2025ལོའི་དཔེ་ཀློག་ཟིན་བྲིས།
དཔེ་ཀློག་ནི་མི་ཚེའི་རིན་ཐང་འཚོལ་སྟངས་ཤིག་ཡིན། དཔེ་ཀློག་ནི་མི་དང་དུད་འགྲོའི་ཁྱད་པར་འབྱེད་སྟངས་ཤིག་ཡིན། ང་ལ་མཚོན་ན་དཔེ་ཀློག་ནི་རང་གི་འཚོ་བའི་ཆ་ཤས་ཤིག་དང་སྤྲོ་སྣང་ཞིག་ཡིན། དེ་བས་བདག་གིས་ནི་རང་ཉིད་མ་ཤི་བར་དང་། མིག་གིས་མི་མཐོང་བར་དུ་དཔེ་ཀློག་བྱེད་ངེས། རྒྱུ་མཚན་ནི་ང་ལ་མཚོན་ན་འཇིག་རྟེན་འདིར་དཔེ་ཀློག་ལས་རིན་ཐང་ཆེ་བ་གང་ཡང་མེད། གཤམ་གསལ་ནི་བདག་གིས་སྤྱི་ལོ 2025 ལོར་དཔེ་ཀློག་བྱས་པའི་ཟིན་བྲིས་ཙམ་ཡིན། ལོ་འདིར་དཔེ་ཆ་མང་པོ་ཞིག་ཀློག་མ་ཐུབ་རུང་། ང་རང་ངོས་དོན་སྙིང་ཧ་ཅང་ཆེན་པོ་འདུག་བསམ་གྱིན་ཡོད།
1《མདོ་ཏིང་ངེ་འཛིན》ཤོག་ངོས 514 བྱོན། མཛད་པ་པོ། སྟོན་པ་བཅོམ་ལྡན་འདས། བསྒྱུར་བ་པོ། ཆོས་ཉིད་ཚུལ་ཁྲིམས། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་བསྒྲིགས། གངས་ཅན་ཁྱད་ནོར་དཔེ་ཚོགས་པོད་ཕྲེང་།༼༩༣༥༽བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2023 ལོར་པར་སྐྲུན་བྱས།
[ནང་དོན་གནད་བསྡུས] མདོ་ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་པ་འདིའི་མཚན་བྱང་ཁ་ཚང་ལ་འཕགས་པ་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བཞུགས་སོ། ཞེས་ཞུ་ཞིང་བསྡོམས་པས་ལེའུ་སུམ་ཅུ་རྩ་བརྒྱད་དང་། བམ་པོ་བཅོ་ལྔ་བཞུགས། རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་ངྷི་དང་། ཞུས་ཆེན་གྱི་ལོ་ཙཱ་བ་བནྡེ་ངྷརྨ་ཏཱ་ཤཱི་ལས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་བཅད་ཀྱིས་ཀྱང་བཅོས་ནས་གཏན་པ་ཕབ་པ་ཞིག་ཡིན་འདུག
ནང་དོན་གནད་བསྡུས་ནི་ཟླ་འོད་གཞོན་ནུར་གྱུར་བས་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན་བདག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱོགས་འགའ་ཞིག་ཞུའོ། ཞེས་ཞུས་པ་དང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གཞོན་ནུ་ཁྱོད་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། དྲི་བ་དྲིས་པ་དེ་དང་དེ་ཉིད་ལུང་བསྟན་པས་ངས་ཁྱོད་ཀྱི་སེམས་རངས་པར་བྱའོ། ཞེས་ཟླ་འོད་གཞོན་ནུའི་དྲིས་པ་པ་ལན་ལྡོན་པའམ་ལུང་བསྟན་པའི་ཐེག་ཆེན་གྱི་མདོ་ཞིག་ཡིན། །
2《ནོར་བུ་ཁྱུང་བསྐྱུགས—སེམས་ཀྱི་བང་སོ་སྔོག་པའི་མགུར》ཤོག་ངོས 372 བྱོན། གཅན་རང་སད་ཀྱིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2025 ལོར་པར་སྐྲུན་བྱས།
[ནང་དོན་གནད་བསྡུས] འདི་ནི་སྙན་དེབ་ཅིག་ཡིན། བསྡོམས་པའི་རབ་བྱེད་བརྒྱ་དང་རྩ་བརྒྱད་ཀྱིས་གྲུབ་ལ། ཚིགས་བཅད་རིང་ཐུང་ཆིག་སྟོང་ཆིག་བརྒྱ་དྲུག་ཅུ་རེ་གཅིག་གི་ལམ་ནས་བརྩམས་པའི་སྙན་ངག་ཆེན་པོའམ་སྙན་ངག་རིང་པོ་ཞིག་ཡིན། ཚིག་སྦྱོར་ཕུན་སུམ་ཚོགས་ལ་སྙན་ངག་གི་དབྱངས་འགྲོས་ཤིན་ཏུ་གསལ་ཞིང་། སྡེབ་སྦྱོར་དང་སྙན་རོ་འདོན་སྟངས། རྟོག་ཡུལ་དང་ཡིད་བརྙན། སྒྱུ་རྩལ་མཚོན་སྟངས། ཚོར་བའི་ཁམས་སོགས་ལ་རྩོམ་པ་པོ་སྒེར་ངོས་ཀྱི་མི་ཚེའི་ལྟ་ཚུལ་དང་། རིག་གནས་ཤེས་བྱ། མཛེས་དཔྱོད་ཀྱི་རིན་ཐང་སོགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་དང་ལྗིད་ཚད་ཅིག་ལྡན། ནོར་བུ་ཁྱུང་བསྐྱུགས་ཀྱིས་སྙན་ངག་ནི་ཅི་ཞིག་ཡིན་པ་དང་། ཚོར་བ་ནི་ཅི་ཞིག་ཡིན་པ། ད་དུང་ཅི་ཞིག་ཇི་ལྟར་འབྲི་དགོས་པའི་དངོས་པོའི་གཤིས་ལུགས་དང་བདེན་པ་ངོ་སྤྲོད་བྱས་ཡོད།
