྲོག་ཉེན་ལས་ཐར་ཞིང་། 2023ལོར་ཚེ་ལས་འདས་ཁར་ལོ་བརྒྱ་དང་བཞི་ཡིན་པའི་ངའི་བཟའ་ཟླའི་ཨ་ནེ་(མོའི་ཁྱོ་ག་དེ་དུས་གཙང་ཚང་གི་སྐུ་སྲུང་པ་ཡིན)དག་ཞིང་མས་སྐབས་དེའི་མཐོང་ཐོས་མྱོང་གསུམ་མིག་ལམ་དུ་འཆར་རྒྱུ་ཡོད་པ་ལྟ་བུ་ཡང་ཡང་བཤད་དེ་རྣ་ལ་འཇགས་ཡོད་པ་སོགས་ཀྱིས་ཅུང་བདེ་བླག་ངང་ཤར་མར་འབྲི་ཐུབ་ཙམ་བྱུང་། སྤྱིར་ན་ཡ་ང་བའི་དམར་གསོད་དེ་མ་གཞི་ནས་འབྱུང་རྐྱེན་མཇུག་འབྲས་དང་བྱུང་རིམ་མཐོ་རླབས། མི་སྣ་གཙོ་ཕལ་སོགས་ཆ་ཚང་བས་མགོ་འདོགས་རྭ་འདོགས་མ་བྱས་པར་ཇི་མ་ཇི་བཞིན་བྲིས་ནའང་ཡིད་འགུལ་ཐེབས་པའི་གཏམ་རྒྱུད་ཅིག་ཡིན་ལ། ང་ལ་སྔ་མོ་ནས་དམར་གསོད་ཆེན་པོ་དེ་ལོ་རྒྱུས་བརྩམས་སྒྲུང་ངོ་མ་ཞིག་ཏུ་འབྲི་འདོད་ཡོད་ནའང་རྗེས་སུ་བསམས་ན་མི་སྣ་གཙོ་བོ་ངོ་མ་དང་དོན་དག་གཙོ་བོ་ངོ་མ། ས་ཆ་ངོ་མ། དུས་ཚོད་ངོ་མ་སོགས་ནི་ལོ་རྒྱུས་བརྩམས་སྒྲུང་ལ་ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན་ཡིན། དེས་ན་བླ་མ་གཙང་ཚང་དང་མཱ་པུ་ཧྥང་བར་གྱི་འབྲེལ་བ། གཙང་དགོན་པ་དང་བླ་བྲང་དགོན་པའི་བར་གྱི་འབྲེལ་བ་སོགས་བྲི་རྒྱུ་སྟབས་བདེ་མིན་ལ། ད་དུང་ལོ་རྒྱུས་རྒྱུ་ཆ་དང་དོན་དག་ངོ་མ་གཉིས་ཀྱང་མི་འདྲ་ས་མང་པོ་ཡོད་དེ། དཔེར་ན་སྐབས་དེར་དྷཱིཿཚ་དགོན་པའི་གྲྭ་པ་ཡིན་ལ། གུང་ཁྲན་ཏང་གིས་སྲིད་དབང་བཟུང་རྗེས་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱི་ཐིན་ཀྲང་དང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སོགས་ཀྱི་འགན་ཁུར་མྱོང་བའི་མཁས་དབང་གསུང་རབ་རྒྱ་མཚོའི«ཐུན་ཏེའི་གཙང་དགོན་གསོད་འཕྲོག་བྱས་པའི་བརྒྱུད་ཐོས་ཟིན་ཐོ»(桑热嘉措《杀掠同德藏寺侧闻记》——青海文史资料集粹之民族宗教卷)ཞེས་པའི་ནང་ལོ་གཅིག་གི་རྗེས་སུ་མཱ་པུ་ཧྥང་གིས་གཙང་ཚང་ལ་མགོ་སྐོར་བཏང་སྟེ་ཕྱིར་གཙང་དགོན་པར་ཁྲིད་ཡོང་ནས་དུག་དྲངས་ཏེ་བཀྲོངས་སོང་ཞེས་བྲིས་ཡོད། དོན་དངོས་སུ་གཙང་ཚང་ངའི་ཕ་ཡུལ་ཏེ་ད་ལྟའི་རྨ་ལྷོ་སོག་རྫོང་ཡོས་རྒན་ཉིན་གྲོང་རྡལ་ནས་ཤར་ཕྱོགས་སུ་སྤྱི་ལེ་བཅོ་ལྔ་ཙམ་ཡོད་པའི་ཨ་རྟ་ཏི་ཞེས་པའི་སར་སྐུ་གྲོངས་པ་ནི་ས་འདིའི་རྒན་པ་མང་པོར་གསལ་ལ། ངས་དེ་དུས་གདུང་མཇལ་བླངས་མྱོང་བའི་མི་ལའང་བཅར་འདྲི་བྱས་མྱོང་། གསུང་རབ་རྒྱ་མཚོས་དེ་མ་མཁྱེན་པ་མིན་པར་ཆེད་དུ་ཁོང་ལ་འདི་ལྟར་འབྲི་རུ་བཅུག་པ་ལོས་ཡིན་བསམས། དེའི་ཕྱིར་ལོ་རྒྱུས་ཀྱི་དཔེ་ཆ་དང་རྒྱུ་ཆ་ནི་མཚམས་རེར་བརྩམས་སྒྲུང་ལས་ཀྱང་རློམ་རྒྱུ་མེད་པ་ངས་སྔར་ནས་ཤེས་ཡོད། དེ་འདྲའི་གནས་ཚུལ་གྱི་དབང་གིས་ལོ་རྒྱུས་བརྩམས་སྒྲུང་འབྲི་བའི་བསམ་ཚུལ་གཡུགས་ནས་རྟོག་བཟོའི་བརྩམས་སྒྲུང་དུ་བྲིས་པ་ཡིན།

  ཟླ་གཉིས་པའི་ཟླ་མཇུག་ཏུ་ངའི་བརྩམས་སྒྲུང་ཉི་ཡིག་ཏུ་སྒྱུར་མཁན་འཆི་མེད(星泉)ལགས་ཟི་ལིང་དུ་ཕེབས་ཏེ་ཡིག་སྒྱུར་སྐབས་ཕྲད་པའི་དོགས་གཞི་རྣམས་ལ་གྲོས་སྡུར་དོགས་གཅོད་བྱས་ནས་འགྱུར་ཡིག་གཏན་འབེབས་བྱས། ཕྱིར་ཉི་ཧོང་དུ་སོང་རྗེས་སྔོན་ཆད་ངའི«ཝ་ནག་ལུང་པ»ཞེས་པའི་སྒྲུང་ཐུང་ཕྱོགས་བསྒྲིགས་ཉི་འགྱུར་མ་པར་སྐྲུན་བྱས་པའི་དཔེ་སྐྲུན་ཁང་དེ་དང་པར་སྐྲུན་གན་རྒྱ་འཇོག་དགོས་ཟེར་ལ། དེ་ནས་རིང་པོ་མ་འགོར་བར་ང་ལའང་དཔེ་སྐྲུན་གན་རྒྱ་བསྐུར་ཡོང་ནས་བསམ་འཆར་བསྡུ་ལེན་བྱས། ཉི་ཧོང་གི་མི་རྣམས་གཟབ་ནན་ཞིབ་ཚགས་ཡིན་པ་སྔར་ནས་ཤེས་ཡོད་ནའང་མོ་ནི་ལྷག་ཏུ་གཟབ་ནན་ཡིན་ཏེ། དཔེར་ན་ཐ་སྙད་ཅིག་གི་ནང་དོན་འགྲེལ་བཤད་བྱས་པས་མི་ཆོག་པར་དེ་འདྲ་ཡིན་པའི་རྒྱུ་མཚན་དང་བཅས་པ་བཤད་དགོས་པས་ང་རང་ཡང་ཡང་ཐབས་ཟད་འུ་ཐུག་གི་གནས་སུ་གཏད། མོས་ད་དུང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་པར་སྐྲུན་བྱས་པའི«མི་རོ་རྩེ་སྒྲུང»ཉི་ཡིག་ཏུ་བསྒྱུར་ནས་པར་སྐྲུན་བྱས་ཡོད་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ལ་དེབ་གཅིག་འབུལ་དགོས་ཟེར་བས་ངས་མོ་ལ་འགྲོ་རོགས་བྱས། སྔར་ནས་ངོ་ཤེས་པའི་དཔེ་སྐྲུན་ཁང་གི་མགོ་ཁྲིད་གཞོན་པས་གསར་དུ་སླེབས་པའི་མགོ་ཁྲིད་གཙོ་བོའི་སར་ཁྲིད་ནས་ངོ་སྤྲོད་བྱས་ཚེ་ངོ་ཤེས་རྙིང་པ་ཞིག་ལ་ཕྲད་པ་བཞིན་དེ་མ་ཐག་ཕན་ཚུན་འདྲིས་ལོབས་སུ་གྱུར། དེས་ན་ངས་ཀྱང་འཛེམ་དོགས་མེད་པར་འུ་ཚོ་ནི་འཛམ་གླིང་སྟེང་གི་ཕྱུགས་ལས་མི་རིགས་ཆེ་ཤོས་ཡིན་ནའང་ད་བར་དུ་འབྲོག་ལས་ཚིག་མཛོད་ཅིག་ཀྱང་མེད། དེ་བས་དཔེར་ན་ངས་བརྩམས་སྒྲུང་འབྲི་དུས་ང་ཚོའི་ཁ་ཐོག་ལྕེ་ཐོག་ན་ཡོད་པའི་འབྲོག་ལས་ཐ་སྙད་རྣམས་བྲིས་ན་དག་ཡིག་ཚིག་མཛོད་དུ་མེད་པས་ཀློག་པ་པོ་དང་། ལྷག་པར་དུ་ན་གཞོན་ཀློག་པ་པོ་མང་པོས་ཧ་མི་གོ་བའི་གནད་དོན་ལ་འཕྲད་བཞིན་ཡོད། སོག་པོ་ལ་ཕྱུགས་ལས་ཚིག་མཛོད་མང་པོ་ཡོད་པས་འདི་འདྲའི་དཀའ་མེད་རབས་ཟེར། ལོ་འགའི་སྔོན་དགེ་རྒན་འཆི་མེད་འདི་གཙོ་བྱས་པའི་མི་འགས«བོད་ཀྱི་འབྲོག་ལས་རིག་གནས་ཚིག་མཛོད»བསྒྲིགས་ནས་པར་སྐྲུན་བྱས་ཡོད། ཁྱེད་དཔེ་སྐྲུན་ཁང་གིས་སྣེ་ཁྲིད་དེ་ཉི་ཧོང་བ་འདི་ཚོ་དང་མཉམ་འབྲེལ་བྱས་ནས་ཐོག་མར་ཚིག་མཛོད་དེ་བོད་ཡིག་ཏུ་བསྒྱུར། དེ་ནས་དེའི་ནང་ན་མེད་པ་ཅི་རྙེད་ཁ་བསྐངས་ནས་པར་སྐྲུན་བྱས་ན་བཟང་རབས་བཤད་པར་སྔོན་གྱི་རྣམ་ཐར་དག་ཏུ“ཐུགས་དགོངས་གཅིག་ཏུ་འདྲེས་སོང”ཟེར་བ་ནང་བཞིན་གྱུར། ལས་འདི་མི་འགྱང་བར་མངོན་འགྱུར་བྱེད་ཐུབ་པའི་སྨོན་ལམ་འདེབས།

  ཟླ་གསུམ་པའི་ཟླ་མཇུག་ཏུ«སྦྲུལ་ལོ»སུམ་ཆའི་གཅིག་ཙམ་བྲིས་ཚར། «གྲྭ་པ་དང་ཨབ་ཏི»ཞེས་པའི་ཚན་བཤུས་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བར་སྤེལ། སྤྱིར་ན་ཡོངས་སུ་བྲིས་ཚར་རྗེས་ཡུལ་སྐོར་ལ་འགྲོ་རྩིས་ཡིན་ནའང་ཟླ་བཞི་པའི་ཚེས་མགོར་ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་ཡིན་པས་ཁྱིམ་མི་རྣམས་དེར་འགྲོ་འདོད་ཆེ་རབས་ཟེར། དེས་ན་སྒྲུང་འདི་གནས་སྐབས་བཞག་ནས་སྤྲོ་བསང་ཞིག་བྱས་ནའང་མི་འགྲིག་པ་མེད་ལ། ལྷག་པར་དུ་དབུས་གཙང་ནི་ང་ལ་མཚོན་ན་རྡོ་ཁབ་ལེན་ཞིག་དང་འདྲ་བར་མ་མཐར་ཡང་ལོ་རེར་ཐེངས་རེར་མ་སོང་ན་འདུག་མི་བཟོད་པ་ལྟ་བུའི་སྣང་བ་ཞིག་ཡོད་པས་མེ་འཁོར་དུ་བསྡད་ནས་ལྷ་སར་སོང་།