3《ཉི་མ་ལྟ་བུའི་དགེ་བསྙེན—-འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱི་རྣམ་ཐར》ཤོག་ངོས 280 བྱོན། ཤེས་རབ་བསྟན་དར་གྱིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2024 ལོའི་པར་མ།
[ནང་དོན་གནད་བསྡུས] འདི་ནི་གོ་སླ་ཞིང་ཡིད་འཁུལ་བ། གནད་འདུས་པའི་འབྲོང་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱི་རྣམ་ཐར་གསར་བ་ཞིག་སྟེ། བཀའ་གདམས་གླེགས་བམ་དང་མཆིམས་ནམ་མཁའ་གྲགས་པའི་འབྲོམ་སྟོན་པའི་རྣམ་ཐར་དང་། སྣར་ཐང་གི་གདན་རབས་གསེར་ཕྲེང་། ལས་ཆེན་ཀུན་དགའ་རྒྱལ་མཚན་གྱི་བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ་སོགས་གཞིར་བཟུང་སྟེ། འབྲི་ཐབས་གསར་བ་བཀོལ་ནས་བྲིས་པ་ཞིག་རེད། འབྲོམ་ནི་དགེ་བསྙེན་ཞིག་ཡིན་མོད། ཁོང་ལྟ་བུའི་ཆོས་པ་ཞིག་ཧ་ཅང་དཀོན་པས་བོད་ཀྱི་གྲུབ་མཐའ་ཚང་མས་ཁོང་ལ་དགེ་བཤེས་འབྲོམ་ཞེས་འབོད། རྣམ་ཐར་འདིའི་ནང་ཁོང་གིས་སློབ་པ་བསླབ་གཉེར་མཛད་ཚུལ་དང་། སྒོས་སུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཚུལ་བཞིན་བསྟེན་ཏེ། མཁས་པའི་དབང་པོར་གྱུར་ཚུལ་དང་རྗེས་འཇུག་སློབ་བུ་བསྐྱངས་ཚུལ། རྭ་སྒྲེང་དགོན་པ་བཏབ་སྟེ། རྒྱལ་བསྟན་ཉིན་མོ་ལྟར་མཛད་ཚུལ་སོགས་ཅུང་རྒྱས་པར་གསུངས་ཡོད།
མཉམ་མེད་ཇོ་བོ་ཆེན་པོར་སློབ་མ་མཐའ་ཡས་པ་ཡོད་ཀྱང་། དེ་དག་ལས་ཇོ་བོའི་འཕྲིན་ལས་འདེགས་མཁན་གཙོ་བོ་ནི་འབྲོམ་ཡིན་ཏེ་རྗེ་བླ་མས། དེ་དག་གི་ནང་ནས་ཀྱང་བླ་མ་ཉིད་ཀྱི་འཕྲིན་ལས་རྒྱས་པར་བྱེད་པའི་རྒྱུད་འཛིན་ཆེན་པོ་ནི་སྒྲོལ་མས་ལུང་བསྟན་པའི་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས། ཞེས་གསུངས་པ་ལྟར་རོ། །
4《སྲིད་པ་དཔེའི་འཇིག་རྟེན—-སྐད་ཆ་དང་སྙན་ངག་གི་གབ་འགྲེལ་ཞིག》ཤོག་ངོས 367 བྱོན། འཇུ་སྐལ་བཟང་གིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2024 ལོའི་པར་མ།
[ནང་དོན་གནད་བསྡུས] དཔེ་ཆ་འདི་ནི་ལེའུ་གསུམ་གྱི་བདག་ཉིད་ཅན་ཞིག་སྟེ། ལེའུ་དང་པོར། དཔེ་སྟེ། གསང་བ་རང་ཤར་གྱི་མེ་ལོང་ཞེས་བྱ་ཞིང་། དེའང་བརྗོད་གཞི་མདོར་བསྟན་པ་དང་། དཔེའི་སྐོར་གྱི་རིག་པའི་གཞུང་ལུགས་ཞེས་ཚན་པ་ཆེན་པོ་གཉིས་སུ་ཕྱེས་ཤིང་། བརྗོད་གཞི་མདོར་བསྟན་པ་ལའང་དཔེའི་གོ་དོན་སོགས་དང་། དཔེར་འགོད་པའི་དགོས་པ། དཔེའི་རྣམ་གྲངས་བཅས་ཚན་ཆུང་གསུམ་དུ་ཕྱེས་འདུག
ལེའུ་གཉིས་པར། དཔེ་སྟེ། སྐད་ཆ་སྣམ་བུ་ཡི་རྒྱུ་སྤུན་ཞེས་བྱ་ཞིང་། དེའང་ང་ཚོའི་སྐད་ཆ་དང་། དཔེ་དང་སྐད་ཆ་ཞེས་ཚན་པ་ཆེན་པོ་གཉིས་སུ་ཕྱེས་ཡོད་ཅིང་། དེའང་ང་ཚོའི་སྐད་ཆ་ཞེས་པའི་ཚན་པར་ཡི་གེ་བཤད་པ་དང་། མིང་བཤད་པ། ཚིག་བཤད་པ། བརྗོད་པ་བཤད་པ་བཅས་ཚན་ཆུང་བཞི་རུ་ཕྱེས་འདུག