  ལྷ་སར་སླེབས་དུས་ན་གཞོན་རིག་གནས་པ་གནམ་ཕྱུག་རྒྱལ་གྱིས་རླངས་འཁོར་བསྐོར་ནས་མེ་འཁོར་འབབ་ཚིགས་ལ་བསུ་རུ་ཡོང་འདུག ཁོ་བོད་ཀྱི་བརྡ་སྤྲོད་ལ་ཤིན་ཏུ་མཁས་ཤིང་མིག་དབང་ཧ་ཅང་རྣོ། ནམ་རྒྱུན་ངས་བྲིས་པ་རྣམས་ཐོག་མར་ཁོ་ལ་ཐེངས་གཅིག་ལྟ་རུ་བཅུག་ན་ཕལ་ཆེར་ཡིག་ནོར་གཏགས་ནོར་འཆོར་མི་སྲིད། དེའི་ཕྱིར་ངས་ཀུ་རེའི་ཚུལ་གྱིས་ཁོ་ལ“གླག་མིག”ཅེས་འབོད་པ་ཡིན། ཁོས་གཞུང་གི་ལས་ཀ་ལ་སྙིང་པོ་མེད་པ་དང་། དེར་ཧ་ཅང་སུན་སྣང་སྐྱེ་བཞིན་ཡོད་རབས། གལ་ཏེ་ཁྱོད་ནང་བཞིན་རང་གི་འདོད་པ་ལྟར་དཔེ་ཀློག་རྩོམ་འབྲི་ཡུལ་སྐོར་བྱས་ཏེ་བསྡད་ཆོག་ན་ཅི་འདྲ་སྐྱིད་ཨང་ཟེར། ངས་ཁོ་ལ་ང་ཡང་ད་ལྟའི་ཁྱོད་ནང་བཞིན་ལོ་ངོ་སུམ་ཅུ་ལྷག་ལ་ཟླ་ཕོགས་ཀྱི་ཆེད་དུ་བཟོད་སྲན་བྱས་ནས་བསྡད་པ་ཡིན། གཞུང་ལས་ལ་སུན་སྣང་སྐྱེ་དུས་སྒོར་མོ་སྒོམས། མི་མང་པོས་ལྷ་ལ་བསང་མཆོད་བྱས། མི་ལ་ལྟག་སྒོར་སོང་ཡང་ཁྱོད་ཀྱི་ལས་ཀ་འདི་འདྲ་རེག་ཐུབ་ཀྱིན་མེད་པ་མིན་ནམ་ཞེས་བཤད། རྗེས་སུ་ཁོས་དེ་འདྲའི་སྡུག་སྐད་མང་པོ་མི་འདོན་པར་བལྟས་ན་གཞུང་ལས་ལ་སུན་སྣང་སྐྱེ་སྐབས་ངའི་མན་ངག་ལྟར་སྒོར་མོ་བསྒོམས་པ་ལ་ཕན་ནུས་བླ་ལྷག་ཐོན་པ་མིན་ནམ་སྙམ།

  ཉིན་གཉིས་ལ་ལྷོད་མཇལ་ལྷིང་སྡོད་བྱས། འཇུ་སྐལ་བཟང་ཡང་ལྷ་སར་སླེབས་ཡོད་པས་མཉམ་དུ་ཇ་འཐུང་། ཟ་མ་ཟ་ཞོར་ཁ་བརྡ་བྱས། ངེད་གཉིས་ནི1984ལོར་རྩོམ་རིག་ཚོགས་འདུ་ཞིག་ཏུ་ངོ་ཤེས་པ་ཡིན་ལ། དེ་ནས་རིམ་བཞིན་ཇེ་ལོབས་ཇེ་འདྲིས་སུ་སོང་སྟེ་ད་རེག་བར་དུ་མི་ལོ་བཞི་བཅུ་འགོར་ཡོད། སྤྱིར་ན་ཁོས་ཁ་པར་གཉིས་བཟུང་ཡོད་ནའང་བྲེལ་བ་ཆེ་བས་ཡིན་ནམ། གང་ལྟར་འབྲེལ་གཏུག་བྱ་རྒྱུ་ཧ་ཅང་ཁག་པོ་ཡིན་པས་ནམ་རྒྱུན་དཔེ་སྐྲུན་ཁང་དང་དུས་དེབ་ཁང་དག་གིས་ང་བརྒྱུད་ནས་ཁོ་ལ་འབྲེལ་བ་བྱེད་དགོས་ཐུག་གི་འདུག དེའི་ཕྱིར་ངས་ཀྱང་ནམ་རྒྱུན་ཁོ་ལ་ཁྱོད་ལ་འབྲེལ་གཏུག་བྱ་རྒྱུ་དེ་ཨ་རིའི་སྲིད་འཛིན་ལ་འབྲེལ་གཏུག་བྱ་རྒྱུ་ལས་ཀྱང་ཁག་པོ་རེད་ཅེས་འཁང་ར་དང་ཀུ་རེ་མཉམ་དུ་བྱེད་ངེས་ཡིན། ཡིན་ཡང་ད་ཐེངས་སྔ་མོ་ནས་ལྷ་སར་ཐུག་རྒྱུ་བྱས་ཡོད་པས་ལས་སླ་བོས་འབྲེལ་གཏུག་བྱེད་ཐུབ་པ་བྱུང་བ་དང་། ལྷ་ས་ནས་མཉམ་དུ་འཛོམས་པར་ལྷག་ཏུ་དགའ་ནས་ཆེད་དུ་ཕོ་བྲང་མདུན་ལ་སོང་སྟེ་དྲན་རྟེན་འདྲ་པར་བླངས། མུ་མཐུད་དུ“གཡུ་དྲུག་དཀར་དཔེ་ཚོགས”(ཁག་བཞི་པ)སུ་བཞག་ཡོད་པའི་ཁོའི«ཕུ་ནུ་ལྷན་འཛོམས་ཀྱི་སྒྲུང»དེ་ངས“སྙན་ངག་ལུས་ཀྱི་བརྩམས་སྒྲུང”(诗体小说)དུ་གཏོགས་པ་འདྲ་ཞེས་བཤད་པར་ཁོ་ཡང་གཞི་རྩའི་ཆ་ནས་མོས་མཐུན་བྱུང་ཞིང་། ཨུ་རུ་སུའི་སྙན་ངག་མཁན་པོ་ཕུའུ་ཞི་ཅིན་གྱི་སྙན་ངག་ལུས་ཀྱི་བརྩམས་སྒྲུང་གྲགས་ཅན«ཡེ་ཕུ་ཀེ་ནེ·ཨོ་ནེ་ཅིན»ལའང་ཟུར་ལྟ་བྱས། ཡིན་ཡང་ཟླ་བཅུ་གཅིག་པའི་ཟླ་དཀྱིལ་དུ་དངོས་སུ་པར་སྐྲུན་བྱས་ནས་སྒོར་ཐོན་དུས་དཔེ་ཆའི་ཁ་བྱང་ལ«འཇུ་སྐལ་བཟང་གི་སྒྲུང་བརྗོད་སྙན་ངག་རིང་མོ»ཞེས་བྲིས་འདུག རྒྱ་ཡིག་གིས《居·格桑长诗集》ཞེས་བྲིས་ཡོད་པ་ལས“བརྩམས་སྒྲུང”གི་གྲིབ་མ་ཙམ་ཡང་མི་འདུག གང་ལྟར་ཁོའི་བརྩམས་ཆོས་གཞན་དག་དང་འདྲ་བར་དེབ་འདི་ལའང་ཀློག་པ་པོའི་དགའ་བསུ་ཆེན་པོ་ཐོབ་སྟེ་སྒོར་ཐོན་ནས་ཟླ་གཅིག་ཙམ་ལས་མ་འགོར་བར་དེབ་སྟོང་གཉིས་དཔར་ཡོད་པ་ཡོངས་རྫོགས་བཙོངས་ཚར་ནས་དཔར་ཐེངས་གཉིས་པའང་དཔར།

  ངའི«ཐོལ་རྩོམ་ཕྱོགས་བསྒྲིགས» ཀྱང་དཔེ་ཚོགས་འདིའི་ནང་བཞག་ཡོད་ལ། དང་ཐོག་དཔེ་སྐྲུན་ཁང་གིས་ང་ལ་རྩོམ་སློང་དུས་བརྩམས་སྒྲུང་ཨེ་ཡོད་ཟེར། ངས་བརྩམས་སྒྲུང་མེད། ཐོལ་རྩོམ་དེབ་གཅིག་ལོངས་པ་ཙམ་ཡོད་ཅེས་བཤད་པར་དེ་ཡང་ཆོག་ཟེར། འདི་ནི་དུས་རབས་གོང་མའི་ལོ་རབས་དགུ་བཅུ་ནས་ན་ནིང་དོ་ཚིགས་བར་བྲིས་པའི་རྗེས་དྲན་རྩོམ་ཡིག་དང་གསར་རྩོམ་ཉམས་མྱོང་། འཆད་ཁྲིད་མ་ཟིན། དཔེ་ཀློག་མྱོང་ཚོར། ཡུལ་སྐོར་ཟིན་ཐོ། ཟུར་ཟའི་རྩོམ་ཐུང་སོགས་རྩོམ་ཡིག་ཉེར་བདུན་གྱིས་གྲུབ་ཡོད། དྲང་མོར་བཤད་ན་འདི་དག་བརྩམས་སྒྲུང་ལྟར་ཡུན་རིང་བློས་བསླངས་བྱས་ཤིང་ཡང་ཡང་བཟོ་བཅོས་བྱས་པ་མིན་པར་ཐོལ་བྱུང་དུ་བྲིས་པ་ཏག་ཏག་ཡིན་པས་རེ་བ་ཅང་བཟུང་མེད་མོད། འོན་ཀྱང་མ་བསམས་ས་ནས་དེབ་སྟོང་གཉིས་དཔར་ཡོད་པ་ཚར་ལ་ཉེ་ཞིང་། དཔེ་ཚོགས་དེ་ལས་འཇུ་སྐལ་བཟང་གི་དེབ་ཀྱི་འཕྲོ་ནས་བྲིན་ཤོས་རེད་ཟེར། འདི་ནི་དཔེ་སྐྲུན་ཁང་གིས་སྤེལ་བའི་རྒྱ་ཡིག་གི་དཔེ་འཕྲིན་དུ་རྩོམ་ཡིག་འདི་དག་འབྲི་ཐབས་མི་འདྲ་ལ། ཤེས་རབ་ཀྱིས་ཕྱུག་ཅིང་དགོད་ཁ་འཆོར་བར་བྱེད་སོགས་ཆེས་ཆེར་བསྟོད་པ་བྱས་ཡོད་པས་མིན་ནམ་སྙམ། གང་ལྟར་སྙིང་ཉེ་བའི་ཀློག་པ་པོ་རྣམས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་ཡིན།