ལེའུ་གསུམ་པར། དཔེ་སྟེ། སྙན་ངག་ཟ་འོག་གི་ཐགས་རིས་ཞེས་བྱ་ཞིང་། དེའང་སྙན་ངག་གླེང་བ་དང་དཔེ་དང་སྙན་ངག་ཞེས་ཚན་པ་ཆེན་པོ་གཉིས་སུ་ཕྱེས་པ་དང་། དཔེ་དང་སྙན་ངག་ལའང་དཔེ་དང་སྲོལ་རྒྱུན་སྙན་ངག དེང་རབས་སྙན་ངག དཔེ་དང་དེང་རབས་སྙན་ངག་བཅས་ཚན་ཆུང་གསུམ་དུ་ཕྱེས་འདུག
དཔེ་དེབ་ཧྲིལ་བོའི་ངོས་ནས་བལྟས་ན་རྩོམ་པ་པོའི་རིག་ལམ་གསལ་ཞིང་། བརྗོད་བྱའི་དོན་རྣམས་ཕན་ཚུན་མ་འདྲེས་པར་རང་སྐྱ་ཐུབ་པའི་རིག་པའི་གཞུང་ལུགས་ཤིག་ཆགས་ཡོད་ཅིང་། རྗོད་བྱེད་ཚིག་གི་ངོས་ནས་ཀྱང་སྲོལ་རྒྱུན་དང་དེང་རབས་ཟུང་དུ་འབྲེལ་བའི་ཚིག་སྦྱོར་ཕུན་སུམ་ཚོགས་པ་ཞིག་དང་། ལྷག་པར་དུ་གནའ་དེང་དང་རྒྱལ་ཁབ་ཕྱི་ནང་གི་ཚད་མར་འཛིན་པའི་མཁས་དབང་དག་གི་ལེགས་བཤད་དང་རིག་པའི་སྡོམ་ཚིག་མང་པོ་ཞིག་ལུང་དུ་དྲངས་ཏེ། རང་གི་རིག་ལམ་བསྒྲུབ་ཡོད་པས་མིག་སྔའི་བོད་ཀྱི་རིག་གཞུང་གི་གར་སྟེགས་སུ་ལྗིད་ཏིག་ཏིག་གི་རྐང་རྗེས་གསལ་པོ་ཞིག་མངོན་པར་བཞག་འདུག
5《ཕོ་ཨ་ལོང་། ཕོ་ཨ་ལོང་》ཤོག་ངོས 178 བྱོན། རེ་རྐང་གླིང་གིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2024 ལོའི་པར་མ།
[ནང་དོན་གནད་བསྡུས] འདི་ནི་རེ་རྐང་གླིང་གི་སྙན་དེབ་གཉིས་པ་དེ་ཡིན། རེ་རྐང་གླིང་གིས“ཐེངས་འདིའི་སྙན་དེབ《ཕོ་ཨ་ལོང་། ཕོ་ཨ་ལོང་》ནི་བདག་ལ་མཚོན་ན་སྙན་ངག་གི་དག་ཞིང་སྟེ། སྨྲ་བསམ་བརྗོད་འདས་ཀྱི་ཡིད་ཀྱི་ལྗོངས་རྣམ་ཞིག་ཡིན་ཞེས་སྨྲ་བར་སྤོབས་སོ”ཞེས་སྨྲས་པ་ལྟར། སྙན་ངག་གི་སྒྲིག་གཞི་དང་བྱུང་རིམ། བརྩེ་བ་སོགས་ལ་དེ་འདྲའི་རྩལ་འདོན་བྱས་མེད་མོད། སྙན་ངག་གི་རྟོག་ཡུལ་དང་མཚོན་དོན། དབྱངས་འགྲོས་བཅས་ལ་ཁ་དོག་སྣ་ཚོགས་པའི་རི་མོའི་རང་བཞིན་ཞིག་མངོན་པར་ཐོན་འདུག་སྙམ། སྙན་ངག་པས་ཡིད་བརྙན་ཁོ་ན་གཙོ་བོར་བཟུང་སྟེ་སེམས་ཀྱི་ཟུར་ངོས་གང་རུང་ཞིག་གམ། ཡིད་ཀྱི་ལྗོངས་རྣམ་ཞིག་ལ་དམིགས་པ་རྩེ་གཅིག་ཏུ་གཏད་འདུག
སྐྱབས་ཆེན་བདེ་གྲོལ་གྱིས་གླེང་གཞི་རུ་བསྟན་པ་ལྟར། “སྙན་དེབ《ཕོ་ཨ་ལོང་། ཕོ་ཨ་ལོང་》གི་མགོ་མཇུག་བར་གསུམ་དུ་གསིག་ལྡེམ་རོལ་མོའི་གླུ་གཞས་ཆེད་ཚོགས་ཤིག་དང་འདྲ་བས། དེས་མགོ་ནས་མཇུག་བར་དུ་ཁྱོད་ཀྱི་གློ་སྙིང་མཆིན་གསུམ་ལ་ན་ཟུག་གཏོང་ཞིང་རྩིབ་སྲུབས་ལ་མེ་སྦར་ཏེ་ཀླད་རྩར་གཏར་ཁ་བྱེད་པས་ཁྱོད་རང་ལུས་སེམས་གཉིས་ཉོབ་པོར་གྱུར་ཏེ། ཅི་བྱེད་ཆ་མ་འཚལ་བའི་སྐབས་སུ་སེམས་ལ་ངར་ལང་བྱེད་ཀྱི་སྙན་ངག་གི་བཏུང་བ་འདི་ལན་ཅིག་འཐུངས་ཚེ་སྐྱ་ཟད་སྔོ་རྡུགས་སུ་སྣང་བའི་འཇིག་རྟེན་དེ་ཁྱོད་ཀྱི་སྣང་ངོ་ནས་དར་ཅིག་ཚོན་མདངས་དང་གསོན་ཤུགས་ལྡན་པ་ཞིག་ཏུ་འགྱུར་ངེས་སྙམ”ཞེས་པ་ལྟར། ཁྱེད་ཀྱིས་དལ་མོར་ཀློག་དང་ཚོར་བ་འདི་ཁྱོད་ཀྱིས་ཅིས་ཀྱང་རྙེད་ངེས་ཏེ། སྙན་དེབ་འདིའི་ནང་དུ་ཏག་ཏག་ཚོར་བ་དེ་འདྲ་ཞིག་གིས་ཁྱོད་ལ་བསྒུག་ནས་ཡོད་དོ། །
6《མ་རིག་པའི་མིག མུན་སེལ་གྱི་སེམས》ཤོག་ངོས 207 བྱོན། ཉི་མ་དབང་འདུས་ཀྱི་ངག་བརྗོད་ལོ་རྒྱུས། ཡི་གེ་བ་བློ་བཟང་དགེ་ལེགས། པར་ལེན་པ་ཁྲེ་ཀང་། བོད་ལྗོངས་བོད་ཡིག་གནའ་དཔེ་དཔེ་རྙིང་དཔེ་སྐྲུན་ཁང་། 2025 ལོའི་པར་མ།