  ང་ལྷ་སར་སླེབས་པ་དེ་ལྷ་ས་ལ་མཚོན་ན་ཆར་ཐིགས་གཅིག་བབས་པའི་ཚོར་སྣང་ཡང་མེད་མོད། འོན་ཀྱང་ང་ལ་མཚོན་ན་ལྷ་སར་སླེབས་དུས་རང་ཁྱིམ་དུ་སླེབས་པ་འདྲ་བའི་སྐྱིད་སྣང་བདེ་ཚོར་ཞིག་ཡོད་ལ། ལྷག་པར་དུ་རི་ཆུ་ནགས་གསུམ་གྱི་པང་དུ་ཉེ་བར་བཅར་འདོད་ཅིག་སྐྱེ་སྲིད། འཇུ་སྐལ་བཟང་དང་ཁ་གྱེས་རྗེས་གཅིག་པུ་ལྷ་སའི་གློ་བ་རུ་གྲགས་པའི་ལྷ་ཀླུ་འདམ་རར་འཆམ་འཆམ་དུ་སོང་། དབུས་ལ་སོང་ཐེངས་རེར་ཡུལ་འདིའི་མི་གཤིས་བཟང་པོ་དང་ཡུལ་ལྗོངས་ཡག་པོ་ལ་ཡིད་སྨོན་ཤོར་བའི་དུས་མཚུངས་སུ་གང་ས་གང་དུ་གད་སྙིགས་སྣ་ཚོགས་དང་ཡིག་ནོར་འགྱུར་ནོར་གྱིས་ཁྱབ་འདུག་པར་ཡིད་ཆད་ཅིང་། ཐ་ན་ཁོང་ཁྲོའང་ལངས། ཚང་ཚིང་འདམ་རྩྭ་སྐྱེས་པའི་གསེང་ན་ཆུ་བྱ་སྣ་ཚོགས་བག་ཡངས་སུ་རྒྱུ་བའི་གནས་སྐྱིད་པོ་འདི་རུ་ཡང་དེ་བཞིན་ཡིན་ཏེ། ཆུ་བྱ་འགའ་ངོ་སྤྲོད་བྱས་ཡོད་པ་མང་ཤས་ནོར་འདུག་པ་དཔེར་ན་བྱ་ལོང་ལྟག་ཁྲ(斑头雁)ལ“ངང་པ་མགོ་ཁྲ”ཞེས་བྲིས་ཡོད་པ་ལྟ་བུ་རེད། ཨ་ཤུ་རེ་ཁོ་ཞེས་ཁེར་བཤད་ཅིག་བྱས་ཏེ་སེམས་ཕམ་བཞིན་ཕྱིར་མགྲོན་ཁང་དུ་ལོག

  ལྷ་ས་ནས་རླངས་འཁོར་གཉིས་གླས་ཏེ་ནང་མིས་བསྐོར་ནས་ཉིང་ཁྲིར་འགྲོ་བའི་ལམ་དུ་བྲག་གསུམ་མཚོ་ལ་བལྟས། 2018ལོར་སྤ་སེ་བཙོང་སའི་ཁང་པ་གྲལ་ཤར་གཅིག་ཙམ་ལས་མེད་ནའང་ད་ལྟ་གྲོང་རྡལ་ཞིག་ཆགས་འདུག མུ་མཐུད་དུ་འདི་ལྟར་སོང་ན་མི་འགྱང་བར་རྐང་པ་འཇོག་སའང་ཡོད་མེད་དོགས་པ་མི་ཟ་ཀ་མེད་དང་སེམས་ཁྲལ་མི་བྱེད་ཐབས་མེད་རེད། ཉིང་ཁྲི་ནས་ཁམ་བུའི་མེ་ཏོག་དང་ལོ་སུམ་སྟོང་ཉིས་བརྒྱ་ཅན་གྱི་ཤུག་སྡོང་ཆེན་པོ། བོད་ཤར་ལྷོའི་རིག་གནས་ཤུལ་བཞག་དངོས་མང་བཤམས་སྟོན་ཁང་སོགས་ལ་བལྟས། དེ་ནས་སྤོ་བོར་འགྲོ་བའི་ལམ་དུ་ཀླུ་ནང་བརྒྱུད་ལོ་ངོ་དྲུག་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པའི་བོད་ཀྱི་གནའ་བོའི་རྒྱལ་རབས་ཀ་གནམ་སྡེ་མཁར་ཤུལ་སོགས་ལ་བལྟས། ཡུལ་འདི་དག་མྱུལ་བའི་མྱོང་ཚོར་ངའི«ལྷོ་བོད་ཟིན་ཐོ»ཞེས་པར་གསལ་བས་བསྐྱར་ཟློས་མི་བྱེད།

  1987ལོའི་དབྱར་ཁར«བོད་ཀྱི་རྩོམ་རིག་སྒྱུ་རྩལ»རྩོམ་སྒྲིག་ཁང་གིས་སྨྱུག་ཚོགས་ཤིག་བསྡུས་པའི་ནང་མང་ཤས་དབུས་ཀྱི་རྩོམ་པ་པོ་ཡིན་ལ། ཨ་མདོ་ནས་ཡོང་མཁན་ལྡོང་ནོར་སྡེ་དང་རྨ་ཆུའི་དཀོན་ལོ། ངེད་གསུམ་པོ་ལས་མེད། དེ་ནས་བཟུང་དབུས་ཀྱི་རྩོམ་གྲོགས་འགའ་ངོ་ཤེས་ཤིང་། རིམ་བཞིན་འབྲེལ་འདྲིས་ཇེ་མང་དང་ཇེ་ཟབ་ཏུ་སོང་། ལོ་འགའི་སྔོན་ང་ཚོས“87སྨྱུག་ཚོགས་རྩོམ་གྲོགས”ཞེས་པའི་སྐད་འཕྲིན་ཚོགས་པ་ཞིག་ཀྱང་བཙུགས་ཡོད་ལ། ཚོགས་པ་འདིའི་ནང་དུ་ཤོག་ངོས་ལྔ་བརྒྱ་དྲུག་བརྒྱ། སྟོད་ཆ་སྨད་ཆ་ཅན་གྱི་དེབ་རྒན་མང་པོ་བསྟུད་མར་འབྲི་མཁན་སྒྱུར་མཁན་འགའ་རེ་ཡང་ཡོད། ལྡོང་ནོར་སྡེ་ངེད་གཉིས་ཀྱིས་ཡང་ཡང་གདན་ཞུ་བྱས་པ་ལྟར་ཁོ་ཚོའི་མི་མང་ཤས་ཨ་མདོ་མགོ་ལོག་དང་ངའི་ཕ་ཡུལ་དུ་ཐེངས་གཅིག་མ་གཏོགས་ཕེབས་མ་མྱོང་མོད། འོན་ཀྱང་ང་རང་ཡང་ཡང་དབུས་ལ་སོང་ཞིང་། སོང་ཐེངས་རེར་ཁོ་ཚོས་ཟ་ཁང་གང་བཟང་དུ་མགྲོན་བྱས་པར་མ་ཟད་མཚམས་རེར་མགྲོན་ཁང་ཡང་བླངས་ནས་རིན་པ་རྩིས་བརྒྱབ་འདུག་པ་སོགས་ཀྱིས་རྗེས་སུ་ང་གསང་སྟབས་ཀྱིས་འགྲོ་དགོས་བྱུང་། ཡིན་ཡང་ད་ཐེངས་ཚེ་རིང་དབྱངས་སྐྱིད་ལ་ལེགས་སྐྱེས་ཁྱད་པར་བ་ཞིག་སྟེ། ཟི་ལིང་གི་དཔེ་ཁང་ཞིག་ཏུ་རྙེད་པའི་མོའི«མེ་ཏོག་དང་རྨི་ལམ»དེབ་རྫུན་མ་ཞིག་ཉོས་ཡོད་པས་ངེས་པར་དུ་གཅིག་མཇལ་དགོས། «མེ་ཏོག་དང་རྨི་ལམ»2016ལོར་པར་སྐྲུན་བྱས་པ་ནས་ད་བར་དུ་དཔར་ཐེངས་བདུན་དང་སྤྱིའི་དཔར་གྲངས་39,000ལ་སླེབས་ཡོད། དེབ་རེའི་རིན་གོང་སྒོར28ལྟར་རྩིས་བརྒྱབ་ན་སྒོར 1,092,000རེད། ད་དུང་དེབ་རྫུན་མ་དེ་ཅི་ཙམ་དཔར་ཡོད་པ་དང་། དེབ་རྫུན་གཞན་པ་ཡོད་མེད་སུས་ཤེས། གཞན་གྱི་དཔེ་ཆ་པར་ལོག་བརྒྱབ་ནས་བཙོང་མཁན་དེ་ཚོ་ལས་སྙིང་ལ་གཟན་པ་མེད་མོད། འོན་ཀྱང་སེམས་ལྷོད་ལ་ཕབ་ནས་བསམ་བློ་བཏང་ན་དེང་སྐབས་གནས་འདི་རུ་བྱ་དངོས་དང་ཅ་ལག་གང་ཡིན་ཡང་ངོ་མ་ཡོད་ན་རྫུན་མའང་ཡོད་པ་དེ་ཧ་ཅང་རྒྱུན་ལྡན་ཡིན་ལ། ཡང་ཕྱོགས་གཞན་ཞིག་ནས་བཤད་ན་དཔེ་ཆ་གང་དེ་པར་ལོག་རྒྱག་མཁན་ཡོད་ཚེ་དེ་ལ་རིན་ཐང་ཡོད་ལ་ཉོ་མཁན་མང་བའི་རྟགས་རེད། དེའི་ཕྱིར་ངས་མོ་ལ“ཁྱེད་ཀྱི་དཔེ་ཆ་པར་ལོག་རྒྱག་མཁན་ཡོད་པར་རྟེན་འབྲེལ་ཞུ།”ཞེས་ཀུ་རེ་དང་སེམས་གསོ་མཉམ་དུ་བྱེད་བཞིན་ཕུལ།

  དོན་དངོས་སུ་ང་ཉིང་ཁྲིར་མ་སོང་སྔོན་ལ་རྩོམ་མཁན་བཀྲ་ཤིས་དཔལ་ལྡན་དང་ཚེ་རིང་དབྱངས་སྐྱིད་སྟེང་ཞལ་གཉིས་ལ་མཇལ་ནས་དེབ་རྫུན་ཡང་ཕུལ་ཟིན་པ་དང་། ཉིང་ཁྲི་ནས་ཕྱིར་སླེབས་རྗེས་ལྷོད་ལྷོད་ངང་མཇལ་རྒྱུའི་ཁ་ཆད་བྱས་ཡོད་པ་བཞིན་ཕྱིར་འབྱོར་དུས་ཁོང་གཉིས་ཀྱིས་ལྷ་སར་ཡོད་པའི“87སྨྱུག་ཚོགས”ཀྱི་རྩོམ་གྲོགས་བསམ་ཤོད་པ་དཀོན་མཆོག་ཡོན་ཏན་དང་དཔལ་ལྷ། ཆུང་བདག་བཅས་བོས་ཏེ་ཟ་ཁང་སྐྱིད་པོ་ཞིག་ཏུ་བསྒུགས་འདུག ད་དུང་སྙན་ངག་པ་བྱམས་པ་བསྟན་འཛིན་དང་། བོད་ལྗོངས་གཏམ་བརྗོད་ཟློས་གར་ཁང་གི་འཁྲབ་གཞུང་རྩོམ་མཁན་ཉི་མ་དོན་གྲུབ་སོགས་ཀྱང་གདན་དྲངས་ཏེ་གླུ་གར་སྐྱིད་པོ་གནང་བ་སོགས་ལ་ཐུགས་རྗེ་ཆེ་ཞུ།