[ནང་དོན་གནད་བསྡུས] འདི་ནི་ལོང་བ་ཞིག་གི་ངག་བརྗོད་ལོ་རྒྱུས་ཏེ། ལོང་བར་གྱུར་ཀྱང་འཇིག་རྟེན་གྱི་བདེ་སྐྱིད་དང་འོད་སྣང་མཐོང་ཆེད་དུ་མི་ཚེའི་དཀས་སྡུག་སྣ་ཚོགས་ཁྱད་དུ་བསད་དེ། མཐའ་ཡས་ཤིང་འཇིགས་སུ་རུང་བའི་མུན་ནག་གདོང་གིས་བསུས་ཡོང་བའི་ཁམས་པའི་ཕོ་རྒོད་ཉི་མ་དབང་འདུས་ལགས་ཀྱི་ལོ་རྒྱུས་རང་ཡིན། ཁོང་ནི་བོད་སྐད་དང་རྒྱ་སྐད། དབྱིན་སྐད་བཅས་བྱང་ཆུབ་པའི་ལྷ་སའི་ལོང་བའི་སློབ་གྲྭའི་སློབ་གཙོ་ཡིན་ལ། ཡར་སྐུལ་གཏམ་བཤད་མཁས་ཅན་དང་། TED ཐོག་གཏམ་བཤད་སྤེལ་མཁན་གྱི་བོད་རིགས་ཐོག་མ་རེད། ལོ་ངོ་བཅུའི་རིང་ལོང་བའི་སློབ་གྲྭའི་སློབ་གཙོའི་འགན་བཞེས་པ་དང་། བྱིས་པ་ལོང་བ་བརྒྱ་ཕྲག་གི་སེམས་ཤུགས་གསོ་འཕེལ་གནང་མཁན། མི་དམངས་ཉིན་རེའི་ཚགས་པར་གྱི་མི་བརྒྱ་ཡི་ཀྲུང་གོའི་ཕུགས་འདུན་གཞི་རིམ་གྱི་དྲང་ནུས་བརྒྱུད་སྤྲོད་མི་སྣའི་གྲས་སུ་ཚུད་ནས་ཚགས་པར་ཐོག་བཀོལ་མྱོང་། དེ་སྔོན་ཆིང་ཧྭ་སློབ་ཆེན་དང་། ཀྲུང་གོ་མི་དམངས་སློབ་ཆེན། ཧ་ཧྥུའུ་གཙུག་ལག་སློབ་ཆེན། ཁོ་ལོམ་པི་ཡའི་སློབ་ཆེན་སོགས་གྲགས་ཅན་སློབ་གྲྭ་ཁག་གིས་གདན་ཞུས་ལྟར་གཏམ་བཤད་སྤེལ་མྱོང་། ཁོས་ནམ་ཡང་“མིག་གིས་མ་མཐོང་བ་ནི་ངའི་ཁྱད་ཆོས་ཡིན་པ་ལས་ཞན་ཆ་མ་ཡིན”ཟེར།
7《ཉི་ཁྲི》༼ཨ༽ཤོག་ངོས 891 བྱོན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བཀའ་བསྟན་དཔེ་སྡུར་ཁང་གིས་དཔེ་སྒྲིག་ཞུས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2012 ལོའི་པར་མ།
[ནང་དོན་གནད་བསྡུས] གཞུང་འདིའི་མཚན་བྱང་རྒྱས་པར《ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་བ་བཞུགས་སོ།།》ཞེས་ཞུ་ཞིང་། བསྡོམས་པས་ལེའུ་བདུན་ཅུ་རྩ་དྲུག་བཞུགས།
ནང་དོན་གཙོ་བོ་ནི་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་འཇིག་རྟེན་གྱི་ཁམས་ཀྱི་འདས་པ་དང་། མ་བྱོན་པ་དང་། ད་ལྟར་གྱི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱིས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་བློབ་སྦྱོང་བྱས་ཚུལ་དང་ཉམས་ལེན་བྱས་ཚུལ། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལམ་ལ་སློབ་པ་དང་། དེ་ལ་ཇི་ལྟར་འཇུག་པའི་ཚུལ་སོགས་རྒྱས་པར་གསུངས་ཡོད།
8 《དྲི་མེད་གྲགས་པའི་མདོའི་ངོ་སྤྲོད།—-སྐྱེས་བུ་དམ་པ་ཞིག་བསྙུན་གྱིས་མནར་ཏེ་མལ་དུ་ལྷུངས་པ》ཤོག་ངོས 199 བྱོན། རྫོང་སར་མཁྱེན་བརྩེ་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་མཛད། ས་དཀར་ཞུ་ཆེན་གྱིས་བོད་ཡིག་ཏུ་བསྒྱུར། ཀྲུང་གོའི་བོད་རིག་པ་དཔེ་ཀྲུན་ཁང་། 2025 ལོའི་པར་མ།
[ནང་དོན་གནད་བསྡུས] མདོ་འདིའི་མཚན་ལ«འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ»ཟེར། དེ་ནི་ལོ་ངོ་ཉིས་སྟོང་ལྔ་བརྒྱ་ལྷག་གི་ཡར་སྔོན་དུ་གནས་མཆོག་ཡངས་པ་ཅན་གྱི་སྐྱེས་བུ་དམ་པ་དགེ་བསྙེན་གྱི་རྟེན་དུ་མཆིས་ཤིང་འཇིག་རྟེན་མཁྱེན་པ་ཁོང་གི་འཁོར་རྣམ་བཞིར་གཏོགས་པའི་བག་མེད་རྒྱས་སྤྲོས་ལ་སྤྱོད་པའི་ཁྱིམ་པ་པ་ཞིག་དང་འབྲེལ་བ་ཡོད། ཁོང་གི་མཚན་ལ་ལི་ཙ་བཱི་དྲི་མ་མེད་པར་གྲགས་ཤིང་ཁོང་ནི་རྒྱུ་ནོར་ལོངས་སྤྱོད་ཕུན་སུམ་ཚོགས་ལ་རྒྱས་སྤྲོས་ཀྱི་འཚོ་བ་ལ་དགའ་ཞིང་། སྲོལ་རྒྱུན་ཁྱིམ་པའི་ལུགས་དང་མི་མཚུངས་པའི་བཟའ་ཟླ་དུ་མ་ཡོད་པ་མ་ཟད། ད་དུང་ཁྱིམ་པ་ཚུལ་ལྡན་ཞིག་ཀྱང་མ་ཡིན་པས་དེ་འདྲའི་སྐབས་ཀྱི་སྤྱི་ཚོགས་སུ་ཁོང་ལ་གུས་བཀུར་འཐོབ་མི་སྲིད་པ་སྨོས་ཅི་དགོས།