  དབུས་ནས་ཕྱིར་ལོག་རྗེས«སྦྲུལ་ལོ»ཆད་མ་མཐུད་ཀྱིས་མཇུག་བསྐྱངས་པ་དང་། ཟླ་དྲུག་པའི་ཚེས་མགོར་ངའི་བརྩམས་སྒྲུང་དེབ་གཉིས་དབྱིན་ཡིག་ཏུ་སྒྱུར་མཁན་སྐུ་ཞབས Christopher Peacock ཡིས་ད་ལོར་ཨ་རིའི་ཀོ་ལུམ་སྦི་ཡ་སློབ་ཆེན་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་སྒྲུང་རིང་འགྱུར་དེབ་ཁྱེར་ནས་ཟི་ལིང་ལ་སླེབས། ཏག་ཏག་སྐབས་འདིར་ང་རང་ཕ་ཡུལ་གྱི་བྱ་འགུལ་ཞིག་ཏུ་གདན་འདྲེན་བྱས་ཡོད་པས་ངེད་གཉིས་ངའི་ཕ་ཡུལ་ལ་སོང་། ལམ་བར་དུ་རྩོམ་རིག་དང་། ལྷག་པར་དུ་བོད་ཀྱི་རྩོམ་རིག དེ་ལས་ཀྱང་བརྩམས་སྒྲུང་གླེང་སྲིད་པ་བཤད་ཅི་དགོས། ཁོས་སྤྱིར་བཏང་དུ་བོད་ཀྱི་བརྩམས་སྒྲུང་ད་དུང་དེ་འདྲའི་གཉོམ་ལག་རྒྱས་མེད་མོད། འོན་ཀྱང་བརྩམས་ཆོས་ཧ་ཅང་ཉུང་ཤས་ཤིག་འཛམ་གླིང་གི་བརྩམས་སྒྲུང་ཡག་ཤོས་གྲས་སུ་བཞག་ཆོག་ཆོག་རེད་ཟེར། སྐད་ཆ་འདི་འདྲ་ཞིག་སྔོན་ཆད་ངའི་བརྩམས་སྒྲུང་ཧྥ་རན་སིའི་ཡི་གེར་སྒྱུར་མཁན་ཆོས་ཉིད་དབང་མོ(Françoise Robin)ལགས་ཀྱིས་ཀྱང་བཤད་མྱོང་བར་མ་ཟད་ད་དུང་བོད་ཀྱི་བརྩམས་སྒྲུང་འདི་ལོ་ངོ་བཞི་བཅུ་ཙམ་གྱི་དུས་ཡུན་ཐུང་ཐུང་ནང་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་འདི་འདྲའི་འཕེལ་རྒྱས་ཆེན་པོ་བྱུང་། འདི་འདྲ་ཕལ་ཆེར་འཛམ་གླིང་ན་ཡོད་རྒྱུ་མ་རེད་ཟེར། ཡིན་ནའང་དེ་དུས་ང་རྩ་བ་ནས་མ་རློམ་པར་མ་ཟད་ད་དུང་ཧབ་ཆ་ཤོར། རྗེས་སུ་མོས་ཧྥ་ཡིག་ཏུ་བསྒྱུར་པའི་ངའི་བརྩམས་སྒྲུང་ལ་ཧྥ་རན་སིའི་རྩོམ་རིག་བྱ་དགའ་ཞིག་ཐོབ་པ་དང་། དུས་མཚུངས་སུ་ཆེས་ཆེར་བྲིན་ནས་ཁོ་ཚོས“ཁུག་དེབ”ཏུ་འབོད་པའི་གློ་ཁུག་ནང་བཅུག་ཆོག་པའི་དེབ་གཟུགས་ཆུང་ཆུང་དེ་ཡང་དཔར་བྱུང་། དེ་དུས་མོས་ང་ལ་ད་ནི་ཁྱོད་ཧབ་ཆ་འཆོར་རམ་ཟེར་མྱོང་བ་དེ་ཡིད་ལ་དྲན། Christopherནི་ད་ལྟ་ཨ་རིའི་སློབ་ཆེན་ཞིག་གི་རྩོམ་རིག་དགེ་རྒན་ཡིན་ལ། གཙོ་བོ་བོད་ཀྱི་དེང་རབས་རྩོམ་རིག་སློབ་ཁྲིད་བྱེད་བཞིན་ཡོད། དེ་ཡང་སློབ་ཁྲིད་ཟེར་ཡང་དགེ་རྒན་གྱིས་གཙོ་བོ་ཁོས་བལྟས་ན་ཁྱད་ཆོས་འདི་དང་ཀན་ཡོད་པའི་བརྩམས་ཆོས་རྣམས་སློབ་མ་ལ་འོས་སྦྱོར་བྱེད་པ་དང་། སློབ་མ་ཚོས་བརྩམས་ཆོས་དེར་མྱོང་རོལ་བྱས་རྗེས་སོ་སོའི་བསམ་ཚུལ་གླེང་བ་ལས་འུ་ཚོའི་རྩོམ་རིག་སློབ་ཁྲིད་ནང་བཞིན་དགེ་རྒན་གྱིས་རྩོམ་འདིའི་བསྟན་དོན་འདི་རེད། མཚོན་ཐབས་འདི་རེད་ཟེར་ནས་གཅིག་གཅོད་བྱེད་མི་སྲིད་ཟེར།

  ཟླ་དྲུག་པའི་ཟླ་མཇུག་ཙམ་ལ«སྦྲུལ་ལོ»ཡོངས་སུ་བྲིས་ཚར་ཏེ་ན་གཞོན་བརྩམས་སྒྲུང་མཁན་གཡུ་རྔོག་ཚེ་བཀྲ་དང་གོང་དུ་བཤད་པའི་གྲོགས་པོ“གླག་མིག” གྲྭ་བཙུན་མཁས་པ་བཟོད་པ་རྒྱ་མཚོ་བཅས་ལ་བསྐུར་ནས་བསམ་འཆར་བསྡུ་ལེན་བྱས། ཁོ་ཚོས་ཡིག་ནོར་གཏགས་ནོར་ཞུ་དག་བྱས་ཤིང་། རིན་ཐང་ཅན་གྱི་བསམ་འཆར་བཏོན་པར་ཐུགས་རྗེ་ཆེ་ཞུས་པ་ཡིན། དེ་ནས་སློབ་གྲྭར་འགྲིམས་མ་མྱོང་བར་རང་སྦྱོང་ཁོ་ནར་བརྟེན་ནས་ཡི་གེ་ཤེས། དཔེ་ཆ་གྲངས་མེད་བཀླགས་ཤིང་དཔེ་ཆ་བཞི་བྲིས་ནས་དངོས་སུ་པར་སྐྲུན་བྱས། བཀའ་བསྟན་ཆ་ཚང་དང་བཅས་དཔེ་ཤག་ཆེན་པོ་ཅན་གྱི་འབྲོག་པ་ཤེས་ཡོན་ཅན་ནོར་དཔལ་རྒྱལ་གྱིས་ཡང་ཡང་གདན་འདྲེན་བྱས་པ་ལྟར་བཟའ་ཟླ་གྲོགས་པོ་དང་བཅས་པ་རྐང་ཚ་རྫོང་གི་ཡག་མོ་སྡེ་བའི་ཁོའི་ཁྱིམ་དུ་སོང་། དེ་ནས་གཞན་ལག་ལ་མ་གཏད་པར་ཡག་མོ་སྡེ་བ་རང་གིས་གཉེར་བཞིན་པའི་མཚོ་སྔོན་པོའི་འགྲམ་གྱི་ཏ་ལའི་ཆུ་མགོ་ཡོད་སའི་ཡུལ་སྐོར་ལྟེ་གནས་སུ་སོང་སྟེ་སྡེ་བའི་ལས་སྣེ་རྣམས་དང་ཁ་བརྡ་བྱས་ཤིང་དྲན་རྟེན་འདྲ་པར་བླངས། ཉིན་གུང་ནོར་དཔལ་རྒྱལ་གྱིས་མཚོ་འགྲམ་དུ་རས་གུར་ཕུབ་ནས་སྣེ་ལེན་སྐྱིད་པོ་བྱས། ཉིན་དེར་གནམ་གཤིས་ཀྱང་ཧ་ཅང་ཡག་པས་མཚོ་སྔོན་པོའི་མཛེས་ལྗོངས་ལ་རོལ་བཞིན་ལུག་ཤ་བཙོས། འོ་ཇ་བསྐོལ་ནས་ཟ་འཐུང་བྱེད་ཞོར་སོ་སོའི་དཔེ་ཀློག་མྱོང་ཚོར་ནས་སོ་སོའི་ཕ་ཡུལ་གྱི་རྩྭ་རྩི་ཤིང་སོགས་ཁ་བརྡ་འདྲ་མིན་བྱས། ཁོས་བཤད་ན་གནས་འདིར་སྤང་རྒྱན་དཀར་པོ་མེད་པས་ནམ་ཞིག་ངའི་ཕ་ཡུལ་དུ་དེ་ལ་བལྟ་རུ་ཡོང་ངེས་ཡིན་ཟེར། ཁ་བརྡ་ནི་ཆ་མེད་ཆ་ཡོད་དུ་འགྱུར་བྱེད་དང་། ཆ་ཡོད་རྒྱུས་ཡོད་དུ་འགྱུར་བྱེད་ཡིན། ཁ་བརྡ་བརྒྱུད་ནས་ངེད་གཉིས་ན་ཟླ་ཡིན་པ་ཤེས། ཁོས་བལྟས་མྱོང་བའི་བོད་ཡིག་གི་དཔེ་ཆ་ང་ལས་ཆེས་ཆེར་མང་ཞིང་། ཆེས་གཙོ་བོ་ནི་ཁོ་ལ་རང་གི་ལྟ་ཚུལ་ཡོད་པ་ལས་གཞན་གྱི་ཚིག་རྗེས་འབྲངས་ནས་གཡམ་ལ་རྒྱུག་མཁན་གྱི་རིགས་མིན་པ་ཤེས་ནས་ཡི་རང་སྐྱེས། ད་དུང་ནམ་ཞིག་གལ་ཏེ་ལག་གི“ལྕགས་ཕོར”ཡར་ན་ཁོ་ནང་བཞིན་ནོར་ལུག་འགའ་འཚོ་ཞོར་དཔེ་ཀློག་རྩོམ་འབྲི་རེ་བྱས་བསྡད་ནའང་ཆོག་སྙམ་པའི་དུས་མཚུངས་སུ་རང་གིས་ལོ་བཅུ་གསུམ་ལ་སླེབས་རེག་བར་དུ་ནོར་རྫི་བྱས་པའི་རྣམ་པ་ཡིད་ལ་དྲན། དེས་མུར་དེང་སང་ན་གཞོན་མང་པོ་སློབ་མཐར་ཕྱིན་རྗེས་ཕྱིར་ཁྱིམ་དུ་ལོག་ནས་རོང་འབྲོག་གི་ལས་ཀ་ལས་འདོད་མེད་པར་རྒྱ་གྲོང་དག་ན་ཞབས་ཞུ་བའི་ལས་ཀ་ཉི་ཚེ་བ་ལས་འདུག་པར་ཕངས་སེམས་སྐྱེས།

  «སྦྲུལ་ལོ»ལ་ཆེས་མཐའ་མཇུག་གི་བཟོ་བཅོས་བྱས། ཟླ་དགུ་པའི་ཟླ་མཇུག་ཙམ་ལ་རྒྱ་ཡིག་གི་ནང་དོན་མདོར་བསྡུས་དང་བཅས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ལ་བྱིན། ཁོ་ཚོས“སྒྲུང་རིང་དཔེ་ཚོགས”སུ་འཇོག་དགོས་སམ་ཡང་ན་གཅིག་པོ་དཔར་དགོས། དེབ་ཚད་ཆེ་ཆུང་ཅི་འདྲ་ཡིན་དགོས། ཚང་མ་ཁྱོད་ཀྱི་འདོད་བློ་ལྟར་དཔར་ཆོག་ཟེར་ནས་ཧ་ཅང་མཐོང་ཆེན་བྱས།

  ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་སྟེ་ལུགས་ཀྱི་དགུན་ཉི་ལྡོག་གི་སྔ་དྲོར། རྒྱ་མཚོ་ཆེན་པོའི་ཕ་རོལ་ནས་འབྱོར་བའི་གནས་ཚུལ་ལྟར་ན2025ལོར་ཨ་མེ་རི་ཁར་ཀྲུང་གོའི་དཔེ་དེབ་དྲུག་བརྒྱ་ང་ལྔ་དབྱིན་ཡིག་ཏུ་བསྒྱུར་ནས་པར་སྐྲུན་བྱས་ཡོད་ལ། དེ་ལས་ཆེས་གདེང་འཇོག་མཐོ་བའི་རྟོག་བཟོ་མིན་པའི་རིགས་ཀྱི་དེབ་བཅུ་དང་། རྩོམ་རིག་བརྩམས་ཆོས་དེབ་བཅུ་བདམས་ཡོད་པའི་ནང་ངའི་སྒྲུང་རིང་དབྱིན་འགྱུར་མའང་ཚུད་འདུག འདི་ནི་ངའི་བརྩམས་ཆོས་ལ་གདེང་འཇོག་ཐོབ་པ་ཙམ་མ་ཡིན་པར་བོད་ཀྱི་རྩོམ་རིག་ལ་གདེང་འཇོག་མཐོན་པོ་ཐོབ་པ་ཡིན་ལ། དེ་བས་ཀྱང་བོད་ཀྱི་སྐད་ཡིག་འདི་རྒྱ་མཚོ་ཆེན་པོའི་ཕ་རོལ་ན་འཚོ་གནས་ཡོད་པར་ཧ་ཅང་སེམས་འགུལ་ཐེབས་ནས“ང་ཡི་དབྱངས་གསལ་སོ་བཞི་འདི། ཤར་ན་མེད་རུང་ནུབ་ན་ཡོད།”ཅེས་ངག་ལས་ཤོར་ཞིང་། དེའི་མུར་གསར་རྩོམ་གཙོ་བྱས་པའི2025ལོའི་སྤྱི་སྡོམ་ལྟ་བུ་འདི་ཤར་མར་བྲིས་སོ། །

                                2025.12.25

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

2025ལོའི་གསར་རྩོམ་ལ་ཕྱི་མིག་ལྟ་བ།

2025-12-27 ཚེ་རིང་དོན་གྲུབ།(ཟི་ལིང) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།