དྲི་མེད་གྲགས་པའི་མདོ་ཡི་གླེང་གཞི་བྱུང་སའི་གནས་ནི་གནས་མཆོག་ཡངས་པ་ཅན་དང་སྐྱེད་ཚལ་ཉམས་དགའ་བ་ཨ་མྲའི་ཚལ་དུ་ཆགས་ཡོད།
འོན་ཀྱང་ཆོས་ཀྱི་བགྲོ་གླེང་མཛད་པའི་ཆོས་གྲོགས་ཉན་ཐོས་རྣམས་རང་གི་ཆོས་གྲོགས་ལི་ཙ་བཱི་དྲི་མེད་གྲགས་པ་བསྙུན་གྱིས་མནར་བ་ལ་བསྙུན་འདྲི་བྱེད་པར་འཇིག་རྟེན་མཁྱེན་པ་ཁོང་གིས་རེ་བསྐུལ་བྱས་ཀྱང་ཕེབས་ཀྱི་མེད་པ་མ་ཟད། འཇིག་རྟེན་མཁྱེན་པ་ཁོང་གི་གསུང་ཚིག་གཅིག་ལའང་ཡིད་གཉིས་ཀྱི་ཐེ་ཚོམ་མེད་པར་འཕྲལ་དུ་ལག་ལེན་ལ་སྦྱོར་བའི་ཉན་ཐོས་ཤཱ་རིའི་བུ་ཡང་ཕེབས་ཀྱི་མེད། ཁོང་རྣམས་ཀྱང་དྲི་མེད་གྲགས་པར་ཐོག་མར་མཇལ་དུས་ཁོ་ཚོ་ཚང་མ་ངོ་ཚར་གཏད་པའམ་ཕོག་ཐུག་བཟོས་པའི་གཏམ་རྒྱུད་རེ་བཤད་རྒྱུ་ཡོད།
ཡིན་ཡང་འཇམ་དཔལ་དབྱངས་ཀྱིས་དེ་མ་ཐག་དྲི་མེད་གྲགས་པར་བསྙུན་འདྲི་བར་ཞལ་གྱིས་བཞེས་ཤིང་དྲི་མེད་གྲགས་པ་དང་མཉམ་དུ་ཡངས་པ་ཅན་དང་ཨ་མྲའི་ཚལ་ནས་གཉིས་འཛིན་གྱི་འཆིང་བ་ལས་གྲོལ་བའི་སྐོར་སོགས་ཀྱི་ཟབ་ཅིང་བརླིང་བའི་ཆོས་ཀྱི་བགྲོ་གླེང་མཛད་ཚུལ་ཅུང་རྒྱས་པར་བཀོད་ཡོད།
9 《ནོར་ནག་གི་བསྟན་བཅོས་སྲིད་པ་གནག་གི་བམ་པོ》ཤོག་ངོས 306 བྱོན། བ་རོད་བློ་གྲོས་རྣམ་རྒྱལ་གྱིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2024 ལོའི་པར་མ།
[ནང་དོན་གནད་བསྡུས] དེབ་འདིའི་མིང་གཞན་ལ《གཅིག་སྒྲིལ་ནོར་ནག་ལོ་རྒྱུས་དེབ་ཐེར》ཡང་ཟེར། གཙོ་བོ་གཅིག་སྒྲིལ་རྫོང་ལྟེ་བར་བཟུང་སྟེ། ནོར་ནག་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་དང་ཞིབ་འཇུག་བྱས་པ་ཞིག་རེད།
སྤྱིར་ནོར་ནག་ནག་གི་བྱུང་བའི་སྐོར་དང་། འབྲོང་དང་ནོར་ནག་གི་ཁྱབ་ཁོངས། ནོར་ནག་དང་འབྲེལ་བའི་བྲག་བརྐོས་རི་མོ་དང་། འགྱུར་རྡོ། རྨ་ཆུའི་འབབ་རྒྱུད་ཀྱི་འབྲོག་སྡེ། རྨ་ཡུལ་སྟོད་སྨད་བར་གསུམ་དུ་གྲགས་པའི་འབྲོག་སྡེའི་བྱུང་བའི་སྐོར། ནོར་ནག་གི་གཟུགས་གཞིའི་སྐོར་དང་སྤྱོད་སྒོའི་སྐོར་སོགས་ཞིབ་རྒྱས་ཀྱིས་བཀྲལ་ཡོད་པར་མ་ཟད། མཇུག་ཏུ་གཅིག་སྒྲིལ་རྫོང་གི་ནོར་ནག་གི་སྐོར་ལ་ཆེད་དུ་ས་བཅད་གཅིག་འདུག
དེབ་འདིས་ཧ་ལམ་ལོ་ངོ་ས་ཡ་གཉིས་ཀྱི་ཡར་སྔོན་དུ་ཡ་གླིང་གི་ཟོག་རྒྱུད་ཆེན་པོ་བདུན་བྱུང་ཞིང་། སྤྱི་ལོ་སྔོན་གྱི་ལོ་ངོ་ 6500 ཡས་མས་ནས་སྲོག་ཆགས་དེ་རིགས་གཡུང་དུ་བཏུལ་བའི་འགོ་བརྩམས་པ་དང་། འབྲོང་རྒོད་མ་བཏུལ་བའི་ཡར་སྔོན་མདོ་དབུས་མཐོ་སྒང་གི་འབྲོག་པས་འབྲོང་ལས་ཆུང་བའི་རྨིག་དཔྲག་རི་དྭགས་གླ་དང་རྒོ་བ། གླང་སོགས། ར་དང་ལུག གླང་སོགས་སུ་བཏུལ་བའི་སྐོར་ངག་རྒྱུན་མང་པོ་གླེང་རྒྱུ་ཡོད་ལ། དམངས་ཁྲོད་ཀྱི་མེས་པོ་རྒན་པ་ཚོར་ཞིབ་ཏུ་དྲིས་ཚེ། འགྲོ་བ་མིས་རང་གི་ཁ་རྒྱབ་ཀྱི་ཆེད་དུ་རི་དྭགས་སྣ་ཚོགས་ལ་རྔོན་བྱས་པའི་ཉམས་མྱོང་གི་སྟེང་ནས་ར་མ་དང་། འབྲོག་ལུག བ་གླང་། རྟ། ཁྱི་སོགས་བཏུལ། རིམ་བཞིན་རྒོད་པོ་འབྲོང་ལ་རྔོན་བརྒྱབ། བཏུལ་ཐུབ་པ་གཡུང་དུ་ཕབ། མ་ཐུབ་པ་མདའ་དང་དཔྱངས་ལ་འཕང་ནས་བསད། དུས་དེ་ནས་མགོ་ནག་མིས་འབྲོང་རྒོད་བཏུལ་བའི་དུས་རབས་ཟེར་ཞེས་སྲིད་པའི་གཏམ་གྱི་སྦྱོར་བ་དངོས་སུ་བཤམས་ཡོད་དོ། །
10 སྒྲུང་གཏམ།《སྟག་མོ་རོང་གི་ཟམ་པ》ཤོག་ངོས 307 བྱོན། མི་ལ་ཙི་ཙིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2024 ལོའི་པར་མ།
[ནང་དོན་གནད་བསྡུས] དེབ་འདིའི་ནང་དུ་བསྡོམས་པས་སྒྲུང་ཐུང་དགུ་བསྡུས་འདུག སྒྲུང་ཐུང་དེ་དག་ལ་འཚོ་བ་དངོས་ཀྱི་བྲོ་བས་ཕྱུག་ཅིང་། ཚིག་སྦྱོར་ཕུན་སུམ་ཚོགས་ལ་སྒྲུང་ཐུང་རེ་རེའི་རྩོམ་ཉམས་ཀྱང་མི་འདྲ་བ་སྣ་ཚོགས་སུ་སྣང་། ལྷག་པར་དུ་དངོས་ཡོད་རིང་ལུགས་ཀྱི་འབྲི་ཐབས་དང་འཆར་ཡན་རིང་ལུགས། སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་སོགས་གང་ལ་གང་འཚམས་རེ་བཀོད་འདུག སྒྲུང་གཏམ་སྤྱིའི་ཆ་ནས་བཤད་ན་སྒྲུང་གཏམ་གྱི་བརྗོད་བྱ་དེ་བོད་རང་ས་ཁོ་ན་མིན་པར་མཐའ་རྒྱ་ཆོད་ཡོད་ཅིང་། སྒྲིག་གཞི་ལ་རང་སྐྱ་ཐུབ་པའི་ཁྱད་ཆོས་འདུག་ལ། སྐད་ཆའི་སྒྱུ་རྩལ་ཐད་ཁ་མཚར་ནག་པོ་སོགས་དུས་རབས་ཤིག་དང་རིག་གནས་ཤིག་གི་གནས་སྟངས་མངོན་པར་མཚོན་འདུག་སྙམ།
11 སྒྲུང་གཏམ།《བདེ་སྤྱོད་དང་ལུས་དེད》ཤོག་ངོས 169 བྱོན། རིག་ལྡན་རྒྱ་མཚོས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2024 ལོའི་པར་མ།
[ནང་དོན་གནད་བསྡུས] འདི་ནི་སྒྱུ་འཕྲུལ་བརྩམས་སྒྲུང་ཞིག་ཡིན། བརྩམས་སྒྲུང་འདིས་ཡུལ་དུས་གཏོར་ཏེ་འདུ་ཤེས་བརྗེ་སྤོར་གྱི་རྣམ་པས་གནའ་རབས་དང་དེང་རབས་ཀྱི་གཏམ་རྒྱུད་ཟུང་འབྲེལ་གྱིས་ཁྱད་མཚར་གྱི་མི་སྣ་ཞིག་བཞེངས་བསྐྲུན་བྱས་ཏེ། ཁྱད་མཚར་གྱི་འཕྲུལ་སྣང་དང་གནའ་བོའི་བྷོད་དང་ཐང་གི་བརྗོད་བྱ་སྲོག་ཏུ་བྱས་ཏེ། རྒྱ་བཟའ་ཀོང་ཇོ་བོད་དུ་ཕེབས་པའི་ལོ་རྒྱུས་ཡིག་ཚངས་དང་། ཐང་གི་རྒྱལ་རབས་ལོ་རྒྱུས། ཡིག་ཚངས་སོགས་ལ་གཞི་བཅོལ་ཞིང་། དེའི་སྟེང་རྩོམ་པ་པོ་རང་གི་མྱོང་ཚོར་བསྣན་ཏེ་བྲིས་པའི་མཚར་སྣང་ལྡན་པའི་སྒྲུང་རྩོམ་ཞིག་རེད།
མི་སྣ་བདེ་སྤྱོད་དང་ལུས་དེད་གཉིས་དུས་རབས་མི་འདྲ་བ་དང་མི་རིགས་མི་འདྲ་བའི་གཉིས་ཀྱི་མི་སྣ་ཡིན་ལ། ལུས་དེད་ནི་ལོ་རྒྱུས་མི་སྣ་དངོས་ཡིན་ཕྱིན། ཁོའི་བསམ་བློ་གཏོང་སྟངས་ལ་དུས་རབས་ཀྱི་དྲན་ཤེས་ཡོད་པ་གཞིར་བྱས། དེང་རབས་སྤྱི་ཚོགས་ཁྲོད་ཀྱི་མི་དང་མི་འདྲ་བ་དང་། རྒྱལ་སྲས་ཡིན་པས་དབང་ཤུགས་དང་རྩུབ་སྤྱོད་ཀྱི་ཆ་འདུས་པ། ད་དུང་སྔོན་ཐོན་གྱི་ལག་ཤེས་བདག་ཏུ་བཟུང་སྟེ་རང་གི་རྒྱལ་ཁབ་ཀྱི་མདུན་ལམ་ལ་ཧུར་བརྩོན་བསྐྱེད་པའི་ཕུགས་འདུན་གྱིས་ཁེངས་པར་བྱས། ཡིན་ཡང་བདེ་སྤྱོད་ལ་མཚོན་ན། དེང་རབས་དཔལ་ཡོན་གྱི་ཁྲོད་ནས་ནར་སོན་པའི་གསོན་ཤུགས་ཀྱིས་ཁེངས་ཤིང་། འཚོ་བར་ཀུ་ཡངས་ཀྱི་འདུ་ཤེས་དང་མི་ལ་དཀྱེལ་ཡངས་ཀྱི་བསམ་བློ་བཅངས་ཏེ། འཇིག་རྟེན་ནི་འགྲན་རྩོད་མེད་པའི་ཞི་འཇགས་ཀྱི་བསྟི་གནས་ཤིག་ཏུ་བསྐྲུན་འདོད་པ་དེ་རེད། མི་སྣ་འདི་གཉིས་ལ་དུས་རབ་དང་ཤེས་ཚད། འདུ་ཤེས་འཛིན་སྟངས་སོགས་ཀྱི་བར་ཐག་དང་ཁྱད་པར་ཡོད། མཐའ་མར་མི་སྣ་བདེ་སྤྱོད་ཀྱི་ཀླད་འཁྱོམ་ལེགས་པར་བཅོས་རྗེས། འདུ་ཤེས་ངོ་མ་ཕྱིར་སོ་སོའི་ལུས་སུ་ལོག་སྟེ། བདེ་ཐང་གིས་གནས་ཐུབ་པ་བྱུང་བ་རེད།
12《ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་སྐུ་བཅར་ཐུབ་བསྟན་ཀུན་འཕེལ་གྱི་ལོ་རྒྱུས》ཤོག་ངོས 210 བྱོན། བེར་ཚང་ཟླ་བས་བརྩམས། ཉི་མ་ཚེ་རིང་དང་ཚེ་བརྟན་རྡོ་རྗེས་བསྒྱུར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2025 ལོའི་པར་ཐེངས 3 པ།
[ནང་དོན་གནད་བསྡུས] སྤྱན་བསལ་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་སྐབས་སུ་གསར་དུ་དར་བའི་འབོད་སྲོལ་ཞིག་ཡིན་ལ། ཏཱ་ལའི་བླ་མས་གཅེས་སྐྱོང་ཆེན་པོ་ཐོབ་པའི་མི་ལ་ཆེད་དུ་འབོད། སྤྱན་གསལ་ཐུབ་བསྟན་ཀུན་ཕན་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་ཚེ་མཇུག་ལ་བློ་གཏད་བྱེད་སའི་མི་སྣ་གྲགས་ཆེན་ཞིག་ཡིན། ཁོང་ནི་ཞིང་བྲན་དཀྱུས་མ་ཞིག་གི་ཁྱིམ་ནས་སྐྱེས་པ་དང་། ལོ་བཅུ་གཉིས་སྐབས་སུ་བོད་ས་གནས་སྲིད་གཞུང་གིས་ཁོང་ནོར་བུ་གླིང་ཁར་ཡི་གེ་འབྲི་མཁན་དང་ལྡུམ་ར་ལྟ་མཁན་དུ་བསྡུས། རྗེས་སུ་རང་གི་འབད་བརྩོན་དང་ཤེས་རབ་ལ་བརྟེན་ནས་གཞན་ལས་འབུར་དུ་ཐོན་པས། ཏཱ་ལའི་བླ་མས་དོ་སྣང་དང་མཐོང་ཆེན་ཐོབ། དུས་ཚོད་རིམ་བཞིན་ཕྱིན་པ་དང་བསྟུན་ནས་ཁོང་ཏཱ་ལའི་བླ་མའི་སྐུ་བཅར་དུ་གྱུར་པ་མ་ཟད། ཏཱ་ལའི་བླ་མས་ཁོང་ལ་གནང་བའི་དབང་ཆ་ཇེ་ཆེར་ཕྱིན་པས། སྤྱན་བསལ་ཐུབ་བསྟན་ཀུན་འཕེལ་ཞེས་མིང་གྲགས་ཧ་ཅང་ཆེན་པོར་ཆགས་པས་ཁོང་གིས་བཀའ་ཤག་སྲིད་གཞུང་གི་བཀའ་རྒྱ་སོགས་ཀྱང་སྣང་མེད་དུ་བཞག
སྤྱི་ལོ 1933 ལོའི་སླ 10 པའི་ཚེས 30 ཉིན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ནོར་བུ་གླིང་ཁར་དགོངས་པ་ཆོས་དབྱིངས་སུ་ཐིམ། ཕྱིས་སུ་སྤྱན་བསལ་ཐུབ་བསྟན་ཀུན་འཕེལ་ལ་མ་ཉེས་ཁ་ཡོག་མང་པོ་ཐེབས་ཤིང་། སྤྱི་ལོ 1933 ལོའི་ཟླ 12 པའི་ཚེས 29 ཉིན་གྱི་དགུ་གཏོར་ཉིན་ལྷ་ས་ནས་མཐར་སྐྲོད་བཏང་ཞིང་། རིམ་བཞིན་ཀ་ལོན་སྦུག་ཏུ་གནས་གཡོལ་སོགས་ཀྱི་འཚོ་བ་ངན་ངོན་རོལ།
ཀ་ལི་ཀ་ཏར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་རོགས་རམ་འོག སྤྱི་ལོ 1946 ལོར། གོ་མིན་ཏང་ཀྲུང་དབྱངས་སྲིད་གཞུང་གི་གནས་ཡུལ་ནན་ཅིན་ཏུ་འབྱོར། ཚེ་མཇུག་ཀྲུང་གོ་གུང་ཁྲན་ཏང་གི་ལས་དོན་ལ་ཧུར་ཐག་འབད་ཐག་བྱས་ཤིང་། བོད་ཞི་བའི་བཅིངས་འགྲོལ་གཏོང་བའི་དུས་འགོར། བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། བོད་རང་སྐྱོང་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་གི་དབུ་ཁྲིད་དང་འབྲེལ་བ་ཟབ་མོ་རྒྱུན་འཁྱོངས་བྱས་ཤིང་། བོད་དམག་ཁུལ་ཁང་གི་སློབ་གྲྭ་འཛུགས་གཉེར་དང་། ཁམས་བོད་གཞུང་ལམ་སྐྲུན་དུས་འབྲུ་རིགས་ཉོ་སྒྲུབ། བོད་ལྗོངས་ས་གཤིས་རྩད་ཞིབ་དང་། དེ་བཞིན་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་སོགས་ལ་མངོན་གསལ་དོད་པའི་བྱ་བ་མང་པོ་བསྒྲུབ་པ་དང་། སྤྱི་ལོ 1964 ལོར་སྟབས་མ་ལེགས་པར་ཚེ་ལས་འདས།
13 《འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་བཞུགས་སོ》ཤོག་ངོས 723 བྱོན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བཀའ་བསྟན་དཔེ་སྡུར་ཁང་གིས་དཔེ་སྒྲིག་ཞུས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2019 ལོའི་པར་མ།
[ནང་དོན་གནད་བསྡུས] འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལ་བསྡོམས་པའི་བམ་པོ་ཉེར་བཞི་དང་། ལེའུ་སུམ་ཅུ་རྩ་གཉིས་བཞུགས།
ནང་དོན་གཙོ་བོ་ནི་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལམ་ལ་བློ་སྦྱོང་ཚུལ་དང་སློབ་གཉེར་བྱེད་ཚུལ་རྒྱས་པར་གསུངས་ཡོད།
14 《ཚེ་རིང་དོན་གྲུབ་ཀྱི་ཐོལ་རྩོམ་བདམས་བསྒྲིགས》ཤོག་ངོས 213 བྱོན། ཚེ་རིང་དོན་གྲུབ་ཀྱིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2025 ལོའི་པར་མ།
[ནང་དོན་གནད་བསྡུས] དེབ་འདིའི་ནང་དུ་བསྡོམས་པས་ཚེ་རིང་དོན་གྲུབ་ཀྱི་ཐོལ་རྩོམ་ཁག་སོ་བཞི་བསྡུས་འདུག ཁོང་གི་ཐོལ་རྩོམ་ཁག་ལ་དངོས་ཡོད་འཚོ་བ་དང་སྒྱུ་རྩལ་ཕུན་སུམ་ཚོགས་པར་མ་ཟད། ཚིག་སྦྱོར་སྙན་ཞིང་མཛེས་ལ་བབ་ཆགས་པས་མེ་ཏོག་རྣམ་པར་བཀྲ་བའི་རྩྭ་ཐང་དུ་དྭངས་གསལ་གྱི་ཆུ་བོ་ཞིག་ལྷོད་ཀྱིས་བཞུར་བ་དང་མཚུངས། དེ་བས་ཀྱང་《ཥ་ཤིས་ཀར་གྱི་ཐན་ཐུན》དང་《ལྷོ་བོད་ཟིན་ཐོ》སོགས་ལ་ལོ་རྒྱུས་མིའི་རིགས་རིག་པའི་མཐོང་སྣེ་ནས་དངོས་ཡོད་ལོ་རྒྱུས་ཀྱི་རྒྱུ་ཆས་ཕྱུག་ཅིང་།《ང་ཡི་དཔེ་ཀློག་དང་གསར་རྩོམ》དང་《ངའི་གསར་རྩོམ་གྱི་བརྒྱུད་རིམ《ང་ཚོས་གཞན་ལས་ཀྱང་འབད་བརྩོན་བྱ་དགོས》སོགས་ལ་རྩོམ་པ་པོ་ཞིག་གི་ནང་སེམས་ཀྱི་བཅོས་མིན་གྱི་སྐད་ཆ་གསོན་པོར་ཐོན་ཡོད་པས་སློབ་གསོའི་དོན་སྙིང་་ངེས་ཅན་ཞིག་ལྡན་པར་མ་ཟད། རྩོམ་འབྲིའི་ལས་ལ་དགའ་བ་དང་སྤྲོ་བ་ཡོད་པ་རྣམས་ལ་བསམ་པའི་རྒྱགས་ཕྱེ་ཕུན་སུམ་ཚོགས་པ་ཞིག་བསྩལ་འདུག
15《འཇུ་སྐལ་བཟང་གི་སྒྲུང་བརྗོད་སྙན་ངག་རིང་མོ》ཤོག་ངོས 179 བྱོན། འཇུ་སྐལ་བཟང་གིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2025 ལོའི་པར་མ།
[ནང་དོན་གནད་བསྡུས] གནའ་བོའི་གཏམ་རྒྱུད་རྒྱལ་བུ་ཤེས་རབ་དཔལ་དང་བསོད་ནམས་དཔལ་གཉིས་ལང་ཚོ་དར་ལ་བབས་པའི་སྐབས་ཤིག་ན། མ་གཡར་གྱི་གཡོ་སྒྱུའི་འོག་མྱི་ཁ་འཁོར་ཏེ་རྒྱང་ཕུད་དུ་བཏང་ཞིང་། ས་མཐའ་ནས་ས་མཐར་འཁྱམས་ཏེ་དཀའ་སྡུག་མང་པོ་མྱངས། མཐའ་མར་སྤུན་གཉིས་ཀྱིས་རང་རང་ས་ནས་རྒྱལ་སྲིད་བཟུང་བ་དང་། ཕུ་ནུ་ལྷན་འཛོམས་བྱུང་སྟེ་མངའ་འབངས་བདེ་སྐྱིད་ཀྱི་དཔལ་ལ་བཀོད་པའི་སྐོར་ཕུན་སུམ་ཚོགས་པའི་ཚིག་རྒྱན་དང་། རྨད་དུ་བྱུང་པའི་སྙན་ངག་གི་ཡིད་འགྱུར་སྣ་ཚོགས་ཀྱིས་རྒྱས་པར་སྤྲོས་ཡོད།
སྒྲུང་བརྗོད་སྙན་ངག་རིང་མོ་འདིའི་བརྗོད་བྱ་ནི་རྒྱ་རིགས་རིག་པ་སྨྲ་བ་ཝུའུ་ཁྲིང་ཙོང་ཞེས་པ་ཞིག་གི་ཟིན་ཐོ་ཞིག་དེ་སྔའི《སྦྲང་ཆར》གྱི་གཙོ་སྒྲིག་པ་རྒན་འགྱུར་མེད་ལགས་ཀྱིས་འཇུ་སྐལ་བཟང་ལ་སྤྲད་པ་དང་། སྙུགས་ཐོགས་པ་འཇུ་སྐལ་བཟང་གིས་གངས་ཅན་སྙན་ངག་གི་ལམ་ནས་ཀློག་པ་པོ་ཡོངས་ཀྱི་སྤྱན་སྔར་བསྟར་བ་འདི་ལགས་སོ།།
རྩོམ་སྒྲིག་པ། གངས་དགའ།
རྩོམ་ཁུངས། ངེད་དྲ་བ།

